འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ ༡༢ ཚེས ༢ ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་དོན་ཁང་གིས《ཀྲུང་གོའི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆའི་དོ་དམ་བྱེད་ཐབས》(ཡོངས་བསྒྲགས་བསམ་འཆར་བསྡུ་ལེན་མ་ཟིན)ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་འགོ་ཚུགས་ཡོད། བསམ་འཆར་བསྡུ་ལེན་མ་ཟིན་ནང་སྤྱི་དམངས་ཀྱིས་གནས་ཚུལ་དངོས་གསང་ནས་ངོ་སྤྲོད་ཡིག་ཆ་རྫུས་མ་བཟོ་བ་དང་བཟོ་བཅོས་བརྒྱབ་ནས་མི་རིགས་ཀྱི་གྲུབ་ཆར་འགྱུར་ལྡོག་གཏོང་བའི་རེ་འདུན་ཞུས་ཕྱིན་མི་རིགས་ལས་དོན་སྡེ་ཚན་གྱིས་ཞིབ་བཤེར་ཆོག་མཆན་གྱི་བསམ་འཆར་ཕྱིར་འཐེན་བྱེད་དགོས།
སྤྱི་བདེ་སྡེ་ཚན་གྱིས་ཕྱིར་འཐེན་ཐོ་འགོད་བྱེད་དགོས་པ་དང་དུས་མཚུངས་འབྲེལ་ཡོད་སྡེ་ཚན་ལ་སྤྱི་དམངས་དེས་མི་རིགས་ཀྱི་གྲུབ་ཆ་རྫུས་མ་བཟོས་ནས་འབྲེལ་ཡོད་ཁེ་དབང་ལོངས་སྤྱོད་བྱེད་དབང་མེད་པ་བཟོ་དགོས་པའི་བརྡ་ཁྱབ་གཏོང་དགོས་པ་དང་། བདེ་འཇགས་དོ་དམ་གྱི་བྱེད་སྤྱོད་དང་འགལ་རིགས་ཁྲིམས་ལྟར་བདེ་འཇགས་དོ་དམ་གཞིར་བཟུང་ཆད་གཅོད་བྱེད་དགོས་པ། ཉེས་པ་བསགས་ཕྱིན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་པ་རེད།
བསམ་འཆར་བསྡུ་ལེན་མ་ཟིན་ནང་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་ནི་དེའི་ཕའམ་ཡང་ན་མའི་མི་རིགས་གྲུབ་ཆ་ཁོ་ནར་གཞིགས་ནས་གཏན་འཁེལ་དང་ཐོ་འགོད་བྱེད་དགོས། བྱེད་ཐབས་འདིའི་ནང་བརྗོད་པའི་ཕ་མ་ནི་སྐྱེས་པའི་ཕ་མ་དང་། ཕ་གཡར་མ་གཡར། ཕ་ཚབ་མ་ཚབ་བཅས་ལ་ཟེར། སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་གཏན་འཁེལ་དང་ཐོ་འགོད་བྱས་རྗེས་སྤྱིར་ན་འགྱུར་ལྡོག་གཏོང་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་རེད།
དེ་དང་དུས་མཚུངས་བསམ་འཆར་བསྡུ་ལེན་མ་ཟིན་གཞིར་བཟུང་སྤྱི་དམངས་ལོ་བཅོ་བརྒྱད་ལ་མ་སླེབས་གོང་དེའི་ཁྲིམས་བཀོད་ལྟ་སྐྱོང་མཁན་གྱིས་གནས་ཚུལ་རིགས་གཉིས་ཐོན་ཚེ་དེའི་མི་རིགས་གྲུབ་ཆ་ཐེངས་གཅིག་འགྱུར་ལྡོག་གཏོང་བའི་རེ་ཞུ་བྱས་ཆོག་པ་སྟེ། གཅིག་ནི་སྤྱི་དམངས་ལོ་བཅོ་བརྒྱད་ལ་མ་སླེབས་གོང་དེའི་ཕ་མའི་གཉེན་སྒྲིག་འབྲེལ་བར་འགྱུར་ལྡོག་བྱུང་ནས་མི་རིགས་ཀྱི་གྲུབ་ཆ་དང་གསོ་སྐྱོང་དབང་ཆ་ལྡན་མཁན་དབར་གཅིག་པ་མིན་པའི་རིགས་དང་གཅིག་ཤོས་ནི་སྤྱི་དམངས་ལོ་བཅོ་བརྒྱད་ལ་མ་སླེབས་གོང་དེའི་མི་རིགས་ཀྱི་གྲུབ་ཆ་དང་ཕ་གཡར་མ་གཡར་རམ་ཡང་ན་ཕ་ཚབ་མ་ཚབ་ཀྱི་མི་རིགས་ཀྱི་གྲུབ་ཆ་གཅིག་པ་མིན་པ་དེ་རེད།
སྤྱི་དམངས་ལོ་བཅོ་བརྒྱད་ལ་སླེབས་རྗེས་ཀྱི་ལོ་གཉིས་ནང་རང་ཉིད་ཀྱི་ཕའམ་ཡང་ན་མའི་མི་རིགས་ཀྱི་གྲུབ་ཆ་ཐེངས་གཅིག་རང་མོས་གདམ་ག་བྱས་ཆོག་གི་ཡོད་པ་རེད།
དེ་མིན་བསམ་འཆར་བསྡུ་ལེན་མ་ཟིན་ནང་ད་དུང་ཀྲུང་གོའི་སྤྱི་དམངས་དང་ཕྱི་རྒྱལ་བ་གཉེན་སྒྲིག་བྱས་ནས་ཕྲུ་གུ་བྱུང་བའམ་ཡང་ན་ཁྲིམས་ལྟར་གསོ་ཉར་བྱས་པའི་བུ་ཕྲུག་ཡིན་པ་དང་རྒྱལ་ཁོངས་ཀྲུང་གོ་བ་ཡིན་ཕྱིན་དེའི་མི་རིགས་ཀྱི་གྲུབ་ཆ་ཀྲུང་གོའི་སྤྱི་དམངས་ཀྱི་མི་རིགས་གྲུབ་ཆ་གཞིར་བཟུང་གཏན་འཁེལ་བྱེད་དགོས། ཕྱི་རྒྱལ་བ་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་ཚེ་དེའི་མི་རིགས་གྲུབ་ཆ་ཐོག་མའི་རྒྱལ་ཁོངས་གང་ཡིན་པ་དེ་ཐོ་འགོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)