ཀྲུང་དབྱང་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུ་ཐེངས་དྲུག་པ་དེ་ཟླ ༩ པའི་ཚེས ༢༨ ནས ༢༩ བར་པེ་ཅིང་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲེན་ཧྲིན། ལིའུ་ཡོན་ཧྲན། ཝང་ཆི་ཧྲན་བཅས་ཚོགས་འདུ་རུ་ཞུགས།
ཞིས་ཅིན་ཕིང་གི་ཚོགས་འདུ་རུ་གསུང་བཤད་གལ་ཆེན་གནང་བ་སྟེ། རང་རྒྱལ་གྱི་མི་རིགས་ལས་དོན་ཐད་གདོང་གཏད་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་། ད་ཆ་དང་མ་འོངས་པའི་དུས་སྐབས་ཤིག་རིང་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལ་འགྲེལ་བརྗོད་ཟབ་མོ་གནང་། ལི་ཁི་ཆང་གིས་མི་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་ཐད་ལ་གསུང་བཤད་གནང་ཞིང་། ཡུས་ཀྲེན་ཧྲིན་གྱིས་ཚོགས་འདུ་མཇུག་བསྡུ་དུས་སྤྱི་སྡོམ་གསུང་བཤད་གནང་།
ཚོགས་འདུ་རུ། མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ཞིང་རང་རྒྱལ་ཡར་རྒྱས་འགྲོ་བའི་མཐུན་རྐྱེན་ཆེན་པོ་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་དང་མི་རིགས་སོ་སོའི་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་ཁྱིམ་མིའི་བར་གྱི་འབྲེལ་བ་ཡིན་པ་དང་། མི་རིགས་ཁག་བར་གྱི་འབྲེལ་བ་ནི་ཁྱིམ་ཚང་གཅིག་གི་ཁྱིམ་མིའི་འབྲེལ་བ་ལྟ་བུ་ཡིན། མི་རིགས་ཀྱི་གནད་དོན་ཐག་ཡག་པོར་གཅོད་པ་དང་། མི་རིགས་ལས་དོན་ཡག་པོར་བསྒྲུབ་རྒྱུ་དེ་མེས་རྒྱལ་གཅིག་གྱུར་དང་ས་མཚམས་བརྟན་འཇགས་ལ་འབྲེལ་བའི་དོན་ཆེན་ཡིན་ལ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བའི་དོན་ཆེན་ཡིན་པ་མ་ཟད། རྒྱལ་ཁབ་ཡུན་བརྟན་ཞི་འཇགས་དང་ཀྲུང་ཧྭ་མི་རིགས་དར་རྒྱས་འགྲོ་བའི་དོན་ཆེན་ཞིག་ཀྱང་ཡིན་ཟེར། ཏང་ཡོངས་ཀྱིས་རང་རྒྱལ་ནི་མི་རིགས་མང་པོའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པའི་རྩ་བའི་གནས་ཚུལ་འདི་ཡིད་ལ་དམ་པོར་འཛིན་དགོས་ཤིང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཕན་ཁེ་ཆེ་ཤོས་ཡིན་པ་རྒྱུན་འཁྱོངས་དང་། མི་རིགས་སོ་སོའི་མི་དམངས་ཀྱི་ཤེས་རབ་དང་སྟོབས་ཤུགས་གཞི་གཅིག་ཏུ་སྡུད་ཡག་བྱས་ཏེ། བློ་སེམས་མཐུན་པའི་ངང“ལོ་བརྒྱ་གཉིས”ཀྱི་ཧུར་བརྩོན་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་ཟེར།
ཚོགས་འདུ་རུ་ནན་བཤད་གནང་རྒྱུར། ཀྲུང་གོ་གསར་པ་བཙུགས་ནས་ལོ ༦༥ འཁོར་བའི་རིང་ཏང་གི་མི་རིགས་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཡང་དག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་པའི་ལམ་བུ་ཡང་དག་ལ། ཀྲུང་གོའི་མི་རིགས་འབྲེལ་བ་སྤྱིའི་ཆ་ནས་འཆམ་མཐུན་དུ་གནས་ཡོད། དེ་དང་མཉམ་དུ། རང་ཅག་གི་མི་རིགས་ལས་དོན་གྱིས་དུས་རིམ་གྱི་ཁྱད་ཆོས་གསར་པ་ཁ་ཅིག་ལ་གདོང་གཏད་དགོས་ཀྱི་ཡོད། མི་རིགས་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་གོམ་ཁ་བརྟན་པོའི་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་པའི་ལམ་བུར་ཞུགས་ཏེ། མི་རིགས་སོ་སོར་རླབས་ཆེ་བའི་མེས་རྒྱལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་གོ་རྟོགས་ཇེ་དྲག་ཏུ་གཏོང་དགོས། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་རྒྱུན་བསྐྱངས་ནས་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་དགོས་ཤིང་། རང་སྐྱོང་ས་ཁོངས་ཀྱི་དཔལ་འབྱོར་ཡར་རྒྱས་དང་དམངས་ཀྱི་འཚོ་བ་ལེགས་བཅོས་བྱ་དགོས། རང་རྒྱལ་མི་རིགས་ཁག་བར་གྱི་འབྲེལ་བ་གཙོ་ཕྱོགས་ངོས་ཟིན་པར་བྱས་ཏེ་དམངས་དང་མཐུན་སྒྲིལ་གྱིས་མི་སེམས་འགུག་དགོས་པ་དང་། མི་རིགས་ཁག་བར་འགྲོ་འོང་བྱེད་པར་ཤུགས་རྒྱག་དགོས། མི་རིགས་མཐུན་སྒྲིལ་བྱ་རྒྱུ་དང་། རྒྱ་རིགས་ཆེན་པོའི་རིང་ལུགས་དང་གུ་དོག་པའི་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཁྲིམས་ལུགས་ཀྱིས་ཁག་ཐེག་དགོས་ལ། མི་རིགས་སོ་སོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོ་འདི་ནས་ལག་རྡང་སྦྲེལ་ཏེ་ཕྱར་བ་གྲུ་འདེགས་བྱ་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་པ་བཙུགས་ཚུན་ལ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་མོད། ཡིན་ནའང་མི་རིགས་ས་ཁུལ་ཁ་ཤས་ཀྱི་མང་ཚོགས་ལ་དཀའ་ཁག་མང་ཞིང་། དཀའ་ཁག་ཆེ་བའི་མང་ཚོགས་ཅུང་མང་ལ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ན་དཀའ་ཚེགས་ཅུང་ཆེ་བས། ངེས་པར་དུ་འཕེལ་རྒྱས་བྱ་བ་ཇེ་མགྱོགས་སུ་གཏོང་དགོས་པ་དང་། མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་དང་། དར་རྒྱས་ས་ཁུལ། མི་རིགས་ས་ཁུལ་བཅས་ཀྱི་བརྩོན་སེམས་གསུམ་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས་པ་དང་། མཐའ་མཚམས་ས་ཁུལ་དང་དབུལ་ཕོངས་ས་ཁུལ། སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་བཅས་ནས་ཁྱད་པར་ཅན་གྱི་ཁྱབ་ཁོངས་སྲིད་ཇུས་ལག་བསྟར་བྱས་ནས། ཁ་གཏད་རོགས་སྐྱོར་སྒྲིག་གཞིའི་ནང་རྐྱེན་ཇེ་ལེགས་སུ་གཏོང་དགོས་པ་དང་། སྲིད་ཇུས་ཀྱི་སྒུལ་ཤུགས་དང་ནང་སྟོབས་གཉིས་ཟུང་སྦྲེལ་བྱེད་དགོས། དམངས་འཚོར་བརྟེན་ནས་འཕེལ་རྒྱས་དམ་འཛིན་བྱས་ཏེ། ལས་ཞུགས་དང་སློབ་གསོའི་བྱ་བ་གནད་སར་བཞག་ནས་དམ་འཛིན་བྱེད་དགོས་པ་དང་། ཐོན་ཁུངས་ཁྱད་སྟོབས་འདོན་སྤེལ་བྱས་ནས། གཙོ་བོ་ས་གནས་རང་དང་སྐྱེ་ཁམས་ལ་ཕན་པའི་བྱ་བ་དམ་འཛིན་བྱེད་དགོས་པ་དང་། དབུལ་སྐྱོར་གསར་སྤེལ་བྱ་བ་བཟང་པོར་སྒྲུབ་ནས། གཙོ་བོ་ཆེས་དཀའ་ཁག་ཆེ་བའི་ས་ཁུལ་དང་ཆེས་དཀའ་ཁག་ཆེ་བའི་ཐུན་མོང་ཚོགས་པ་དབུལ་ཕོངས་ལས་ཐར་བའི་བྱ་བ་དམ་འཛིན་བྱེད་དགོས་པ་དང་། མཐའ་མཚམས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། གཙོ་བོ་རྨང་གཞིའི་སྒྲིག་ཆས་དང་ཕྱི་ཕྱོགས་སྒོ་འབྱེད་བྱ་བ་དམ་འཛིན་བྱེད་དགོས་ཟེར།
ཚོགས་ཐོག་ཏུ་བསྟན་དོན། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ནི། ཀྲུང་དབྱང་གི་གཞི་རྩའི་བྱེད་ཕྱོགས་ཤིག་རེད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་དམ་པོར་དམིགས་ནས། རིགས་སོ་སོའི་མང་ཚོགས་ཀྱི་རེ་བ་གསར་བ་དང་མཐུན་པར་བྱེད་དགོས་པ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩོན་སེམས་སྐུལ་ནས། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་རིང་ལུགས་གསར་སྐྲུན་