བོད་ལྗོངས་ཀྱི་ད་སྐབས་གཏོང་བཞིན་པའི་ལེ་ཚན་གྱི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་བཏང་ནས། རྒྱ་ཆེའི་མང་ཚོགས་དགའ་ཞེན་ཆེ་བའི་ལེ་ཚན་སྣ་ཚོགས་མཁོ་འདོན་བྱེད་ཆེད། བོད་ལྗོངས་མི་དམངས་རླུང་འཕྲིན་ཁང་གིས་ཧོ་ཚེ ༡༠༦.༣ གྱི་ཚན་རྩལ་ལེ་ཚན་ཤར་གཏོང་བྱེད་རྩིས་ཡོད་ལ། ཕལ་ཆེར ༢༠༡༥ ལོའི་ཟླ ༡ ཚེས ༡ ཉིན་ཤར་གཏོང་ཐུབ་པ་རེད། བསྒྲགས་གཏོང་ཚོད་ལྟའི་དུས་ཡུན་ནི་ལོ་གཅིག་ཡིན། དུས་སྐབས་དེར་སླེབས་དུས་ལེ་ཚན་དེ་ལ་ལྷ་སའི་ས་གནས་གང་རུང་ནས་ཉན་ཐུབ་པ་དང་། འཛམ་གླིང་ས་གནས་སོ་སོ་ནས་དྲྭ་རྒྱ་བརྒྱུད་ནས་ཉན་ཆོག ཉན་མཁན་ཚོས་ད་དུང་སྐད་འཕྲིན་བརྒྱུད་ནས་བརྒྱུད་བསྐུར་ཡང་བྱས་ཆོག་པ་རེད།
གསར་ཏུ་ཁ་སྣོན་བྱས་པའི་ལེ་ཚན་དེའི་ནང་དོན་ཕུན་སུམ་ཚོགས་ལ། རྣམ་པ་སྣ་མང་ཡིན་པ་དང་། ཉིན་རེར་ཆུ་ཚོད་བཅུའི་རིང་དུ་བསྒྲགས་གཏོང་བྱེད། བསྒྲགས་གཏོང་བྱེད་པའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད ༧: ༣༠ ནས ༡༣ : ༣༠ བར་དང་། ཕྱི་དྲོའི་ཆུ་ཚོད ༡༨ : ༠༠ ནས ༢༢ : ༠༠ བར་ཡིན། ཉན་མཁན་ཚོའི་དགོས་མཁོ་དང་གོམས་གཤིས། བོད་ཁུལ་གྱི་དྲིལ་བསྒྲགས་དགོས་མཁོ་བཅས་ལ་བསམ་བློ་བཏང་ནས། ལེ་ཚན་དེ་ཆ་ཚང་བོད་སྐད་ཀྱི་ལམ་ནས་བསྒྲགས་གཏོང་བྱ་རྒྱུ་ཡིན་པ་རེད། དེ་ལས་ཚན་པ་གཉིས་ནི་ཐད་གཏོང་གི་རྣམ་པ་བརྒྱུད་ནས་བསྒྲགས་གཏོང་བྱ་རྒྱུ་ཡིན་ལ། གཞན་དག་ནི་ཕབ་གཏོང་བྱ་རྒྱུ་རེད། ཕབ་གཏོང་གི་ཚན་པ་ནི་མིག་སྔར་ཁག་ཚན་ཁ་ཤས་སྒྲ་ཕབ་བྱས་ཡོད་པ་རེད།
“ལེ་ཚན་དེའི་ཁྱད་ཆོས་གཙོ་བོ་ནི་ཚན་རྩལ་སློབ་གསོ་གཙོ་བྱས་པ་དང་། ཚན་རྩལ་དང་སློབ་གསོ། ཞིང་ལས་སོགས་ཀྱི་ཁྱབ་ཁོངས་ནས་ཕབ་སྒྲིག་བྱས་ཏེ། མི་ཆོས་དང་སློབ་གསོ། ཚན་རྩལ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་བོད་སྐད་རླུང་འཕྲིན་ཞིག་སྒྲིག་བཟོ་བྱ་རྒྱུ་རེད”ཅེས་བོད་ལྗོངས་མི་དམངས་རླུང་བརྙན་འཕྲིན་ཁང་གི་གཙོ་འཛིན་གཞོན་པ་སྐལ་བཟང་ཡོན་ཏན་གྱིས་དེ་ལྟར་བཤད།
བོད་ལྗོངས་མི་དམངས་རླུང་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་ལྟ་སྐུལ་པ་ཉི་མ་དབྱངས་ཅན་གྱིས་རྒྱ་ཆེའི་ཉན་མཁན་ཚོར་ལེ་ཚན་གཉིས་འོས་སྦྱོར་བྱས་ཡོད་པ་ནི། 《ཨ་མའི་བུ་ལོ》 དང《༡༠༦༣ དཔེ་ཁང》ཞེས་པ་གཉིས་རེད། “ལེ་ཚན་གྱི་ནང་དོན་དང་བསྒྲགས་གཏོང་རྣམ་པ་གང་ཡིན་ཡང་། 《ཨ་མའི་བུ་ལོ》 ཞེས་པ་ནི་བྱིས་པ་ཚོར་འོས་ཤིང་འཚམས་པ་ཞིག་ཡིན། མིག་སྔར་ལེ་ཚན་དེའི་ཁག་ཚན་ཁ་ཤས་ཕབ་བསྐྲུན་བྱས་འཚག་ཡོད་པ་མ་ཟད། གྲོང་ཞོལ་ཁུལ་གྱི་སློབ་ཆུང་གཉིས་པ་དང་མཉམ་འབྲེལ་བྱས་ཡོད་ལ། དུས་སྐབས་དེར་སླེབས་དུས་ལེ་ཚན་གྱི་ནང་དོན་ལ་བྱིས་པ་ཚོས་དགའ་བསུ་ཐོབ་ཁོ་ཐག་ཡིན”ཞེས་བཤད་པ་རེད།(རྩོམ་འགན་པ། ལྷ་དབང)