ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁྲུའུ་རིམ་པ་རྒན་པ་དང་ཁྲུའུ་རིམ་པ་གཞོན་པའི་བུད་མེད་ལས་བྱེད་པ་ལོ་ཧྲིལ་པོ་60ལ་སླེབས་སྐབས་རྒན་ཡོལ་བྱས་ཆོག

2015-03-30
   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། བུད་མེད་འགོ་ཁྲིད་ལས་བྱེད་པ་དང་བུད་མེད་ཆེད་ལས་ལག་རྩལ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད་ཉེ་ཆར་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཏང་སྲིད་ལས་ཁུངས་དང་མི་དམངས་མཉམ་སྡེབ་ཁྲོད་ཀྱི་ཁྲུའུ་རིམ་པ་རྒན་པ་དང་གཞོན་པ་དང་དེ་བཞིན་དེ་དང་འདྲ་བའི་གོ་གནས་ཡོད་པའི་བུད་མེད་ལས་བྱེད་པ་དང་། བྱ་གཞག་ཚན་པའི་ནང་གི་ཏང་དོན་དང་སྲིད་འཛིན་དོ་དམ་ལས་དོན་གྱི་འགན་འཁུར་མཁན་ཁྲུའུ་རིམ་པ་རྒན་པ་དང་གཞོན་པ་དང་མཚུངས་པའི་བུད་མེད་ལས་བྱེད་པ། མཐོ་རིམ་ལས་གནས་ཀྱི་ཐོབ་ཐང་ཡོད་པའི་བུད་མེད་ཆེད་ལས་ལག་རྩལ་མི་སྣ་བཅས་ཡིན་ཕྱིན་ལོ་60ཧྲིལ་པོར་སླེབས་སྐབས་ལས་འཁྱུར་ངལ་གསོ་རྒྱག་ཆོག་པའི་བརྡ་ཐོ་བཏང་བ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། དེ་གོང་རྫོང་དང་ཁྲུའུ་རིམ་པའི་བུད་མེད་ལས་བྱེད་པ་དང་བུད་མེད་མཐོ་རིམ་རིགས་གཅིག་མཁས་ཅན་དེ་དག་སྐྱེས་པ་དང་ན་མཉམ་ལས་འཁྱུར་ངལ་གསོ་རྒྱག་པའི་སྲིད་ཇུས་གཏན་འཁེལ་བྱས་ཡོད་ཀྱང་རྒྱལ་ཡོངས་སུ་ལག་བསྟར་བྱེད་ཚུལ་གཅིག་གྱུར་མེད་པ་རེད། ད་ཐེངས་ཀྱི་བརྡ་ཐོ་དེས་བཙན་ཞིང་ནན་པའི་བླང་བྱ་ཤུགས་ཆེར་བཏང་ནས་སྔར་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད།
   དུས་མཚུངས་བརྡ་ཐོ་དེ་ཡོངས་སུ་གཅིག་གྱུར་མིན་པར་སྲིད་ཇུས་ཐད་ད་དུང་འགྱུར་ལྡོག་གཏོང་རྒྱུ་ཡོད་པ་སྟེ། གོང་དུ་བརྗོད་པའི་བུད་མེད་ལས་བྱེད་པ་དང་མཐོ་རིམ་ལས་གནས་ཀྱི་ཐོབ་ཐང་ཡོད་པའི་བུད་མེད་ཆེད་ལས་ལག་རྩལ་མི་སྣས་གལ་སྲིད་རང་ངོ་མས་ལས་འཁྱུར་ངལ་གསོ་རྒྱག་པའི་རེ་ཞུ་བྱས་ཚེ་ལོ་55ལ་སླེབས་སྐབས་རང་འདོད་ལྟར་ལས་འཁྱུར་ངལ་གསོ་རྒྱག་ཆོག འོན་ཀྱང་ལོ་60སླེབས་པའི་མཐོ་རིམ་ལས་གནས་ཀྱི་ཐོབ་ཐང་ཡོད་པའི་བུད་མེད་ཆེད་ལས་ལག་རྩལ་མི་སྣ་ཉུང་ཤས་ལས་ཀའི་དགོས་མཁོར་གཞིགས་ནས་ལས་འཁྱུར་ངལ་གསོ་རྒྱག་པའི་ལོ་སྣུར་སྲིང་བྱེད་དགོས་ཚེ་སྔར་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
   བརྡ་ཐོའི་ནང་རྫོང་དང་ཁྲུའུ་རིམ་པའི་བུད་མེད་ལས་བྱེད་པ་དང་མཐོ་རིམ་ལས་གནས་ཀྱི་ཐོབ་ཐང་ཡོད་པའི་བུད་མེད་ཆེད་ལས་ལག་རྩལ་མི་སྣའི་ལས་འཁྱུར་ངལ་གསོ་རྒྱག་པའི་ལོ་ཚད་ཀྱི་སྲིད་ཇུས་དེར་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་། སྲིད་ཇུས་རང་བཞིན་ཆེ་བ། ལས་བྱེད་ཤེས་ལྡན་མི་སྣའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་བཅས་ཡིན་པས་ས་ཁུལ་དང་སྡེ་ཚན་ཁག་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་ཁྲོད་ཐོན་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་ནན་པོ་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག