ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ད་ལོར་ཞི་ཨན་གྱི་སློབ་མ ༢༠༠ ལ་ཨེ་ཛི་ཕོག་ཡོད་པ་ལས། བཅུ་ཆའི་བདུན་མཚན་མཐུན་རེད།

2014-11-13 གཡས་རྒྱན།
    ཉེ་ཆར་རྒྱལ་ནང་གི་ཞི་ཨན་གྲོང་དུ་སློབ་ཆེན་སློབ་མར་ཨེ་ཛིའི་ནད་ཀྱི་སྔོན་འགོག་ཤེས་བྱ་བརྒྱུད་སྒྲོག་བྱས་པ་དང "ཆུ་བརྗེ་བའི"རོལ་རྩེད་རང་བཞིན་གྱི་བྱ་འགུལ་སྤེལ་བ་རེད། ཁ་སང་ཞི་ཨན་ནད་རིགས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཆེད་ལས་མི་སྣས་ཞི་ཨན་གྱི་མཐོ་རིམ་སློབ་གྲྭ ༨༥ ལ་ཨེ་ཛིའི་ནད་ཀྱི་སྔོན་འགོག་ཤེས་བྱ་བརྒྱུད་སྒྲོག་བྱས་པ་རེད། བྱ་འགུལ་སྤེལ་ཡུལ་དུ། སློབ་མ་རྣམས་ལ"ང་ཚོ་དང་ཨེ་ཛིའི་ནད་ཀྱི་བར་ཐག་རིང་ངམ"ཞེས་དྲིས་པར། ཞི་ཨན་ཝེན་ལིའི་སློབ་གླིང་གི་སློབ་མ ༣༠༠ ལས་སློབ་མ་མི་ཉུང་བ་ཞིག་གིས “རིང” ཞེས་ལན་བཏབ། ཨེ་ཛིའི་ནད་ཀྱི་འབྲེལ་ཡོད་ཉེན་ཁའི་རང་བཞིན་དང་སྔོན་འགོག་ཤེས་བྱ་ཉན་རྗེས། ཁོ་ཚོས་ལན་དུ “བར་ཐག་ཉེ” ཞེས་ཟེར།
    “ཆུ་བརྗེ་བ”ལ་བརྟེན་ནས་ཨེ་ཛིའི་ནད་ཀྱི་འགོས་ཁྱབ་ལ་གསལ་བཤད་བྱེད་པ་དང་། “དར་དམར་འཕྱར་ནས་ན་ཆུང་ལ་གཅེས་སྐྱོང་བྱེད” ཅེས་པ་བརྗོད་གཞིར་བྱས་པའི་སློབ་ཆེན་སློབ་མའི་ཨེ་ཛིའི་ནད་ཀྱི་སྔོན་འགོག་གི་ཤེས་བྱ་ཁྱབ་སྒྲོག་བྱེད་པའི་བྱ་འགུལ་དེ། ཁ་སང་ཕྱི་དྲོ་ཞི་ཨན་ཝེན་ལིའི་སློབ་གླིང་དུ་སྤེལ་བ་རེད། ནད་འགོག་མི་སྣའི་མཛུབ་སྟོན་ལྟར། སློབ་མ་ཚོས་རྒྱལ་སྤྱིའི་ཐོག་དར་ཆེ་བའི་ཨེ་ཛིའི་སྔོན་འགོག་ཁྱབ་སྒྲོག་བྱ་ཐབས “ཆུ་བརྗེ་བ” བའི་རོལ་རྩེད་ལ་ཞུགས་པ་དང་། དེ་ལ་བརྟེན་ནས་ཨེ་ཛིའི་ནད་དེ་མཚན་མ་བརྒྱུད་ནས་འགོས་འགྲོ་བའི་རྣམ་པར་ལད་མོ་བྱས་པ་རེད།
    བུ་མོ ༢༤ ཡིས་ཆུ་ཕོར་པ་གང་རེ་ཐོགས་པ་དང་། དེའི་ནང་ནས་གཅིག་ཨེ་ཛིའི་ནད་དུག་ཡོད་པར་ཆ་བཞག དེ་ནས་སློབ་མ་དེ་དག་གིས་སྦུ་གུ་ལ་བརྟེན་ནས་རང་གི་ཕོར་པའི་ཆུ་དེ་ནས་ཅུང་ཙམ་བཏུངས་ནས་ཕན་ཚུན་ཕོར་པ་བརྗེ་བ་དང་། ཕོར་པ་བརྗེ་ཐེངས་རེ་རེས་ཕན་ཚུན་ཆགས་པ་སྤྱོད་པའི་ཚེ་མཚན་མའི་ནང་གི་ཁུ་བ་བཞུར་བ་མཚོན་པ་རེད། དེ་ལྟར་ལ་ལ་ཐེངས་གཅིག་བརྗེ་བ་དང་ཁ་ཤས་ཀྱིས་ཐེངས་བཞི་བརྗེ་བ་རེད། མཐར་ཆུ་ཕོར་པ ༢༤ དེ་དག་ལ་བརྟག་དཔྱད་བྱས་ཏེ་ཤེས་པར། ཁྱོན་ཕོར་པ ༡༢ ལ་ནད་དུག་ཁྱབ་ཡོང་ཅིང་། བརྗེ་གྲངས་ཉུང་བའི་ཕོར་པར་ནད་དུག་ཁྱབ་ཚད་ཧ་ཅང་དམའ་ལ། བརྗེ་གྲངས་མང་བའི་ཕོར་པར་ནད་དུག་ཁྱབ་ཚད་མཐོ་པོ་ཡོད་པ་རེད།
