ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྤྱི་ཟླ ༡༡ པ་ནས་ཟ་ཁང་ཁག་གི“མ་མཐའི་འཛད་སྤྱོད”ལ་གྱེས་བརྡ་གཏོང་རྒྱུ་རེད།

2014-11-14 མང་མཁར་བློ་ཕུན།
    ཟླ་བ 11 པ་ནས་བཟུང་། ཟ་ཁང་ཞིག་གིས་ཁྱེད་ལ་སྔར་བཞིན“མ་མཐའི་འཛད་སྤྱོད”(最低消费)དེ་བཟའ་བཏུང་གི་འགྲོ་གྲོན་ལ་ཚད་དམའ་ཤོས་བཟོས་ཏེ་འཛད་སྤྱོད་བྱེད་དུ་བཅུག་ཚེ། དེ་ནི་ཚོང་ལས་ཀྱི་དཔལ་ཡོན་དང་འགལ་བ་ཙམ་མིན་པར་ཁྲིམས་ལུགས་ཀྱིས་ཐེ་ཇུས་བྱེད་པའི་ཁྱབ་ཁོངས་སུ་འཁོད་དེ་མཐོ་ཤོས་ལ་སྒོར་ཁྲི 3 གྱི་ཉེས་ཆད་གཅོད་རྒྱུ་རེད་འདུག
    སྤྱི་ཟླ 10 པའི་ཚེས 8 ཉིན་ཚོང་དོན་པུའུ་དང་རྒྱལ་ཁབ་འཕེལ་བསྒྱུར་ཨུད་ལྷན་གཉིས་ཀྱིས་མཉམ་དུ《ཟ་ཁང་གཉེར་སྐྱོང་དོ་དམ་བྱ་ཐབས(ཚོད་ལྟའི་ལག་ལེན)》སྲོལ་ཡིག་ཁྱབ་བསྒྲགས་བྱས་ཤིང་ཁྲིམས་སྲོལ་ཐོག་འཁོད་པ་ལྟར་ན་བཟའ་བཏུང་ལས་གཉེར་ཁང་ཁག་གིས་འགྲེམས་སྤེལ་བྱས་པའི་སྲོལ་ཡིག་གི་ནང་དོན་ལ་སྲུང་བརྩི་མ་བྱས་པར་འཛད་སྤྱོད་པར་མ་མཐའི་འགྲོ་གྲོན་གྱི་ཚད་བཀག་བཟོས་ཏེ་འཛད་སྤྱོད་བྱེད་རུ་བཅུག་ཚེ། ལས་གཉེར་ཁང་དེར་སྒོར་ཁྲི 3 མན་གྱི་ཉེས་ཆད་འཕོག་རྒྱུ་ཡིན་ཅིང་སྲོལ་ཡིག་འདི་ནི་ད་ལོའི་སྤྱི་ཟླ 11 པའི་ཚེས 1 ཉིན་ནས་བཟུང་དངོས་སུ་གོ་ཆོད་ནུས་པ་ཐོན་རྒྱུ་རེད།
    མགྲོན་ཁང་དང་ཟ་ཁང་ཁག་གིས་བདག་གཉེར་རྒྱུད་རིམ་ཁྲོད་རང་སོའི་ཁེ་སྤོགས་ཀྱི་ཆེད་དུ་མངོན་ལྐོག་གང་རུང་གི་ཐབས་ལམ་སྤྱད་དེ་འཛད་སྤྱོད་པར་ཚད་གཞི་ངེས་ཅན་ཡན་གྱི་འཛད་སྤྱོད་བྱ་རུ་འཇུག་པའི་སྣང་ཚུལ་ནི་དེང་གི་ཁྲོམ་རའི་ནད་ཡམས་ལྟ་བུ་ཞིག་ཏུ་གྱུར་པ་ཀུན་གྱིས་ཤེས་གསལ་རེད་ལ་ཐེར་འདོན་བྱེད་མཁན་ཡང་ཤིན་ཏུ་མང་མོད། འོན་ཀྱང་རྒྱལ་ཁབ་གྱི་གཏན་འབེབས་མཛད་པའི《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྲོལ་ཡིག》དང《ཟ་ཁང་དང་ཉམས་བཟོའི་ལས་རིགས་ཀྱི་རིན་གོང་དང་སྤྱོད་ཚུལ་སྒྲིག་སྲོལ》སོགས་ཀྱི་ནང་དུ་བདག་གཉེར་བའི་སྤྱོད་ལམ་དང་ཁྲོམ་རའི་དཔལ་ཡོན་གྱི་ཐད་ནས་གཏན་འབེབས་བྱས་པ་ལས་ཁ་གཏད་ཀྱི་དོན་ཚན་བྱེ་བྲག་པར་གསལ་འགྲེལ་མེད་རྐྱེན་ཁོ་ཅག་གི་རང་སྣང་གང་ཤར་གྱི་ཚུལ་སྤྱོད་ལ་བཀག་རྒྱ་དེ་ཙམ་ཐེབས་ཐུབ་མེད་པ་རེད། ད་ཐེངས་ཀྱི་སྲོལ་ཡིག་ནང་དུ་མ་མཐའི་འཛད་སྤྱོད་ལ་སྒོ་ཐེལ་དམར་པོ་ཞིག་འཐེན་ཡོད་པ་སྟེ་སྲོལ་ཡིག་དོན་ཚན12པར། “བཟའ་བཏུང་ལས་གཉེར་ཁང་གིས་མ་མཐའི་འཛད་སྤྱོད་འགྲོ་གྲོན་འཇོག་པ་གཏན་འགོག་བྱེད་དགོས”ཞེས་འཁོད་ཡོད།
    སྲོལ་ཡིག་ནང་འཁོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དག་ལ་ཚོང་དོན་གཙོ་གཉེར་ཚན་པས་ཐད་ཀར་སྲོལ་ཡིག་གི་ནང་དོན་ལྟར་འབྲེལ་ཡོད་ཁྲིམས་འཛིན་ཚན་པར་ཁྲིམས་ལྟར་ཐག་གཅོད་བྱེད་རེ་བཏོན་ཆོག་ལ་སྲོལ་ཡིག་ནང་མ་འཁོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཉེས་སྐྱོན་དག་སེལ་གྱི་འགན་དཀྲི་བ་དང་ཁྲིམས་འགལ་གྱི་ཁེ་སྤོགས་ལས་ལྡབ་གསུམ་མན་གྱི་ཆད་པ་གཅོད་རྒྱུ་ཡིན་ཅིང་ཉེས་ཆད་ཀྱི་ཚད་སྒོར་ཁྲི3ལས་མི་བརྒལ་བ་བྱ་རྒྱུ་རེད། ལུགས་མཐུན་མིན་པའི་ཁེ་སྤེགས་མེད་ཚེ་སྒོར་ཁྲི 1 མན་གྱི་ཉེས་ཆད་གཅོད་རྒྱུ་རེད། དེའི་ཁྲོད་དུ་ནག་ཉེས་བསགས་པའི་གནད་དོན་ཡོད་ཚེ་ཐད་ཀར་འབྲེལ་ཡོད་ཁྲིམས་འཛིན་ཚན་པར་སྤྲོད་རྒྱུ་རེད།
    གཏན་འབེབས་དེ་དག་ལས་ང་ཚོས་ཤེས་རྒྱུར། གལ་སྲིད་རྗེས་སོར་མུ་མཐུད་བཟའ་བཏུང་ལས་གཉེར་ཁེ་ལས་དག་གིས"མ་མཐའི་འཛད་སྤྱོད"ཀྱི་ཆ་རྐྱེན་སྤྱད་དེ་རང་ཉིད་ཀྱི་སྒོར་མོ་བསླུས་ཚེ་ཁྲིམས་ལྟར་ཐེར་འདོན་དང་ཞུ་གཏུགས་བྱས་ཏེ་རང་ཉིད་ཀྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བྱེད་ཆོག་ལ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་ལས་གཉེར་ཁང་དེ་དག་ལ་ཚོང་དོན་གཙོ་གཉེར་ཚན་པས་སྒོར་ཁྲི3མན་གྱི་ཆད་པ་འཕོག་རྒྱུ་ཡིན་པ་དེ་རེད།
    དེ་དང་དུས་མཚུངས་ང་ཚོས་དོ་སྣང་བྱ་འོས་པ་ཞིག་ནི་དུས་རྒྱུན་ཟ་ཁང་ཁག་གི་གྱང་ངོས་ལས་མཐོང་བའི“གཙང་སྡེར་ལས་འགུལ”(光盘行动)ཞེས་པ་སྟེ་གྲོན་ཆུང་བསྲི་ཚགས་ཀྱི་ཀུན་སྤྱོད་ལའང་ཁྲིམས་ལུགས་ཐོག་ནས་ཁྲིད་སྟོན་གྱི་ནུས་པ་སྟོན་ཡོད་པ་རེད། དེའང་སྲོལ་ཡིག་ཐོག་ནས་བཟའ་བཏུང་ལས་གཉེར་ཚན་པས་གྲོན་ཆུང་དྲན་སྐུལ་གྱི་སྒྲིག་གཞིའི་ལམ་ལུགས་ཞིག་བཟོ་བར་སྐུལ་ཡོད་པ་སྟེ། མངོན་གསལ་དོད་པའི་ས་ཆར་གྲོན་ཆུང་བསྲི་ཚགས་ཀྱི་ཀུན་སྤྱོད་དྲིལ་སྒྲོག་དང་རང་རྟོགས་ཀྱིས་ཟས་ཚད་རན་པར་རོལ་བ་དང་ལྟོ་ལྷག་འཕྲོ་བརླག་ཏུ་མི་གཏོང་བར་གཅིག་གོ་གཉིས་ཆོད་བྱེད་པ། དེ་བཞིན་གྲོན་ཆུང་ཅན་ལ་གཟེངས་བསྟོད་བྱེད་པ་སོགས་ཀྱིས་བཟའ་བཏུང་གི་ཁོར་ཡུག་ཤེས་དཔལ་ཅན་དུ་བསྐྲུན་རྒྱུར་སྐུལ་མ་མཛད་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག