སློབ་མཐར་ཕྱིན་པའི་དུས་སུ་སླེབས་པ་དང་བསྟུན་ནས། སློབ་ཆེན་སློབ་མ་ཚོས་ལས་ཀ་བཙལ་དགོས་པ་མ་ཟད། ད་དུང་རྙོག་འཛིང་ཆེ་བའི་ལས་ཀ་ཞིག་ཡོད་པ་ནི། སློབ་ཆེན་ནས་ལས་ཀ་སྒྲུབ་སའི་གྲོང་ཁྱེར་དུ་ཁྱིམ་ཐོ་སྤོར་དགོས་པ་དེ་རེད། འཇོན་མི་ལྟེ་གནས་སུ་ཁྱིམ་ཐོ་བདག་གཉེར་བྱེད་དུ་འཇུག་ཆེད། སྒོར་སྟོང་ལྷག་སྤྲོད་དགོས་པ་མ་ཟད་ད་དུང་ཟླ་རེར་དོ་དམ་བྱེད་པའི་གླ་རིན་དུ་སྒོར་བརྒྱ་ཕྲག་ཁ་ཤས་སྤྲོད་དགོས་པ་རེད།
གསར་འགོད་པས་བཅར་འདྲི་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིན་དང་ཐེན་ཅིན། ནན་ཅིན། ཁྲིན་ཏུའུ། ནན་ཉིན། ཐའེ་ཡོན། ཁྲང་ཁྲིན་སོགས་གྲོང་ཁྱེར་མང་པོ་ནས། འཇོན་མི་ལྟེ་གནས་ཀྱིས་ཁྱིམ་ཐོ་བདག་གཉེར་གླ་རིན་དང་དོ་དམ་བྱེད་པའི་གླ་རིན་བསྡུ་བའི་སྣང་ཚུལ་ཡོད་པ་རེད། ཆེད་མཁས་པས་ཚོད་རྩིས་བྱས་པ་ལྟར་ན། རྒྱལ་ཡོངས་ནས་བསྡུས་པའི་ཁྱིམ་ཐོ་བདག་གཉེར་སྐོར་གྱི་གླ་རིན་སྒོར་དུང་ཕྱུར་ཁ་ཤས་ལེན་བཞིན་ཡོད། སྒོར་མོ་དེ་དག་བསྡུ་ལེན་བྱས་ཆོག་གམ། སྒོར་མོ་དེ་དག་བླངས་རྗེས་ཞབས་ཞུ་གང་འདྲ་མྱོང་ཐུབ་བཞིན་ཡོད་དམ།
ད་ལོར་པེ་ཅིན་གྱི་སློབ་ཆེན་ཞིག་ནས་མཐར་ཕྱིན་ཏེ་ཐེན་ཅིན་དུ་ལས་ཀ་སྒྲུབ་པར་སོང་བའི་བློ་མཐུན་ཁྲིན་ལགས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁོང་གིས་རང་ཉིད་ཀྱི་ཁྱིམ་ཐོ་ཀྲུང་གོའི་ཐེན་ཅིན་མི་ཤུགས་ཐོན་ཁུངས་གསར་སྤེལ་ཞབས་ཞུ་ལྟེ་གནས་སུ་འཇོག་རྩིས་བྱས་པར། ལས་སྒྲུབ་མི་སྣས་བདག་གཉེར་བྱེད་གླ་སྒོར ༧༠༠༠ དང་། ལོ་རེར་དོ་དམ་བྱེད་པའི་གླ་རིན་སྒོར ༦༨༠ སྤྲོད་དགོས་ཞེས་ཁོ་རང་ལ་དེ་ལྟར་བཤད་ཡོད། ཁོང་གིས“དོ་དམ་གླ་རིན་ལོ་རེ་རེར་སྤྲོད་དགོས་པ་མ་ཟད། ད་དུང་ཉིན་གཅིག་མ་གཏོགས་མ་བཞག་ཀྱང་ལོ་ཧྲིལ་བོའི་གླ་རིན་སྤྲོད་དགོས་པ་རེད”ཅེས་བཤད།
རྒྱུས་ལོན་བྱུང་བ་ལྟར་ན། དམངས་གཉེར་ཁེ་ལས་དང་རྒྱལ་ཁབ་གཞན་པའི་ཁེ་ལས། དངུལ་ཁང་སོགས་ལས་ཁུངས་ཀྱིས་རྒྱུ་རྐྱེན་སྣ་མང་དབང་གིས་གཅིག་བསྡུས་ཁྱིམ་ཐོ་བཙུགས་ནས། ས་གནས་དེ་གར་ཁྱིམ་ཐོ་འགོད་རྒྱུར་ཆ་རྐྱེན་ལོན་པའི་ས་ཁུལ་གཞན་པའི་ལས་བཟོ་བའི་ཁྱིམ་ཐོ་ས་གནས་དེ་གའི་འཇོན་མི་ལྟེ་གནས་སུ་འཇོག་པ་དང་། ས་ཁུལ་གཞན་པའི་ལས་བཟོ་བས་ས་གནས་དེ་གར་ཁང་བ་ཉོས་རྗེས་ད་