གསར་བཟོའི་སྤྲོ་སེམས་སྐུལ་དགོས་པ་དང་། མི་རིགས་ས་ཁུལ་གྱི་ཁྱད་སྟོབས་བཟང་པོ་འདོན་སྤེལ་བྱས་ནས། ཕྱོགས་སོ་སོའི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་མཐོར་བཏང་ནས། འཕེལ་རྒྱས་ཀྱི་སྦས་ཤུགས་འདོན་དགོས། སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་ནས། དམངས་འཚོ་བྱ་བ་ཇེ་བཟང་དུ་གཏོང་བར་སྔར་ལས་དོ་སྣང་བྱེད་པ་དང་། དྲང་བདེན་དྲང་བཞག་བྱ་བ་ཡར་སྐུལ་བྱེད་དགོས་པ་དང་། ཤུགས་ཆེན་པོས་མི་རིགས་རིག་གནས་དར་སྤེལ་བྱས་ནས། མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་ཆེན་པོ་འདོན་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས། རྒྱུན་སྲིང་འཕེལ་རྒྱས་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྨང་གཞི་སྒྲིག་ཆས་དང་དབུལ་སྐྱོར་གསར་སྤེལ། མཁར་གྲོང་ཅན་དང་སྐྱེ་ཁམས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། རྒྱུན་ཆད་མེད་པར་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྦས་ཤུགས་སྔོག་འདོན་བྱེད་དགོས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་ན་གཙོ་བོ་ལམ་དང་ཆུའི་གནད་དོན་ཐག་གཅོད་དགོས། མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་དགོས་ན། གཅིག་ནས་ཕྱི་ནང་གཉིས་ཀྱི་འབྲེལ་བ་ཐག་གཅོད་བྱེད་དགོས། འཐུང་ཆུའི་བཟོ་སྐྲུན་གལ་ཆེན་དང་། ཆུ་མཛོད་ཆེན་མོ་དང་ཆུ་རྐ་གཙོ་བོ་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས་པའི་ཞོར་དུ། ད་རུང་ས་གནས་ཀྱི་ཆུ་བེད་རྨང་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ཞིང་སྡེ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཚང་མ་ཐག་གཅོད་དགོས། དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རྨང་གཞི་བརྟན་པོ་འདིང་དགོས་ན། མི་རིགས་ས་ཁུལ་གཙོ་བོར་འཛིན་དགོས། བསམ་ཕྱོགས་དང་ནང་རྐྱེན་གསར་སྐྲུན་བྱེད་དགོས་ན། ཕྱོགས་ཡོངས་ཡར་སྐུལ་དང་ཁྱིམ་ཚང་ཟུང་འབྲེལ་བྱེད་པ་དང་། གཅིག་བསྡུས་མུ་འབྲེལ་གྱི་སྒོ་ནས་ཆེས་དཀའ་ཁག་ཆེ་བའི་ས་ཁུལ་གྱི་ཁྱབ་ཁོངས་འཕེལ་རྒྱས་དང་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ཇེ་མགྱོགས་སུ་བཏང་ནས། དབུལ་སྐྱོར་ཕན་ནུས་ཇེ་མཐོར་གཏོང་དགོས། མི་རིགས་ས་ཁུལ་ནས་མཁར་གྲོང་ཅན་ཡར་སྐུལ་བྱེད་དགོས་ན། རང་རྒྱལ་གྱི་དཔལ་འབྱོར་དང་འདེགས་སྐྱོར་བྱེད་པ་དང་། འགྲིམ་འགྲུལ་གཙོ་བོ་འཛུགས་སྐྲུན་བྱེད་པའི་འཆར་གཞི་དང་ཟུང་དུ་སྦྲེལ་ནས། ཞིང་ལས་དེང་རབས་ཅན་དང་ཟུང་སྦྲེལ་དམ་པོ་བྱེད་པའི་བྱ་བར་ཡར་སྐུལ་བྱེད་དགོས། ད་རུང་ཐུན་མོང་མ་ཡིན་པའི་ས་རྒྱུས་དང་རིག་གནས་ཀྱི་ཁྱད་ཆོས་བེད་སྤྱོད་པར་མཐོང་ཆེན་བྱས་ནས། མི་རིགས་ཀྱི་གོམས་སྲོལ་ལྡན་པའི་ཁྱད་ཆོས་ཞིང་སྡེ་དང་གྲོང་རྡལ་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་གོ་གནས་གལ་ཆེན་ཞིག་ཏུ་བརྩིས་ནས། མུ་མཐུད་དུ་མི་རིགས་ས་ཁུལ་ནས་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ཆེན་མོ་སྤེལ་དགོས་པ་དང་། ཀྲུང་དབྱང་དང་ས་གནས་ཀྱིས་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། སྐྱེ་ཁམས་ཁ་གསབ་ནང་རྐྱེན་ལམ་ལུགས་དངོས་འབེབས་བཟང་པོ་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཤུགས་ཆེན་པོས་ཁྱད་ཐོན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་མི་རིགས་ས་ཁུལ་རང་སྟེང་གི་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཁྱད་ཐོན་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གང་ལེགས་བྱས་ཏེ། ཐོན་ལས་གྲུབ་ཚུལ་གྱི་ཆུ་ཚད་ཇེ་མཐོར་འགྲོ་བར་ཡར་སྐུལ་བྱེད་པ་དང་། ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་རིམ་བཞིན་གནས་སྐོར་ལས་རིགས་དེ་མི་རིགས་ས་ཁུལ་གྱི་ཐོན་ལས་གཙོ་བོར་འགྱུར་བར་བྱེད་དགོས། མི་རིགས་ས་ཁུལ་གྱི་དམིགས་བསལ་རང་བཞིན་ལ་བསམ་བློ་བཏང་སྟེ། ས་ཞིང་བེད་སྤྱོད་དང་དངུལ་ལོར་ཞབས་ཞུ། མ་རྩའི་ཚོང་རའི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱས་ཏེ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་མཇུག་མཐར་བཅོས་བསྒྱུར་ལ་སྒུལ་ཤུགས་ལྡན་པ་དང་གསོན་ཤུགས་ལྡན་པར་བྱེད་དགོས། མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་འདྲ་བར་དངུལ་གཏོང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཉེ་འཁོར་ས་ཁུལ་གྱི་མཉམ་འབྲེལ་བྱ་བ་བཟང་པོར་བསྒྲུབས་དགོས་ལ། ཚོང་རའི་ནང་རྐྱེན་དང་མཚོ་འགྲམ་ས་ཁུལ་གྱི་འབྲེལ་མཐུད་ལ་བརྟེན་ནས་ཁྱད་སྟོབས་ཁ་གསབ་དང་གཉིས་ཕན་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་ཅན་ལ་ཡར་སྐུལ་གཏོང་བ་གཙོ་བོར་བཟུང་སྟེ་གཙོ་བོ་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་དམིགས་ཡུལ་ནི་རིགས་སོ་སོའི་མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་དེ་ཡིན། འཕེལ་རྒྱས་དམ་འཛིན་ལྷོད་མེད་བྱེད་པ་དང་དཔལ་འབྱོར་སྤྱི་གྲངས་རྒྱ་བསྐྱེད་དེ། དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་བརྟན་བརླིང་གི་རྨང་གཞི་འདོན་སྤྲོད་བྱེད་པ་དང་། ཤུགས་ཆེན་པོས་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་མཉམ་ཅན་ལ་ཡར་སྐུལ་དང་སྤྱི་ཚོགས་ཀྱི་འདྲ་མཉམ་ལ་ཡར་སྐུལ་བྱེད་དགོས། སློབ་གསོའི་དངུལ་གཏོང་དེ་གཙོ་བོ་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་དུ་ཕྱོགས་དགོས་པ་དང་། མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཚད་གཞི་ཅན་དང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། གླ་རིན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་ལག་བསྟར་དང་མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གསོ་བཟང་པོར་བསྒྲུབས་ཤིང་སྐད་གཉིས་སློབ་གསོ་བཟང་པོར་བསྒྲུབ་དགོས། སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལེགས་བཅོས་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།སྔར་ལས་ལྷག་པའི་སྒོ་ནས་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་པ་དང་། དམངས་འཚོ་ལེགས་བཅོས་བྱེད་པ་དེ་གཙོར་བཟུང་སྟེ། རོགས་སྐྱོར་མ་དངུལ་དེ་གཙོ་བོ་དམངས་འཚོ་དང་གཞི་རིམ་ལ་བཀོལ་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་རིགས་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས་ན། དངོས་པོའི་ཐད་ཀྱི་གནད་དོན་ཐག་གཅོད་བཟང་པོ་བྱེད་དགོས་པར་མ་ཟད། བསམ་པའི་ཐད་ཀྱི་གནད་དོན་ཡང་ཐག་གཅོད་བཟང་པོ་བྱེད་དགོས། དར་ཆ་གསལ་བོའི་སྒོ་ནས་ནོར་འཁྲུལ་གྱི་བསམ་བློའི་འདུ་ཤེས་སྣ་ཚོགས་ལ་ངོ་རྒོལ་བྱས་ཤིང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བདེན་རྫུན་གྱི་དབྱེ་བ་གསལ་བོ་འབྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་དགྲར་འཛིན་སྟོབས་ཤུགས་ཀྱི་བསམ་བློར་འགོག་རྒོལ་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་བྱེད་དགོས་ན། རྒྱང་རིང་དང་གཞི་རྩ་ནི་རིག་གནས་ཀྱི་ཁས་ལེན་ཇེ་དྲག་ཏུ་གཏོང་བ་དང་། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གསོ་སྐྱོང་གང་ལེགས་བྱེད་དགོས། རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་དེ་འཐབ་ཇུས་ལས་འགན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་བ་དམ་འཛིན་བྱས་ཤིང་། ཀྲུང་ཧྭ་ལ་དགའ་བའི་འདུ་ཤེས་དེ་བྱིས་པ་རེ་རེའི་བསམ་པའི་རྒྱུད་དུ་གྲུབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྙིང་བོའི་རིན་ཐང་ལྟ་བ་དེ་མེས་རྒྱལ་གྱི་རབས་རྗེས་མའི་བསམ་པའི་ཞིང་སར་རྩ་བ་རྒྱས་ཤིང་མྱུ་གུ་འབུས་པར་བྱེད་དགོས། མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱས་ཏེ། རྩིང་འདོར་བཅུད་ལེན་དང་རྙིང་འདོར་གསར་ལེན་བྱས་ནས་ཧུར་ཐག་སྒོས་གསར་གཏོད་རང་བཞིན་ལྡན་པའི་སྤོ་བསྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཧུར་ཐག་སྒོས་སྐད་གཉིས་སློབ་གསོ་དང་དད་ལྡན་མང་ཚོགས་ཀྱི་བྱ་བ། གྲངས་ཉུང་མི་རིགས་ཀྱི་འཐུས་ཚབ་མི་སྣ་དང་ཤེས་ལྡན་མི་སྣའི་བྱ་བ་བཟང་པོར་བསྒྲུབས་དགོས།
ཚོགས་ཐོག་ནས་བསྟན་དོན། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་ལ། རང་རྒྱལ་མི་རིགས་སོ་སོའི་ས་ཁོངས་བརྒལ་བའི་འཁོར་རྒྱུག་བྲེལ་བའི་དུས་རིམ་དུ་བསླེབས་པ་དང་། གྲོང་ཁྱེར་གྱི་མི་རིགས་ལས་དོན་བཟང་པོར་བསྒྲུབ་པ་དེ་སྔར་ལས་གལ་ཆེན་དུ་གྱུར། གྲངས་ཉུང་མི་རིགས་ཀྱི་འཁོར་སྐྱོད་མི་གྲངས་ལ་སྒོ་གཅོད་རིང་ལུགས་ཀྱི་རྣམ་འགྱུར་འཛིན་མི་རུང་བ་དང་། རང་སྣང་གང་ཤར་བྱེད་པའི་རྣམ་འགྱུར་ཡང་འཛིན་མི་རུང་།གནད་འགག་ནི་ཡོང་ས་དང་འགྲོ་སའི་གནས་གཉིས་ཀྱི་འབྲེལ་མཐུད་བྱ་བ་དམ་འཛིན་བྱ་དགོས། བྱ་བའི་གཙོ་བོ་དེ་སྡོད་ཁུལ་དུ་བཞག་སྟེ། ཕན་ཚུན་བསྟུན་པའི་སྤྱི་ཚོགས་གྲུབ་ཚུལ་དང་སྡོད་ཁུལ་ཁོར་ཡུག་ལ་ཡར་སྐུལ་བྱས་ནས། མི་རིགས་སོ་སོའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་གཙོ་བོར་འཛིན་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་མཐོང་ཆུང་བྱེད་པ་དང་མི་རིགས་ཀྱི་བརྩེ་དུང་ལ་གནོད་པའི་གཏམ་སྤྱོད་ཡོ་བསྲང་དང་གཏན་འགོག་བྱེད་དགོས། གྲོང་ཁྱེར་དུ་ཡོང་བའི་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་རང་འགུལ་སྒོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་གྲོང་ཁྱེར་གྱི་དོ་དམ་གཏན་འཁེལ་བརྩི་སྲུང་བྱེད་པར་སྣེ་ཁྲིད་བྱས་ཤིང་། གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་ལེན་བྱེད་པ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་སྔར་ལས་གྲོང་ཁྱེར་འཚོ་བར་ཞུགས་སུ་འཇུག་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མི་རིགས་ལས་དོན་བཟང་པོར་བསྒྲུབ་པའི་གནད་འགག་ནི་ཏང་དང་མི་སྒེར་ཡིན། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ན། མི་གང་རུང་དང་ཆབ་སྲིད་སྟོབས་ཤུགས་གང་རུང་གིས་ང་ཚོའི་མི་རིགས་འབྲེལ་བར་གཏོར་བརླག་གཏོང་མི་ཐུབ་ལ། ང་ཚོའི་མི་རིགས་མཐུན་སྒྲིལ་དང་གཅིག་གྱུར་ལ་ཆབ་སྲིད་ཐད་ནས་འགན་སྲུང་གང་ལེགས་བྱེད་ཐུབ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་ལས་དོན་དེ་གྲོས་རིམ་འཆར་ཟིན་གལ་ཆེན་དུ་བཞག་སྟེ། ཆབ་སྲིད་ཐད་ནས་མི་རིགས་འབྲེལ་བ་དང་མི་རིགས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། མི་རིགས་ས་ཁུལ་གྱི་ལས་བྱེད་པ་བཟང་པོས་བདེན་རྫུན་གྱི་དབྱེ་བ་གསལ་བོར་འབྱེད་པའི་ལངས་ཕྱོགས་གསལ་བོ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་བརྟན་བརླིང་ཡིན་ལ། རིགས་སོ་སོའི་མང་ཚོགས་ལ་གཅེས་སྤྲས་བྱེད་པའི་མཛའ་བརྩེ་རྣམ་དག་ཡིན་དགོས། སྤྱོད་ཡོན་གཉིས་ལྡན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཤུགས་ཆེན་པོས་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱས་ཏེ། ཕུལ་བྱུང་མི་སྣ་དག་མགོ་ཁྲིད་པའི་ལས་གནས་གལ་ཆེན་དུ་འཇོག་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་རྒྱ་རིགས་ལས་བྱེད་པ་གང་ཡིན་ཡང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་བོ་བྱེད་པ་དང་། རིགས་སོ་སོའི་མི་དམངས་ཀྱི་འདུ་ཤེས་བཟུང་སྟེ་བློ་གཅིག་སེམས་གཅིག་གིས་བྱ་བ་བཟང་པོར་བསྒྲུབ་དགོས། མི་རིགས་ས་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ནས། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་ཁུར་བ། འབྲེལ་ཡོད་སྡེ་ཁག་སོ་སོས་རོགས་འདེགས་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་མཉམ་ལས་བཟང་པོ་བྱེད་པའི་མི་རིགས་ལས་དོན་གྱི་རྣམ་པ་ཆགས་སུ་བཅུག་སྟེ། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་འཐུས་ཚང་དུ་བཏང་ནས་རྒྱུན་འཁྱོངས་གང་ལེགས་བྱེད་དགོས།
ཚོགས་ཐོག་ནས་བལྟས་ན། ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་བགྲོད་ལམ། རིགས་གཞུང་དང་སྲིད་ཇུས། ལམ་ལུགས་དང་ཁྲིམས་ལུགས། བྱ་བ་དང་ལག་ལེན་བཅས་ཀྱི་གནད་དོན་གལ་ཆེན་གོ་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པས། དེ་ནི་བསམ་བློའི་སྟེང་གི་གཏིང་ཟབ་རང་བཞིན་དང་། སྲིད་ཇུས་སྟེང་གི་མངོན་གསལ་རང་བཞིན་འབུར་དུ་ཐོན་པར་བྱས་ཏེ། གནས་བབ་གསར་བའི་འོག་གི་མི་རིགས་ལས་དོན་བཟང་པོར་སྒྲུབ་པའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཡིན། ལིས་ཁི་ཆང་གི་གསུང་བཤད་གལ་ཆེན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ཏེ། མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་དང་བཀོད་སྒྲིག་གལ་ཆེན། ལས་འགན་གཙོ་བོ་བཅས་རབ་དང་རིམ་པ་གཏན་ལ་ཕབ་སྟེ། དེར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་དྲག་པོ་ལྡན། གྲོས་ཚོགས་ཀྱི་དགོངས་དོན་དང་ངོ་བོ་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་སྐོར་གྱི་བྱེད་ཕྱོགས་གལ་ཆེན་གྱིས་བསམ་བློ་དང་ངོས་འཛིན། བྱ་སྤྱོད་བཅས་གཅིག་གྱུར་བྱེད་དགོས། ཁྱབ་ཁོངས་གཙོ་བོ་གནད་ཆེ་སར་བཟུང་སྟེ། མི་རིགས་སོ་སོ་མཉམ་དུ་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་འཐབ་ཇུས་དང་བཀོད་སྒྲིག་ཐབས་བརྒྱ་ཇུས་སྟོང་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཧུར་ཐག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པའི་བྱེད་ཐབས་སྣ་ཚོགས་ངེས་པར་དུ་བཟང་པོར་སྒྲུབ་དགོས། ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས། མི་རིགས་ལས་དོན་བཅོས་སྐྱོང་བྱ་བ་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་འབད་བརྩོན་བྱེད་དགོས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་སྒྲིག་གཞི་དང་ལམ་ལུགས་བཟང་པོ་ཆགས་པར་བྱེད་དགོས་པར་སྙམ།
ཚོགས་ཐོག་ནས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་པ་དང་། མི་བརྒྱ་སེམས་གཅིག་དང་འབད་བརྩོན་ལྷོད་མེད་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།
ཚོགས་ཐོག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར ༡༤༩༦ ལ་གཟེངས་བསྟོད་བྱས་ཤིང་། ཞིས་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བར་མ་ཟད། གྲོས་ཚོགས་མ་ཚོགས་གོང་ཚང་མ་དང་མཉམ་དུ་དྲན་རྟེན་གྱི་པར་བླངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས། གྲོས་ཚོགས་སྟེང་ཀོང་ཏུང་ཞིང་ཆེན་དང་ཡུན་ནན་ཞིང་ཆེན། ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ཆེན་སྟེང་བརྗེ་རེས་གཏམ་བཤད་སྤེལ།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁ་ཤས་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁ་ཤས་སོགས་གྲོས་ཚོགས་སུ་ཞུགས།
ནང་སོག་དང་ཀོང་ཞི། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་རང་སྐྱོང་ལྗོངས་ལྔའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་དང་། ཞིང་ལྗོངས་དང་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་གྱི་མི་རིགས་ལས་དོན་གྱི་གཙོ་འགན་འཁུར་བའི་འགན་ཁུར་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་ཁུར་བ་གཙོ་བོ། དམག་དཔུང་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འགན་ཁུར་བ། གཟེངས་བསྟོད་ཐོབ་པའི་དཔེ་ལེགས་ཐུན་མོང་དང་དཔེ་ལེགས་མི་སྒེར་གྱི་འཐུས་མི། ཤང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ས་ཁུལ་གྱི་ཆེད་དུ་གདན་འདྲེན་ཞུས་པའི་འཐུས་མི་དང་མི་རིགས་ལས་དོན་གྱི་མཚན་འཛིན་འཐུས་མི་སོགས་མི ༡༡༠༠ གྲོས་ཚོགས་སུ་ཞུགས་པ་རེད། (རྩོམ་འགན་པ། རྟ་མགྲིན)