དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་གཏོང་དགོས”ཞེས་པའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཧུར་ལེན་བྱེད་པ་དང་། ཏུན་ཧོང་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པ་སྔར་བས་ཞིབ་ཚགས་ཐོན་པ། ཏུན་ཧོང་རིག་པའི་ཞིབ་འཇུག་ལ་ཁ་ཕྱོགས་གསར་པ་དང་བསམ་ཕྱོགས་གསར་པ་བསྐྱེད་པ་བཅས་ཀྱི་ཆེད་དུ། ཏུན་ཧོང་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་དང་ཏུན་ཧོང་ཡིག་ཚང་ཞིབ་འཇུག་སུའོ་དང་ཚན་ཞིབ་དོ་དམ་ཁྲུའུ་ཡིས་མཉམ་དུ་འགན་གཉེར་བླངས་པའི“ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ”སྤྱི་ལོ2021ལོའི་ཟླ10པའི་ཚེས23-24ཉིན་བར་དྲ་ཐོག་ནས་བདེ་བླག་ངང་འཚོགས།
ཐེངས་འདིའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཐོག་ཆིང་ཧྭ་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཀྲུང་གོའི་མི་དམངས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། སི་ཁྲོན་སློབ་ཆེན། ལན་ཀྲུའུ་སློབ་ཆེན། ཉིང་ཞ་སློབ་ཆེན། ཀྲེ་ཅང་སློབ་ཆེན། བོད་ལྗོངས་སློབ་ཆེན། ཧུའོ་པེ་སློབ་ཆེན། ཧོ་པེ་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཧྲན་ཞི་དགེ་འོས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། བོད་ལྗོངས་གསོ་རིག་སློབ་ཆེན། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། པེ་ཅིང་གྱོན་གོས་སློབ་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། པེ་ཅིང་གོང་མའི་ཕོ་བྲང་རྟེན་མཛོད་ཁང་། མི་རིགས་རིག་གནས་ཕོ་བྲང་། པེ་ཅིང་བོད་སྨན་ཁང་། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་དཔེ་མཛོད་ཁང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་ཉིན་རེའི་ཚགས་པར། ཧི་མ་ལ་ཡའི་རིག་མཛོད་ཁང་། ཀན་སུའུ་ཞིང་ཆེན་གནའ་དཔྱོད་སུའོ། ཏུན་ཧོང་ཞིབ་འཇུག་གླིང་བཅས་ལས་ཁུངས32ཀྱི་ཆེད་མཁས་པ་དང་ཞིབ་འཇུག་སློབ་མ150ལྷག་ཚོགས་འདུར་ཞུགས།
ཐེངས་འདིའི་ཚོགས་ཆེན་གྱི་མཛད་སྒོའི་ཐོག་ཏུན་ཧོང་ཞིབ་འཇུག་གླིང་གི་མི་ཆོས་ཞིབ་འཇུག་ཁང་གི་འགོ་གཙོ་དབྱང་ཧྥུའུ་ཞུའོ་ལགས་ཀྱིས་མདོ་འཛིན་བྱས་ཤིང་། ཏུན་ཧོང་ཞིབ་འཇུག་གླིང་གི་གླིང་གཙོ་སུའུ་པོ་མེན་ལགས་ཀྱིས་གསུང་བཤད་གནང་། ཁོང་གིས2008ལོར་“ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་དང་པོ”བསྡུས་ཏེ་གྲུབ་འབྲས་ཆེན་པོ་བླངས་པར་ཕྱི་དྲན་བྱས་པ་མ་ཟད། བོད་བཙན་པོའི་དུས་ཀྱི་རིག་གནས་ནི་ཀྲུང་ཧྭའི་མི་རིགས་མང་བའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞིང་། ཁྱད་པར་དུ་དུས་རབས8-9སྐབས་སུ་རྒྱ་བོད་སོག་དག་སོགས་མི་རིགས་མང་པོ་ཏུན་ཧོང་ས་ཁུལ་ནས་མཉམ་དུ་འཆམ་མཐུན་འཚོ་བ་བསྐྱལ་ནས་རིག་གནས་དང་བསམ་བློ་རྣམས་ཕན་ཚུན་བརྗེ་རེས་དང་འབྲེལ་འདྲིས་བྱས། འདི་དག་གིས་ཏུན་ཧོང་ས་ཁུལ་གྱི་མི་རིགས་མང་པོ་ཕན་ཚུན་མཉམ་འདྲེས་དང་བརྗེ་རེས། དང་ལེན་བཅས་བྱུང་བའི་ལོ་རྒྱུས་ཤིག་ཆགས་པ་རེད། སུའུ་པོ་མེན་ལགས་ཀྱིས་ནན་གྱིས་བསྟན་དོན། 2019ལོའི་ཟླ8པའི་ཚེས19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཏུན་ཧོང་མའོ་ཀའོ་བྲག་ཕུག་ལ་རྟོག་ཞིབ་ཏུ་ཕེབས་པ་དང་། སྐབས་དེའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་གཏོང་དགོས་ཞེས་བཀའ་མོལ་བསྩལ། ལོ་རྒྱུས་ཀྱི་གོ་སྐབས་རྩ་ཆེན་པོ་འདི་ལ་བསྟུན་ནས། ཡང་བསྐྱར་“ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ”འཚོགས་པ་ཡིན་ལ། འདི་ནི་ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་ཞིབ་འཇུག་འཕེལ་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པའི་བྱ་འགུལ་ཞིག་ཏུ་མཐོང་བས། ཐེངས་འདིའི་ཚོགས་འདུ་བདེ་བླག་ངང་འཚོག་ཐུབ་པར་སྨོན་ཞེས་གསུངས།
ཐེངས་འདིའི་ཚོགས་འདུར་དཔྱད་རྩོམ78འདུས་ཤིང་། དེ་ལས་ཚོགས་མི55ཡིས་ཚོགས་འདུའི་སྟེང་དུ་བརྗོད་དོན་གཙོ་བོའི་དཔྱད་འབྲས་གཏམ་དཔྱད་དང་ཚོ་ཆུང་གི་དཔྱད་འབྲས་གཏམ་བཤད་གནང་བ་རེད། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚེ་རིང་ལགས་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སུའོ་ལོ་ཉིང་ལགས། ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་ཝང་ཏུང་ལགས་བཅས་ཀྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་།
སློབ་དཔོན་ཆེན་མོ་ཚེ་རིང་ལགས་ཀྱི་《ཏུན་ཧོང་གསང་སྔགས་ཡིག་ཚང་〈སྤྱན་འདྲེན་རྒྱུད་གསུམ་པ〉དང་འབྲེལ་ཡོད་མཆན་འགྲེལ་ཞིབ་འཇུག》ཞེས་པར། ཏུན་ཧོང་ཡིག་རྙིང་ 《སྤྱན་འདྲེན་རྒྱུད་གསུམ་པའི》ཉར་ཚགས་དང་དེའི་དཔེ་རྒྱུན་མི་འདྲ་བ་གསུམ་གྱི་གནས་ཚུལ་དང་། P.T.2ལས་བྱུང་བའི་《སྤྱན་འདྲེན་རྒྱུད་གསུམ་པ》ཡི་གྲུབ་ཚུལ་དང་ནང་དོན་སོགས་ངོ་སྤྲོད་གསལ་པོ་གནང་། དེ་ནས་《སྤྱན་འདྲེན་རྒྱུད་གསུམ་པའི》འགྲེལ་བ་ཡིག་ཚང་ཨང་རྟགས་ITJ 771པར་དཔྱད་གླེང་བྱས་ཏེ། ཡིག་ཚང་འདི་ནི་《སྤྱན་འདྲེན་རྒྱུད་གསུམ་པའི》འགྲེལ་བ་ཡིན་ནའང་། འདིར་བོད་རང་སའི་རིག་གནས་ཀྱི་གྲུབ་ཆ་དང་དུས་རབས་བཅུ་པའི་གསང་སྔགས་ཀྱི་གཞུང་ལུགས་ཁ་སྦྱོར་དུ་འདུས་པས། ཡིག་ཚང་འདིའི་ལོ་ཚིགས་ནི་《སྤྱན་འདྲེན་རྒྱུད་གསུམ་པ》ལས་འཕྱི་བ་སྟེ། 《སྤྱན་འདྲེན་རྒྱུད་གསུམ་པ》ནི་ ITJ 771པའི་གཞུང་ལས་བཏུས་ཏེ་གྲུབ་པའི་ལྟ་ཚུལ་ལ་དགག་པ་མ་ཟད། གནས་ཚུལ་འདི་ལ་གཞིགས་ནས་ཏུན་ཧོང་དང་བོད་ཀྱི་མངའ་རིས་ས་ཁུལ་རྒྱང་ཐག་རིང་ཡང་ཆོས་གཞུང་གཅིག་ཏུ་བྱེད་པས་འབྲེལ་འདྲིས་ངེས་ཅན་ཞིག་ཡོད་པ་མཚོན་ཐུབ་པར་བརྗོད།
སློབ་དཔོན་ཆེན་མོ་སུའོ་ལོ་ཉིང་ལགས་ཀྱི་《མི་ཉག་ནང་བསྟན་དང་རྒྱ་བོད་མཉམ་འདྲེས》ཞེས་པར། མི་ཉག་གི་རྒྱ་བོད་མཉམ་འདྲེས་ཕྱོགས་ཀྱི་འཐུས་ཚབ་དཔྱད་འབྲས་རྣམས་གླེང་བཞིན། ཡིག་ཆའི་ནང་དོན་དང་ནང་བསྟན་གྱི་བརྡ་ཆད། ཐ་སྙད་འདྲེས་མ་སོགས་ཀྱི་ཕྱོགས་ནས་མི་ཉག་ནང་བསྟན་ཁྲོད་དུ་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན་གཉིས་ཕན་ཚུན་གཅིག་ལ་གཅིག་འདྲེས་སུ་སྣང་ཞིང་། “རྒྱ་བོད་མཉམ་འདྲེས”ཀྱི་འཕེལ་ཕྱོགས་དེ་གཙོ་བོ་མི་ཉག་རང་སའི་ཡིག་ཚང་དང་འགྱུར་ཡིག་གི་ཁྲོད་དུ་གསལ་བ་རེད། དེ་ཡང་བྱེ་བྲག་ཏུ་བཤད་ན་རྒྱ་བརྒྱུད་ཕལ་ཆེན་པའི་ལུགས་ཡིན། བོད་བརྒྱུད་ནང་བསྟན་མི་ཉག་གི་དུས་མཇུག་ཏུ་ཁོང་ཚོའི་ནང་བསྟན་སྒྲིག་གཞི་རུ་ཚུད་པ་ནས་བཟུང་“རྒྱ་བོད་མཉམ་འདྲེས”དེ་མི་ཉག་ཆོས་འབྱུང་གི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད། འདི་ལས་མི་ཉག་ཆོས་འབྱུང་གི་རྒྱབ་ལྗོངས་ཁ་ཇེ་གསལ་དུ་འགྲོ་བར་ཕན་ཐོགས་པར་འདོད།
ཞིབ་འཇུག་པ་ཆེན་མོ་ཝང་ཏུང་ལགས་ཀྱི《ཏུན་ཧོང་ཡིག་རྙིང་〈སྤུ་རྒྱལ་བོད་ཀྱི་དམག་ཁྲིམས་ཡི་གེ〉ལས་མཐོང་བའི་མནངས་བགོ་ཚུལ་དང་བོད་ཆེན་པོའི་རྒྱུ་ནོར་བསམ་བློ་ཞིབ་འཇུག》ཞེས་པར། ཏུན་ཧོང་དང་ལི་ཡུལ་ནས་རྙེད་པའི་བོད་ཀྱི་ཡིག་རྙིང་འབོར་ཆེན་ལས་ཁྱིམ་ནོར་དང་ཚོང་ལས། མཆོད་ཡོན། གན་རྒྱ། དཔའ་བོའི་གཟེངས་བསྟོད་སོགས་གང་ཡིན་ཡང་བོད་ཀྱི་སྤྱི་ཚོགས་གྲལ་རིམ་གྱི་འཚོ་བའི་རེ་སྙེག་དང་རྒྱུ་ནོར་ལ་བཅངས་པའི་རྣམ་འགྱུར་གསལ་བོར་མཚོན་ནུས་པར་བསྟན།
ཚོ་ཆུང་གཏམ་བཤད་སྙན་ཞུ་ལ་ཁྱོན་བསྡོམས་ཆེད་མཁས་པ52ཡོད་པ་ཚོགས་ར་བཅུ་བཞིར་བགོས་ཏེ། ཚོགས་ར་དང་པོར་ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་ཝང་ཏུང་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཝང་ཞང་ཝེ་ལགས་ཀྱི་《ཏུན་ཧོང་ཡིག་རྙིངS.6064བསྐྱར་ཞིབ་དང་པའོ་ཨིན་ དགོན་པའི(报恩寺)དཔལ་འབྱོར་སྐོར་གྱི་གནད་དོན》ཞེས་པ་དང་། གསར་བརྗེ་ལགས་ཀྱི་《〈ཆོས་འཁོར་བསྐོར་བའི་མདོ〉ཡི་བྲིས་མའི་དཔེ་རྒྱུན་ལ་དཔྱད་པ》ཞེས་པ། ཁམས་འཚོ་སྐྱིད་ལགས་ཀྱི་《མའོ་ཀའོ་བྲག་ཕུག་ཨང160པའི་སྒོ་ཁའི་བོད་ཡིག་མཛད་བྱང་ལ་དཔྱད་པ》ཞེས་པ། ཝའེ་ཡུན་ཁྲོན་དང་མཱ་ཀྲིན་ཡིན་རྣམ་གཉིས་ཀྱི་《ཟུར་བསྟན་ལེབ་མཐོང་སྟེ། ས་འོག་ནས་རྙེད་པའི་རྡོ་བརྐོས་ཡི་གེ་ལས་ཁའེ་ཡོན་དུས་དཀྱིལ་དུ་ཐང་བོད་གཡུལ་ལས་བྱས་པའི་བྱུང་རིམ་འགའ་ཞིག་ལ་བརྟག་པ》ཞེས་པ་བཅས་ཡོད། ཚོགས་ར་གཉིས་པར་ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་ཁམས་འཚོ་སྐྱིད་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་སངས་རྒྱས་དོན་འགྲུབ་ལགས་ཀྱི་《ཏུན་ཧོང་ཡིག་རྙིང་ཁོ་ནའི་ཁྲོད་བཞུགས་པའི་〈ཚེ་མདོ〉བོད་འགྱུར་མ་I.T.J.308ཀྱི་འགྱུར་གྱི་མ་དཔེ་ལ་དཔྱད་པ》ཞེས་པ་དང་། རྡོ་རྗེ་དོན་འགྲུབ་དང་ཝུའུ་སི་སྨན་ཇུ་མེན་རྣམ་གཉིས་ཀྱི་《ཏུན་ཧོང་གཏེར་ཡིགP.T.0960ལས་བྱུང་བའི་ས་མིང་དང་རུས་མིང་དང་དེ་འབྲེལ་གྱི་གནད་དོན་སྐོར་གླེང་བ》ཞེས་པ། བློ་བཟང་དོན་གྲུབ་ལགས་ཀྱི་《ཏུན་ཧོང་བོད་འགྱུར་〈རྡོ་རྗེ་ཏིང་ངེ་འཛིན་གྱི་ཆོས་ཀྱི་ཡི་གེར〉རགས་ཙམ་དཔྱད་པ》ཞེས་པ། པདྨ་བཀྲ་ཤིས་ལགས་ཀྱི་《ཏུན་ཧོང་ཡིག་རྙིངP.T.1018ལས་བྱུང་བའི་གླེགས་ཤིང་བཟོ་ཚུལ་ལས་བོད་ཀྱི་དཔེ་རྙིང་གི་གླེགས་དཔེ་བཟོ་ཚུལ་ལ་དཔྱད་པ》ཞེས་པ་བཅས་ཡོད། ཚོགས་ར་གསུམ་པར་ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སུའོ་ལོ་ཉིང་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཧྲེན་ཝུའེ་རུང་་ལགས་ཀྱི་《ཆུ་ནག་མཁར་ནས་རྙེད་པའི་རྒྱ་འགྱུར་སྤྱན་རས་གཟིགས་ཡི་གེ་དྲུག་མའི་གཟུངས་སྒོམ་པའི་ཡིག་ཆའི་ཞིབ་འཇུག》ཅེས་པ་དང་། ལའོ་དབྱང་ལགས་ཀྱི་《བོད་བཙན་པོའི་དུས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ལས་རྣམ་པར་སྣང་མཛད་ཉེ་སྲས་བརྒྱད་ཀྱི་རི་མོར་བསྐྱར་དུ་གླེང་བ》ཞེས་པ། ཀྲང་ཁྲང་ཧོང་ལགས་ཀྱི་《ཉེ་སྲས་བརྒྱད་བསྐྱར་དུ་གླེང་བ》ཞེས་པ། ཀྲའོ་ཞའོ་ཞིན་ལགས་ཀྱི་《མའོ་ཀའོ་བྲག་ཕུག465ལ་བརྟེན་ནས་མི་ཉག་དུས་མཇུག་གི་བོད་བརྒྱུད་ནང་བསྟན་གླེང་བ་སྟེ། མི་ཉག་དུས་ཀྱི་བྲག་ཕུག་གི་གནའ་དཔྱད་དང་སྒྱུ་རྩལ་ཞིབ་འཇུག་ལས་ཁག་བདུན་པ》ཞེས་པ་བཅས་ཡོད། ཚོགས་ར་བཞི་པར་སི་ཁྲོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཀྲང་ཁྲང་ཧོང་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཀའོ་ཅུན་ཡེ་ལགས་ཀྱི་《མའོ་ཀའོ་བྲག་ཕུག་ཨང234དཀྱིལ་དབུས་ཀྱི་ལྡེར་བཟོ་དང་འབྲེལ་ཡོད་གནད་དོན་སྐོར་གླེང་བ》ཞེས་པ་དང་། ཁྲིན་སུའུ་ཡུས་ལགས་ཀྱི་《ལི་ཡུལ་གྱི་སྲུང་མ་བརྒྱད་ཀྱི་རི་མོའི་བྱུང་འཕེལ་ལ་བསྐྱར་དུ་དཔྱད་པ》ཞེས་པ། ཀྲའོ་ཡན་ལིན་ལགས་ཀྱི་《ཡིད་བརྙན་གྱི་བསྐྱར་དར—ཏུན་ཧོང་བོད་བཙན་པོའི་དུས་ཀྱི་དྲི་མེད་གྲགས་པའི་ཞུས་པའི་མདོ་ལས་བྱུང་བའི་རྗེ་བོའི་སྣང་བརྙན་རི་མོ་དང་དེའི་གྱོན་པའི་ཆ་ལུགས》ཞེས་པ་བཅས་ཡོད། ཚོགས་ར་ལྔ་པར་ ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ལའོ་དབྱང་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཅ་ཝེ་ཝེ་ལགས་ཀྱི་《ཤར་ཕྱོགས་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་དཀྱིལ་ཀའི་རི་མོ་ལ་གསར་དུ་དཔྱད་པ》ཞེས་པ་དང་། ཁྲང་ཧོང་ཧོང་ལགས་ཀྱི་《ཏུན་ཧོང་ས་ཁུལ་གྱི་མི་ཉག་དང་ཡོན་རྒྱལ་རབས་དུས་ཀྱི་འཇིགས་པ་བརྒྱད་སྐྱོབ་མའི་རི་མོ་ཞིབ་འཇུག》ཞེས་པ། ལུའུ་སུའུ་ཝུན་ལགས་ཀྱི་《རིས་ཡིག་ཁ་སྤྲོད་དུ་དཔྱད་པ—〈ངན་སོང་གི་མདོ〉དང་འབྲེལ་བའི་རི་མོ་བོད་ནས་རྙེད་པ་དང་དེའི་ཁྱབ་སྤེལ》ཞེས་པ། ཏུང་ཞིན་ཀྲིན་ལགས་ཀྱི《ཚལ་གུང་ཐང་གི་ཞེ་ས་ཆ་ནས་རྙེད་པའི་བྲག་བརྐོས་རི་མོ་དང་ཏུན་ཧོང་བར་གྱི་འབྲེལ་བ་གླེང་བ》ཞེས་པ་བཅས་ཡོད། ཚོགས་ར་དྲུག་པར་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྷ་མཆོག་རྒྱལ་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་སྒོ་མེ་ཚེ་དབང་རྣམ་རྒྱལ་ལགས་ཀྱི《ཧྥ་རན་སིར་ཉར་བའི་〈འཕགས་པ་ས་ལུ་ལྗང་པའི་མདོ〉ཡི་པར་གཞིའི་ལོ་ཚིགས་ཞིབ་འཇུག》ཅེས་པ་དང་། དཔའ་ཆེན་རྡོ་རྗེ་ལགས་ཀྱི《གུ་གེའི་གཏེར་ཡིག་བྲག་ཁུང་ནས་རྙེད་པའི་བོད་ཀྱི་ཡིག་རྙིང་དང་ཏུན་ཧོང་ཡིག་རྙིང་བར་གྱི་ཐོག་མའི་གཤིབ་བསྡུར》ཞེས་པ། ཤ་བོ་རབ་བརྟན་ལགས་ཀྱི《“གཅིག་མིན་ཐ་དད” —ཏུན་ཧོང་ཡིག་རྙིང་〈སེམས་ཙམ་པའི་བསྟོད་པ་སུམ་ཅུ་བ〉འགྱུར་གཉིས་ཀྱི་གཤིབ་བསྡུར》ཞེས་པ་བཅས་ཡོད། ཚོགས་ར་བདུན་པར་ཝེ་ཡུན་ཁྲོན་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ལིག་དབྱིན་ཧྭ་དང་ཀའོ་ཡུན། དབྱང་པའོ་གཡུ་བཅས་ཀྱི་ 《ཏུན་ཧོང་ཡིག་རྙིང་〈ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་མདོ〉དང་〈སོག་རུས་ཀྱི་མོ་དཔེ་བྲིས་མ〉ཤོག་དྲིལ་ཁ་སྦྱོར་མཉམ་སྦྱོར་འཇུག——ITJ 763དངP.T.1047གཉིས་དཀྱུས་སུ་བཟུང་སྟེ་དཔྱད་པ》ཞེས་པ། ཀྲང་ཞུ་དང་དབྱང་མེན་ལགས་ཀྱི《ངན་ལམ་སྟག་སྒྲ་ཀླུ་ཁོང་གི་མི་ཚེའི་མཛད་པ་ལ་དཔྱད་པ》ཞེས་པ། ཆུས་གཡུ་ལི་དང་དབྱང་ཧྥུའུ་ཞའོ་ལགས་ཀྱི་《〈ལིའི་བང་སོའི་འགྱུར་ཡིག〉ལ་གཞིགས་ནས་ཏུན་ཧོང་བོད་དུ་ཤོར་བའི་སྐབས་ཀྱི་རིག་གནས་སྣ་མང་གདོང་ཐུག་དང་མཉམ་འདྲེས་བྱུང་བར་དཔྱད་པ》ཞེས་པ། ཝེ་ཅན་ཕིང་ལགས་ཀྱི《ཏུན་ཧོང་ཡིག་རྙིང་〈དྲི་མེད་གྲགས་པས་ཞུས་པའི་མདོ〉ཡི་བཤུས་དཔེར་དཔྱད་པ》ཞེས་པ་བཅས་ཡོད། ཚོགས་ར་བརྒྱད་པར་བོད་ལྗོངས་དཔེ་མཛོད་ཁང་གི་སློབ་དཔོན་ཆེན་མོ་པདྨ་བཀྲ་ཤིས་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ལྷ་མཆོག་རྒྱལ་ལགས་ཀྱི་《དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་ཡིག་རྙིངITJ754དང་དུས་རབས་དགུ་པ་ནས་བཅུ་པའི་སྐབས་ཀྱི་ཐང་བོད་འབྲེལ་བ་གླེང་བ》ཞེས་པ་དང་། ལྕེ་ནག་ཚང་ཧཱྃ་ཆེན་ལགས་ཀྱི《རེབ་ཀོང་སྔགས་མང་གི་ལོ་རྒྱུས་ངག་རྒྱུན་དང་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་སྒྲུབ་བྱེད》ཅེས་པ། ཀུན་དགའ་ཡེ་ཤེས་ལགས་ཀྱི《ཏུན་ཧོང་ནང་ཐོན་པའི་བོད་ཡིག་ཡིག་རྙིང་དང་བོད་ལྗོངས་ལྷོ་ཁ་ས་ཁུལ་ནས་རྙེད་པའི་བོན་གྱི་ལག་བྲིས་ཡིག་རྙིང་བསྡུར་ཏེ་དཔྱད་པ》ཞེས་པ་བཅས་ཡོད། ཚོགས་ར་དགུ་པར་ཆིང་ཧྭ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྲེན་ཝུའེ་རུང་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཚོས་ཧུང་ཧྥུན་ལགས་ཀྱི《ཏང་ཞང་དང་བོད་ཀྱི་འབྱུང་ཁུངས་ཀྱི་ངོས་ནས་བོད་བརྒྱུད་ནང་བསྟན་མི་ཉག་ལ་དར་བའི་དུས་ལ་བརྟག་པ》ཞེས་པ་དང་། ཏོན་ཡུས་ཆོན་ལགས་ཀྱི《མི་ཉག་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས〈རྒྱལ་པོ་བཅུའི་མདོར〉དཔྱད་པ——ཞོར་དུ་ཏུན་ཧོང་གི་པར་གཞི་ལ་བསྡུར་བ》ཞེས་པ། ཙུན་ཧན་ཀྲིན་ལགས་ཀྱི《མི་ཉག་དུས་སྐབས་ཀྱི་མི་ཉག་དང་རྒྱ་བོད་མཐའ་མཚམས་ཁུལ་གྱི་རབ་བྱུང་བའི་ཐོབ་ཐང་ངོས་ལེན—དབུ་བླ་ཆོས་ཀྱི་སེངྒེ་དང་བལ་པ་སྐྱེ་མེད་དཔེ་བྱས་ཏེ་གླེང་བ》ཞེས་པ། ཝུན་ཀྲི་གཡུང་གི་《ཨུ་རུ་སུར་ཉར་བའི་ཆུ་ནག་མཁར་གྱི་མི་ཉག་ཡིག་རྙིང་〈འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོའི་གཟུངས་ཕན་ཡོན་མདོར་བསྡུས་པ〉ཞིབ་འཇུག》ཅེས་པ་བཅས་ཡོད། ཚོགས་ར་བཅུ་པར་ཉིང་ཞ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཏོན་ཡུས་ཆོན་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཀྲང་ཞའོ་ཀང་ལགས་ཀྱི《བོད་བཙན་པོའི་དུས་སྐབས་ཀྱི་ཏུན་ཧོང་ནང་བསྟན་སྤྱི་ཚོགས་ཆོས་ལུགས་མི་རིགས་རིག་གནས་ལ་དཔྱད་པ》ཞེས་པ་དང་། ཡུས་ཀོང་ཅན་ལགས་ཀྱི《གཤིན་འདེབས་ལུགས་སྲོལ་ལས་མི་ཉག་དང་བོད་ཀྱི་རིག་གནས་གཉིས་ཕན་ཚུན་འབྲེལ་འདྲིས་བརྗེ་རེས་མཉམ་འདྲེས་བྱུང་ཚུལ་གླེང་བ》ཞེས་པ། ཀྲང་ཡུང་ཧྥུ་ལགས་ཀྱི《བོད་ཡིག་ཆོས་དཔེ་མི་ཉག་སྐད་དུ་འགྱུར་བའི་ཟུར་ཆག་སྐད་ལ་དཔྱད་པ—ཨུ་རུ་སུར་ཉར་བའི་ཡིག་ཚངNHB.№7578དཀྱུས་སུ་བཟུང་བ》ཞེས་པ། མ་ཝན་མེ་ལགས་ཀྱི《མི་ཉག་སྐད་ཀྱི་ཁྲོད་དུ་བོད་སྐད་ལས་བྱུང་བའི་ཐ་སྙད་ལ་དཔྱད་པ》ཞེས་པ་བཅས་ཡོད། ཚོགས་ར་བཅུ་གཅིག་པར་ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་ཀྲའོ་ཞའོ་ཞིན་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཐུའུ་སུང་ཅང་དབྱི་མེན་ལགས་ཀྱི་《ཧུད་གུ་པའི་བོད་ཡིག་འཕྲིན་ཡིག་སྐོར་གླེང་བ》ཞེས་པ། ལྕགས་ཐར་ཚེ་རིང་ལགས་ཀྱི《ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མོ་དཔེ་ཞིབ་འཇུག་ལས་གནད་དོན་འགའ་ཞིག་གླེང་བ—ཏུན་ཧོང་ཡིག་རྙིངP.T.1045དཔེ་བྱས་པ》ཞེས་པ། ཀྲང་ཐེན་ཧྥང་ལགས་ཀྱི《ཧུད་གུ་སྐད་ཀྱི་〈སེམས་ཉིད་ཀྱི་མདོ〉ཞེས་པ〈སེམས་ཀྱི་རང་བཞིན་ལ་ལྟ་བའི་གཞུང〉ལས་བྱུང་བར་བརྟག་པ》ཞེས་པ་བཅས་ཡོད། ཚོགས་ར་བཅུ་གཉིས་པར་ ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་ཀྲང་ཞའོ་ཀང་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཧྲ་ཁྲིན་ཆའོ་ལགས་ཀྱི《དཔའ་རིས་ས་ཁུལ་གྱི་ཐང་རྒྱལ་རབས་ཀྱི་འ་ཞའི་དཔོན་རྒྱུད་ཀྱི་དུར་རྫོངས་ལུགས་སྲོལ་ལ་ཐོག་མར་དཔྱད་པ—ཞོར་དུ་བོད་ཀྱི་དུར་རྫོངས་ལུགས་སྲོལ་གྱིས་འ་ཞར་ཐེབས་པའི་ཤུགས་རྐྱེན་གླེང་བ》ཞེས་པ། ཧུག་ཧའོ་རན་ལགས་ཀྱི《ཏུན་ཧོང་ནས་རྙེད་པའི་མཆོད་རྟེན་དང་ཚཱ་ཚཱ་བཞེངས་ཚུལ་གྱི་ཡིག་རྙིང་སྐོར་གླེང་བ—ཡིག་ཚངITJ 338དང་ITJ433དངITJ 435བཅས་གཙོ་བོར་བྱས་ནས་དཔྱད་པ》ཞེས་པ། བདེ་སྐྱིད་སྒྲོལ་མ་ལགས་ཀྱི《བོད་ཀྱི་ནང་བསྟན་དང་ཐུའུ་ཧོ་ལོ—ཆིག་ཚིའི་བྲག་ཕུག་གི་ལྡེབས་ངོས་སུ་ཡོད་པའི་བོད་ཡིག་འགྲེལ་ཀློག》ཅེས་པ། ཝུའུ་ཅ་ཞོན་ལགས་ཀྱི《ཏུན་ཧོང་བྲག་ཕུག་ཁྲོད་ཀྱི་སོག་དག་གི་གྲུབ་ཆར་དཔྱད་པ།—ཐང་དབུས་མའི་དུས་སྐབས་གཙོ་བོར་བཟུང་བ》ཞེས་པ། ལིག་ཡུང་ཙུན་ལགས་ཀྱི《གཡུ་ལམ་བྲག་ཕུག་ཨང4པའི་ཁྲོད་ཀྱི་ཤཀྱ་ནྭཏཔྟ་ཡིས་ཆོས་གསུངས་པའི་རི་མོའི་འགྲེལ་བ》ཞེས་པ་བཅས་ཡོད། ཚོགས་ར་བཅུ་གསུམ་པར་ ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་ཀའོ་ཅོན་ཡེ་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་ཧོང་ཅུན་ལགས་ཀྱི《〈ཡོན་ཧི་ཅུན་རྫོང་ལོ་རྒྱུས〉སུ་བཀོད་པའི“ཤ་ཅུ་ཅན་ཀྲོང་ཁྲི་ལོ་གཉིས་པར་བོད་དུ་ཤོར་བའི་ལོ་རྒྱུས་ཀྱི་ཁུངས་ལ་བརྟག་པ》ཞེས་པ་དང་། སྒྲོལ་མ་སྐྱབས་ལགས་ཀྱི《ཏུན་ཧོང་ཡིག་རྙིངI.O.750སོགས་ལས་བྱུང་བའི་བཙན་པོའི་ཕོ་བྲང་ཉེན་ཀར་དང་དེའི་འབྲེལ་ཡོད་ས་མིང་སྐོར་ཞིག་ལ་དཔྱད་པ》ཞེས་པ། ཧུའུ་ཞའོ་ཕིན་དང་ཀྲང་ཧའེ་ཅོན་ལགས་ཀྱི《ཡོན་རྒྱལ་རབས་སྐབས་ཀྱི་ནང་བསྟན་གྱི་རྗེ་དབང་ལྟ་བ་དང་རྒྱལ་ཁབ་ཉིད་ཀྱི་ཁྲིམས་མཐུན་རང་བཞིན་བསྐྲུན་པའི་སྐོར་གླེང་བ》ཞེས་པ་བཅས་ཡོད། ཚོགས་ར་བཅུ་བཞི་པར་པེ་ཅིང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གསར་བརྗེ་ལགས་ཀྱིས་མདོ་འཛིན་གནང་། གཏམ་བཤད་པ་ལ་པདྨ་ཚེ་རིང་ལགས་ཀྱི་《བོད་བཙན་པོའི་དུས་ཀྱི་འཕྲིན་གཏོང་ལམ་ལུགས་ལས་འཕྲིན་ཡིག་འབྲི་མཁན་གྱི་རིགས་དང་དེའི་འགན་དབང་ཞིབ་འཇུག》ཅེས་པ། བསོད་ནམས་དོན་གྲུབ་ལགས་ཀྱི་《བོད་བཙན་པོའི་དུས་ཀྱི་སྐད་གསར་བཅད་ཀྱི་དཔེ་བགྱི་བའི་ཡིག་ཚང་〈འཕགས་པ་དཀོན་མཆོག་སྤྲིན〉ཞིབ་འཇུག》ཅེས་པ། བསོད་ནམས་ཚེ་རིང་དང་ཚེ་རིང་བཀྲ་ཤིས་ཀྱི《〈སྒྲ་སྦྱོར་བམ་གཉིས〉གཞི་བྱས་ནས་ལོ་ཙཱའི་རྩ་དོན་དང་སྐད་གསར་བཅད་ཀྱི་སྐོར་གླེང་བ》ཞེས་པ་བཅས་ཡོད།
གོང་གསལ་གྱི་དཔྱད་འབྲས་སྙན་ཞུ་རྣམས་གཙོ་བོ་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ནང་བསྟན་ཡིག་ཚང་གི་ཞིབ་འཇུག་དང་། མི་ཉག་ནང་བསྟན་དང་བྲག་ཕུག་སྒྱུ་རྩལ་ཞིབ་འཇུག ཏུན་ཧོང་བྲག་ཕུག་དང་བོད་ཀྱི་རིག་གནས་ཤུལ་བཞག་ཞིབ་འཇུག ཏུན་ཧོང་བྲག་ཕུག་དང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག ཐང་ནས་ཡོན་རྒྱལ་རབས་བར་གྱི་བོད་དང་དར་གོས་ཚོང་ལམ་ཐོག་གི་མི་རིགས་གཞན་པའི་འབྲེལ་འདྲིས་ཞིབ་འཇུག་བཅས་བརྗོད་གཞི་ཆེན་པོ་ལྔ་ཡི་ཐོག་ནས་བགྲོ་གླེང་རྒྱ་ཆེན་པོ་གནང་སྟེ་ཏུན་ཧོང་རིག་པ་དང་བོད་རིག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
ཐེངས་འདིའི་ཚོགས་འདུ་དྲ་ཐོག་ནས་ཉིན་གཉིས་ཀྱི་རིང་ལ་བགྲོ་གླེང་བྱས་ཏེ། ཟླ10པའི་ཚེས24ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར་བདེ་བླག་ངང་མཇུག་བསྒྲིལ་བ་དང་། ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཁམས་མཚོ་སྐྱིད་ལགས་ཀྱིས་མཇུག་བསྡུ་བའི་མཛད་སྒོར་མདོ་འཛིན་བྱས་པ་དང་ཆབས་ཅིག ཚོགས་ཞུགས་པ་རྣམས་ལ་《ཏུན་ཧོང་ཡིག་རྙིང་གི་གཞི་གྲངས་མཛོད་ཀྱི་འཛུགས་སྐྲུན》ཞེས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གལ་ཆེན་གྱི་གྲུབ་འབྲས་འགྲེམ་སྟོན་བྱས། དེ་ནས་ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཆེན་མོ་མ་ཏེ་ལགས་དང་ཆིང་ཧྭ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧྲེན་ཝུའེ་རུང་རྣམ་གཉིས་ཀྱིས་ཐེངས་འདིའི་རིག་གཞུང་ཚོགས་འདུར་ཕྱོགས་སྡོམ་དང་དཔྱད་བརྗོད་གནང་བ་རེད།
སློབ་དཔོན་ཆེན་མོ་ཧྲེན་ཝུའེ་རུང་ལགས་ཀྱིས། ད་ཐེངས་ཀྱི་ཚོགས་འདུའི་བརྗོད་བྱ་གནའ་རབས་ཀྱི་རིག་གནས་སྣ་མང་དང་མི་རིགས་སྣ་ཚོགས་ལ་འབྲེལ་བ་དང་། རིག་ཚན་སྦྲགས་མས་ཞིབ་འཇུག་བྱས་པའི་ཚད་དུ་སླེབས་འདུག འདི་ནི་ཀྲུང་གོའི་ཤེས་རིག་རྒྱུན་འཛིན་དང་དར་སྤེལ་ལ་དོན་སྙིང་ཆེན་པོ་ལྡན་ཡོད། ཁོང་གིས་མུ་མཐུད་དུ་ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་ཞིབ་འཇུག་དེ་མཐའ་སྐོར་གྱི་ས་ཁུལ་དང་འབྲེལ་ཡོད་ཀྱི་མི་རིགས་མང་པོའི་ཞིབ་འཇུག་ཏུ་གྱུར་པ་ནི་འཕེལ་རྒྱས་གལ་ཆེན་ཞིག་ཡིན་ཞེས་བསྟན། ། ཞིབ་འཇུག་པ་ཆེན་མོ་མ་ཏེ་ལགས་ཀྱིས། ཐེངས་འདིའི་ཚོགས་འདུ་གཞི་རྒྱ་ཆེ་ཞིང་སྤུས་ཀ་མཐོ་ལ་གྲུབ་འབྲས་མང་ཁར་ཁྱབ་ཁོངས་ཆེ་ལ་ལྟ་ཚུལ་གསར་བ་ཡིན་པས་ལོ་ངོ་བཅུ་ཕྲག་རིང་ཏུན་ཧོང་བོད་ཀྱི་རིག་གནས་ཞིབ་འཇུག་བྱེད་པའི་ཤེས་ལྡན་མི་སྣ་བསྟུད་མར་བྱུང་བ་དང་ཞིབ་འཇུག་གི་ཆུ་ཚད་ཇེ་ལེགས་སུ་ཕྱིན་པ་མཚོན་ཡོད། ལྷག་པར་དུ་བོད་བཙན་པོའི་དུས་སྐབས་སུ་ཏུན་ཧོང་དང་མཐའ་ཁུལ་མི་རིགས་སོ་སོའི་བར་དུ་རིག་གནས་བརྗེ་རེས་བྱས་ཤིང་། ཏུན་ཧོང་མི་ཉག་དུས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་རིག་གནས་དང་ཏུན་ཧོང་གི་ཡིག་རྙིང་སོགས་ལ་ཐོལ་བརྒལ་ཆེན་པོ་བྱུང་འདུག་ཅེས་བསྟན། ཏུན་ཧོང་ཡིག་ཚང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲའོ་ཞའོ་ཞིན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་མཇུག་རྫོགས་པའི་གཏམ་བཤད་གནང་། ཁོང་མོས་ཐོག་མར་ཚོགས་ཞུགས་པ་རྣམས་ཀྱིས་ཐེངས་འདིའི་ཚོགས་འདུར་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནས་ཚོགས་འདུ་འདི་ཉིད་གཉེར་བའི་ཐོག་མའི་དམིགས་ཡུལ་དང་དོན་སྙིང་། དེ་བཞིན་ཏུན་ཧོང་ཡིག་ཚང་ཞིབ་འཇུག་སུའོ་ཡི་མ་འོངས་པའི་ལས་ཀའི་འཆར་གཞི་བཅས་གླེང་། ཁོང་མོས་ཐེངས་འདིའི་རིག་གཞུང་ཚོགས་འདུ་ལ་བརྟེན་ནས་ཏུན་ཧོང་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་“ཏུན་ཧོང་ཡིག་རྙིང་གི་གཞི་གྲངས་མཛོད”མུ་མཐུད་དུ་རྒྱ་བསྐྱེད་ནས་འཐུས་སྒོ་ཇེ་ཚང་དུ་གཏོང་བར་ཆེད་མཁས་པ་རྣམས་ལ་སྔར་བས་ཀྱང་འབྲེལ་བ་ཟབ་མོ་འཛུགས་དགོས་པ་དང་། རིག་གཞུང་པའི་སྡེ་ནས་ཚང་མས་འབད་བརྩོན་བྱས་ཏེ། ཏུན་ཧོང་ཞིབ་འཇུག་གླིང་དེ་ཏུན་ཧོང་རིག་པའི་ཞིབ་འཇུག་གི་ཚད་མཐོ་ས་ཞིག་ཏུ་སྙེག་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
སྤེལ་མཁན། པདྨ་ཚེ་རིང་། གཡུ་རྔོག་པདྨ་དབང་རྒྱལ།