འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཚེས ༥ ཉིན་དམངས་ཕན་མ་དངུལ་ལྐོག་ཟ་དང་། འཐེན་སྤྱོད། བཙན་ཉར་བཅས་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གྱོད་གཞི་བརྡ་ཁྱབ་བཏང་བ་རེད།
བརྡ་ཁྱབ་ནང་བསྟན་དོན། ནག་ཆུ་རྫོང་སྟག་གསར་ཤང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་པ་མཚམས་ཀྱིས་སྟག་གསར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བྱེད་རིང་བདེ་སྡོད་ལས་གྲྭའི་དངུལ་སྒོར་ཁྲི ༡༠༨.༦༣ གཞུང་དོན་འགྲོ་གྲོན་ལ་སྤྱད་པ་དང་། བདེ་སྡོད་ལས་གྲྭའི་དངུལ་དང་ཕྱུགས་ཟོག་བཤས་གཏོང་བའི་རོགས་དངུལ་སྒོར་ཁྲི ༩༦.༩༣ འཐེན་སྤྱོད་བྱས་ནས་སྒེར་གྱིས་སྤྱད་པ་དང་། ནག་ཆུ་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་བྱེད་རིང་བཙོག་འབུད་འགྲོ་གྲོན་སྒོར་ཁྲི ༩ འཐེན་སྤྱོད་བྱས་ནས་སྒེར་གྱིས་སྤྱད་ཡོད། ཞིབ་འཇུག་བྱས་པ་བརྒྱུད་པ་མཚམས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་བཅད་པ་དང་དེ་བཞིན་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་དེ་ཁྲིམས་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྐྱེལ་རྒྱུའི་གཏན་འབེབས་བྱས་པ་རེད།
སྒེར་རྩེ་རྫོང་མ་མིག་ཤང་རྒོད་ཚང་གྲོང་ཚོའི་ཀྲུའུ་རེན་བཀྲ་ཤིས་འཕྲིན་ལས་ཀྱིས ༢༠༠༩ ལོ་ནས ༢༠༡༤ ལོའི་ཟླ་དང་པོའི་བར་གོ་གནས་ཀྱི་སྟབས་བདེ་སྤྱད་ནས་མཉམ་སྡེབ་ཀྱི་རྒྱུ་ནོར་སྒོར་ཁྲི ༡༢༤ ལྷག་ཙམ་འཐེན་སྤྱོད་དང་བཙན་བཟུང་བྱས་པར་བརྟེན་སྒེར་རྩེ་རྫོང་མ་མིག་ཤང་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད་བཀྲ་ཤིས་འཕྲིན་ལས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་བྱས་པ་དང་སྒེར་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁོ་པ་དུས་བཀག་བཙོན་འཇུག་ལོ ༡༧ བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
གཞན་ཡང་ཉིང་ཁྲི་ས་ཨུད་ཏང་གི་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཁོའི་དེ་སྔའི་ཁོའོ་ཀྲང་ལུའེ་ཅིན་ཧའེ་ཡིས་རྨང་བརྟན་དམངས་ཕན་གྱི་མ་དངུལ་ལྐོག་ཟ་བྱས་པར་བརྟེན་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱ་རྒྱུ་དང་སྲིད་འཛིན་གྱི་གོ་གནས་གནས་དབྱུང་གཏོང་རྒྱུའི་ཆད་པ་བཅད་པ་དང་། མེ་ཏོག་རྫོང་འབྲས་སྤུངས་ཤང་རྒྱུ་ནོར་དང་འབྲུ་རིགས་ཀན་ཧྲི་ཉི་མ་དོན་གྲུབ་དང་། རིན་སྤུངས་རྫོང་འཕྲོད་བསྟེན་ཅུས་ཀྱི་ལས་བྱེད་པ་རྡོ་རྗེ་ཐར་གྱི་ལྐོག་ཟའི་དོགས་ཡོད་གྱོད་གཞིར་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
(རྩོམ་འགན་པ། ལྷ་དབང)