ཐེ་ཝན་གྱི་ཀྲུང་དབྱང་ཆ་འཕྲིན་ལས་ཁུངས་ཀྱིས་བཀོད་པ་ལྟར་ན། གཞུང་ཕྱོགས་ཀྱིས་འཛམ་གླིང་གི་སྐྱེས་པ་རྒྱགས་ཤོས་སུ་བཀོད་པའི་ལོན་ཏོན་གྱི་སྡོད་དམངས་མཱ་ཏིན་ནི་ལོ ༤༤ ཡིན་ལ། ལུས་པོའི་ལྗིད་ཚད་ཀྱིས་ལོ་མང་པོར་སྡུག་ལ་སྦྱར་ཞིང་། ཉིན་འགའི་སྔོན་ལ་གློ་ཚད་ཀྱིས་མནར་ནས་ཚེ་ལས་འདས། ཁོས་ལྗིད་ཚད་སྤྱི་རྒྱ ༤༤༤ . ༥ ལ་བུད་མྱོང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། ལུས་རྒྱགས་པའི་ཁྲོད་ངན་སྐྲན་ཕོག་མཁན་ལོ་རེར་ཁྲི་ཚོ ༥༠ ཡོད་པ་གསུངས།
ཀྲུང་དབྱང་ཆ་འཕྲིན་ལས་ཁུངས་ཀྱིས་བཀོད་པ་ལྟར་ན། ཚེས ༢༥ ཉིན་སྤེལ་བའི་ཞིབ་འཇུག་གི་གྲུབ་འབྲས་གསར་བ་དེ་ལས་མངོན་པ་ནི། འཛམ་གླིང་གི་ས་ཆ་སོ་སོའི་ངན་སྐྲན་བྱུང་དཔེ་ཁྲི་ཚོ ༥༠ ཙམ་ལུས་པོའི་ལྗིད་ཚད་དང་འབྲེལ་ཡོད་ལ། སྤྱིའི་གྲངས་ཀྱི་བརྒྱ་ཆའི ༣.༦ ཟིན་ཡོད། དེའི་ནང་ནས་མེ་གླིང་བྱང་མའི་གནས་ཚུལ་ནི་ཆེས་ཚབས་ཆེན་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱི་མངའ་འོག་ལས་ཁུངས་རྒྱལ་སྤྱིའི་ངན་སྐྲན་ཞིབ་འཇུག་ལྟེ་གནས(International Agency for Research on Cancer)ཀྱིས། ཞིབ་འཇུག་འདིའི་གཞི་འཛིན་ས་ཁྱབ་ཆེ་ལ། རྒྱལ་ཁབ ༡༨༤ ཡི ༢༠༡༢ ལོའི་ངན་སྐྲན་ཕོག་མཁན་དང་དེའི་ཤི་ཚད་སྐོར་གྱི་དན་གྲངས་མཛོད་ཆེན་པོ་འདུས་ཡོད་ཅེས་གསུངས།
རྒྱལ་སྤྱིའི་ངན་སྐྲན་ཞིབ་འཇུག་ལྟེ་གནས་ཀྱིས་བཤད་རྒྱུར། ད་ལྟ་བདེ་ཐང་མཚོན་གྲངས(BMI)ནི་ཉེན་ཁའི་རྒྱུ་ཞིག་ཏུ་གྱུར་ཡོད་ལ། ༢༠༡༢ ལོར་ཁྲི་ཚོ ༤༨ .༡ གི་ངན་སྐྲན་བྱུང་དཔེ་ནི་ལུས་པོའི་ལྗིད་ཚད་དང་འབྲེལ་ཞིང་། སྤྱིའི་གྲངས་ཀྱི་བརྒྱ་ཆའི ༣ .༦ ཟིན་ཡོད་པ་དང་། སྐྱེས་པའི་ཁྲོད་དུ། ཁྲི་ཚོ ༡༣ .༦ ཡོད་པ། གསུམ་ཆའི་གཉིས་ལས་བརྒལ་བ་ནི་རྒྱུ་དཀར་དང་མཆིན་པའི་ངན་སྐྲན་ཕོག་མཁན་ཡིན། སྐྱེས་མའི་ཁྲོད་དུ། ཁྲི་ཚོ ༣༤ .༥ ཡོད་པ། གསུམ་ཆའི་བཞི་ཙམ་ནི་ཟླ་མཚན་རྗེས་སུ་ནུ་མ་དང་། བུ་སྣོད། རྒྱུ་དཀར་ངན་སྐྲན་ཕོག་མཁན་ཡིན། རྒྱལ་སྤྱིའི་ངན་སྐྲན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཝེ་དེ་ཡིས། དཔལ་འབྱོར་འཕེལ་རྒྱས་དང་བསྟུན་ནས། ལུས་པོའི་ལྗིད་ཚད་ཀྱི་དབང་གིས་ངན་སྐྲན་ཕོག་པའི་མི་གྲངས་ནི་འཕར་བ་ཡིན་ལ། དམངས་ཀྱིས་ལུས་སྟོབས་རན་པ་ཞིག་གིས་ངན་སྐྲན་ཕོག་པར་དོགས་ཟོན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན་ཉམས་མྱོང་ཞིག་ཀྱང་ཡིན་ལ། འཕེལ་རྒྱས་བྱུང་བའི་རྒྱལ་ཁབ་དག་ཏུ་ད་ལྟ་གནས་པའི་གནད་དོན་རྣམས་ཁོ་ཚོར་ཡང་བསྐྱར་འབྱུང་མི་སྲིད་ཞེས་གསུངས།
དེ་མ་ཟད། མེ་གླིང་བྱང་མའི་གནས་ཚུལ་ནི་ཆེས་ཚབས་ཆེན་ཡིན་ལ། ༢༠༡༢ ལོར་ལུས་པོའི་ལྗིད་ཚད་ཀྱིས་ངན་སྐྲན་ཕོག་མཁན་ཁྲི་ཚོ ༡༡ ཙམ་ཡོད་པ་ཤེས་རྟོགས་བྱུང་ལ། འཛམ་གླིང་སྤྱིའི་བརྒྱ་ཆའི ༢༣ ཟིན། ཕྱོགས་གཞན་ཞིག་ནས། བརྟག་དཔྱད་བྱེད་ནུས་དང་སྨན་བཅོས་བྱེད་ཐབས་ལ་འཕེལ་རྒྱས་བྱུང་བས། འཕེལ་རྒྱས་བྱུང་བའི་རྒྱལ་ཁབ་མང་ཆེ་བ་དང་། བྷ་རེ་ཟེ། ཁོ་ལོམ་པི་ཡ། ཨེ་ཁོ་དོར་རྒྱལ་ཁབ་བཅས་ཀྱིས་ནུ་མ་དང་། རྒྱུ་དཀར་ངན་སྐྲན་ལ་སྨན་བཅོས་བྱས་རྗེས་ལོ་ལྔའི་གསོན་ཚད་འཕར་ཡོད།(རྩོམ་འགན་པ། ལྷ་དབང)