གཟོད་རང་ཉིད་ཀྱི་ཁང་བ་ཡོད་གནས་སུ་ཁྱིམ་ཐོ་བཀོད་ཆོག་པ་རེད། མི་གྲངས་འཁོར་སྐྱོད་གནས་ཚུལ་ལོ་རེ་བཞིན་ཇེ་མང་གྱུར་བ་དང་བསྟུན་ནས། ཕྱི་རྒྱལ་གྱི་ཁེ་ལས་དང་དམངས་གཉེར་ཁེ་ལས་སུ་ལས་ཀ་གཉེར་དུ་སོང་བའི་སློབ་ཆེན་མཐར་ཕྱིན་སློབ་མ་ཚང་མར། རང་ཉིད་ཀྱི་ཁྱིམ་ཐོ་འཇོན་མི་ལྟེ་གནས་སུ་བདག་གཉེར་བྱེད་འཇུག་རྒྱུའི་གནད་དོན་དང་འཕྲད་ཡོད་པ་རེད།
ཐེན་ཅིན་ཀྲུང་ཐེན་མི་ཤུགས་མཐོ་རིམ་མཐར་ཕྱིན་སློབ་མ་ཞབས་ཞུ་སྡེ་ཁག་གིས་ལས་སྒྲུབ་མི་སྣས་བཤད་རྒྱུར།“ཁྱིམ་ཐོ་བདག་གཉེར་བྱེད་པའི་གླ་རིན་ནི་འཇོན་མི་ལྟེ་གནས་ཀྱིས་མཐར་ཕྱིན་སློབ་མའི་ཆེད་དུ་ཡིག་ཆ་བསྡུ་གཉེར་དང་སྤྱི་བདེ་ཅུས་སོགས་སྡེ་ཁག་ཏུ་འགྲོ་རིམ་སྒྲུབ་པར་འགྲོ་དགོས་པའི་གླ་རིན་རེད།”ཅེས་བཤད། མཐར་ཕྱིན་སློབ་མ་ཚོས་སྒོར་མོ་དེ་དག་སྤྲད་རྗེས་ཞབས་ཞུ་གང་དག་མྱོང་ཆོག་གམ། ཐེན་ཅིན་གྱི་ཀྲུང་གོའི་འཇོན་མི་ཚོང་ར་དང་ཀྲུང་ཐེན་ཐོན་ཁུངས་གསར་སྤེལ་ཞབས་ཞུ་ལྟེ་གནས། ལས་བཟོ་བ་བཅས་ཚང་མས་བཤད་རྒྱུར། འགྲོ་རིམ་ཚང་མ་སྒྲུབ་འཚག་པར་ཐེངས ༣ ནས ༥ བར་སྡེ་ཁག་དེ་དག་ལ་འགྲོ་དགོས་ཞེས་བཤད། གསར་འགོད་པ་ཀྲུང་ཐེན་མི་ཤུགས་ཐོན་ཁུངས་གསར་སྤེལ་ཞབས་ཞུ་ལྟེ་གནས་ནས་འབྲེལ་ཡོད་དོན་ཚན་སྐོར་རྩད་འདྲི་བྱས་པར། ལས་སྒྲུབ་མི་སྣས་མི་འཐད་པའི་རྣམ་འགྱུར་བསྟོན་བཞིན། “ཐེངས་ག་ཚོད་སོང་ཡོད་པ་ང་ལ་བརྩི་མི་དགོས། ཁྱིམ་ཐོ་འགོད་རྒྱུར་ལས་ཀ་མང་པོ་ཡོད་པས། ལས་དོན་དེའི་ཆེད་དུ་ཐེངས་གཉིས་གསུམ་ཙམ་ལ་འགྲོ་དགོས་པ་ནི་རྒྱུན་ལྡན་ཞིག་རེད”ཅེས་བཤད།
དོ་སྣང་བྱ་དགོས་པ་ཞིག་ནི། འཇོན་མི་ལྟེ་གནས་ཀྱིས་རྒྱུན་དུ་ཁྱིམ་ཐོ་འགོད་པའི་གླ་རིན་ནི་ལས་དོན་དེ་སྒྲུབ་པའི་བརྒྱུད་རིམ་ཁྲོད་འགྲོ་སོང་གཏོང་དགོས་པ་རེད་ཅེས་བརྗོད་ཀྱང་། ཐེན་ཅིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་གྲངས་དོ་དམ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣས་གསལ་བཤད་བྱ་རྒྱུར། ཐེན་ཅིན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མི་གཅིག་ལའང་ཁྱིམ་ཐོ་འགོད་རྒྱུར་གླ་རིན་ལེན་མྱོང་མེད། འཇོན་མི་ལྟེ་གནས་ཀྱིས་ཀྱང་ཁྱིམ་ཐོ་འགོད་པའི་གླ་རིན་དེ་སྤྱི་བདེ་ལས་ཁུངས་ལ་སྤྲད་མྱོང་མེད་ཅེས་བཤད་པ་རེད།