    ས་དོན་མི་སྣས “‘ཆུ་བརྗེ་བ’འི་རོལ་རྩེད་ཀྱིས་གསལ་བཤད་བྱས་པ་ནི། ལུས་འབྲེལ་འབྱུང་སའི་ཟླ་བོ་མང་ན། དེའི་ཚོད་ཀྱིས་མཚན་མའི་ལས་ལ་ཞུགས་ཚད་མང་ཞིང་། དེའི་ཚོད་ཀྱིས་ཨེ་ཛིའི་ནད་དུག་འགོས་སླ་བས། སློབ་གཉེར་གྱི་སློབ་ཆེན་པ་ཚོས་རང་གི་གཙང་སྦྲར་དང་དོད་དང་། བདེ་འཇགས་མིན་པའི་མཚན་མའི་ལས་དང་རྒྱང་རིང་ཙམ་བྱེད་དགོས” ཞེས་དྲན་སྐུལ་བྱས་པ་རེད།
    འཆད་ཁྲིད་ལ་ཞུགས་པའི་བུ་མོ་ཞིག་གིས་ད་བར་རང་ཉིད་དང་ཨེ་ཛི་ནད་ཀྱི་དབར་འབྲེལ་བ་ཙམ་ཡང་མེད་པར་འདོད་ཡོད། ད་ཆ་འཆད་ཁྲིད་ཉན་རྗེས་རང་ཉིད་དང་ཨེ་ཛིའི་ནད་ནི་ཧ་ཅང་ཉེ་བའི་ཚོར་སྣང་བྱུང་བའི་འདོད་ཚུལ་བསྟན་བྱུང་།
    ཞི་ཨན་གྱི་ཨེ་ཛིའི་ནད་པའི་ཚོགས་ལས། ཕོ་མོའི་སྡུར་གྲངས ༩ : ༡ ཟིན།
    ཉེ་དུས་འཛམ་གླིང་འཕྲོད་སྟེན་རྩ་འཛུགས་ཀྱིས་སྤེལ་བའི 《འཛམ་གླིང་ན་ཆུང་གཞོན་ནུའི་བདེ་ཐང་གནས་ཚུལ》ལས་གསལ་བར། ཨེ་ཛིའི་ནད་ནི་ལོ་གཞོན་འཆི་བའི་རྒྱུ་རྐྱེན་གཉིས་པ་དེ་ཡིན་པ་རེད།
    ཞི་ཨན་འཕྲོད་སྟེན་ཅུད་ཀྱི་འབྲེལ་ཡོད་མི་སྣས་བཤད་པར། ༡༩༩༢ ལོར་ཞི་ཨན་གྱི་ཨེ་ཛིའི་ནད་པ་ཐོག་མ་དེ་ཐོན་པ་ནས་བཟུང་། ལོ་ལྟར་ཨེ་ཛིའི་ནད་པ་ཇེ་མང་ནས་ཇེ་མང་དུ་འཕར་ཡོད་པ་རེད།
    ༢༠༠༧ ནས ༢༠༡༣ བར། ཞི་ཨན་གྱི་སློབ་མར་ཨེ་ཛིའི་ནད་འགོས་ཚད་ཁྱབ་ཆེར་ཕྱིན་ཡོད་པ་དང་། ༢༠༡༣ ལོའི་ལོ་མཇུག་ཏུ་སློབ་མ་ཁྱོན ༢༠༠ ལ་ཨེ་ཛིའི་ནད་འགོས་ཡོད་པ་མ་ཟད། དེའི་ཁྲོད་ནས ༧༦.༣% ནི་མཚན་མཐུན་བར་འགོས་ཁྱབ་བྱུང་བ་ཡིན་ཞིང་། ཕལ་ཆེ་བ་ཕོ་ཕོ་མཚན་མཐུན་གྱི་དགའ་རོགས་ཡིན་པ་རེད། ད་ཆ་ས་དེར་ཨེ་ཛིའི་ནད་པ་ལོ་ཆུང་ཤོས་དེ་ལོ ༡༥ ཡིན་པ་དང་། དེ་ཡང་ཕོ་ཕོ་མཚན་མཐུན་གྱི་དགའ་རོགས་རེད་འདུག དེ་བས་ཞི་ཨན་གྱི་ཨེ་ཛིའི་ནད་པའི་ཚོགས་ལས། ཕོ་མོའི་སྡུར་གྲངས ༩ : ༡ ཟིན་ཞིང་། ལོ་གྲངས ༢༠ ནས ༤༩ བར་དེར་ནད་འགོས་ཚད་མཐོ་ཤོས་ཡིན་འདུག(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག