ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་བློན་ཁའོ་ལི་དང་མཇལ་འཛོམས་གནང་།

2015-04-20

ཁ་སང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨ་རིའི་སྲིད་བློན་ཁའོ་ལི་དང་མཇལ་འཛོམས་གནང་།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་བཏང་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚེས༡༧ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཨ་རིའི་སྲིད་བློན་ཁའོ་ལི་དང་མཇལ་འཛོམས་གནང་།

ཞིས་ཅིན་ཕིང་གིས་ཞི་བདེ་རྒྱ་མཚོའི་ཕང་བར་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཅིས་ཀྱང་ཤོང་ཐུབ་ཅེས་བརྗོད།

ཞིས་ཅིན་ཕིང་གིས་བསྟན་དོན། ང་དང་ཙུང་ཐུང་ཨོ་བྷ་མ་གཉིས་ཀའི་སུ་ཡིན་ཡང་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་མཉམ་པོར་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་མོས་མཐུན་ཡོད་པ་དང་། འདི་ཡང་ང་ཚོ་ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ཡང་ཡིན། ན་ནིང་གི་ཟླ༡༡པར་ཙུང་ཐུང་ཨོ་བྷ་མས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ངེད་གཉིས་མཇལ་འཛོམས་བྱུང་སྟེ་བསམ་ཚུལ་གཅིག་མཐུན་མི་ཉུང་བ་ཞིག་ཐོན་པ་མ་ཟད་ཕྱོགས་གང་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ད་ལོའི་ཟླ༩བར་ང་རང་ཡང་ཁོང་གི་གདན་འདྲེན་ལྟར་ཨ་རིར་རྒྱལ་དོན་འཚམས་འདྲིར་ཡོང་རྒྱུ་ཡིན་ལ། སྐབས་དེ་དུས་ཙོང་ཐུང་ཨོ་བྷ་མ་དང་མཉམ་དུ་ཀྲུང་ཨ་འབྲེལ་བ་དང་ཕྱོགས་གཉིས་ཀས་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཆེ་གྲས་ཀྱི་ཐད་ལ་མུ་མཐུད་དུ་ལྷག་བསམ་ཟོལ་མེད་ཀྱིས་ལྟ་ཚུལ་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེ་རུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ཡོངས་ལ་ཕན་བདེ་བསྐྲུན་དགོས།

ཞིས་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མིག་སྔའི་འབྲེལ་བ་སྤྱིའི་ཆ་ནས་གཏན་འཇགས་འཕེལ་རྒྱས་ཡོང་བཞིན་ཡོད་པ་དང་། ཀྲུང་ཨ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་ཐོག་མའི་གྲུབ་འབྲས་ཡང་མི་ཉུང་བ་ཞིག་བླངས་ཡོད་ལ། ན་ནིང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་མ་རྩ་འཇོག་པ། མི་སྣ་ཕར་འགྲོ་ཚུར་འོངས་སོགས་ཀྱི་གྲངས་འབོར་གྱིས་ལོ་རྒྱུས་ཟིན་ཐོ་གསར་བ་བསྐྲུན་ཡོད། ཕྱོགས་གཉིས་ཀས་ནུས་ཁུངས་དང་དམག་དོན། རིག་གནས་སོགས་ཕྱོགས་ཆེན་པོ་དག་གི་མཉམ་ལས་ལ་གྲུབ་འབྲས་གསར་བ་བླངས་ཡོད་པ་དང་། རྒྱལ་སྤྱིའི་རང་བཞིན་གྱི་ས་ཁུལ་དང་གོ་ལ་ཧྲིལ་བོའི་གནད་དོན་གལ་ཆེན་གྱི་ཕྱོགས་སུ་བསམ་ཚུལ་བརྗེ་རེས་དང་བཏང་སྙོམས་ཅི་ནུས་ཀྱིས་བྱས་ལ། གནས་བབ་གསར་བའི་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་གྲུབ་འབྲས་མང་པོ་གསོག་དགོས་པ་དང་། ཕྱོགས་གཉིས་ཀས་མཉམ་ལས་དོན་འཁྱོལ་ཡོང་བར་འབད་པ་བྱེད་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་ལེགས་པོ་ཁ་ཤས་བསྐྲུན་དགོས། དེ་དང་མཉམ་དུ་ཕྱོགས་གཉིས་ཀས་ལྟ་བ་མི་མཐུན་པ་དང་གྲོས་ཁ་མི་ཡོང་བའི་གནད་དོན་ཁག་ལ་ཚོད་འཛིན་དང་ཐག་གཅོད་ལེགས་པོ་བྱ་དགོས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོར་གནོད་པ་མི་ཡོང་བྱ་དགོས་ཞེས་བསྟན།

ཞིས་ཅིན་ཕིང་གིས་ངས་མུ་མཐའ་མེད་མི་མངོན་ཞིང་ཁོད་ཡངས་བའི་ཞི་བདེ་རྒྱ་མཚོའི་ཕང་བར་ཀྲུང་ཨ་རྒྱབ་ཁབ་གཉིས་ཅིས་ཀྱང་ཤོང་ཐུབ་ཅེས་ཐེངས་མང་པོར་ལབ་མྱོང་ཡོད། ངས་ཀྲུང་ཨ་རྒྱལ་ཁབ་གཉིས་ནས་དམིགས་པ་གཅིག་ལ་གདོང་མཉམ་གཏོད་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱེད་པ་དང་ཡིད་ཆེས་བརྟན་པོར་བཏང་ནས། མཉམ་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་བགྲོད་ལམ་དེ་བདེན་པའི་ལམ་བུ་ཞིག་ཏུ་བསྙེག་རྒྱུར་རེ་ལྟོས་ཆེན་པོ་བཅིངས་ཡོད་ཅེས་ཀྱང་བསྟན།

ཨ་རིའི་སྲིད་བློན་ཁའོ་ལི་ནས་ཙུང་ཐུང་ཨོ་བྷ་མས་ཀྲུའུ་ཞི་ཞིས་ཅིན་ཕིང་ཟླ༩བར་ཨ་རིར་ཕེབས་པར་རེ་ལྟོས་ཆེན་པོ་བཅིངས་ཡོད་ཚུལ་བསྟན།

སྲིད་བློན་ཁའོ་ལི་ཡིས་ང་རང་ཀྲུའུ་ཞིི་མཆོག་གིས་ཀྲུང་ཨའི་འབྲེལ་བའི་ཐད་དཔྱད་འཇོག་གནང་བར་འཐད་པ་ཡིན། ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ག་འདྲ་ཡིན་པ་དེ་ཧ་ཅང་གལ་ཆེན་པོ་འདུག ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཅིག་ནས་མཉམ་ལས་རྒྱ་ཆེན་པོ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ས་ཁུལ་ཁག་གི་གནད་དོན་ཚབས་ཆེའི་ཐད་དུ་ནུས་པོ་ཆེན་པོ་འདོན་སྤེལ་བྱེད་བཞིན་པ་འཛམ་གླིང་ཡོངས་ཀྱི་མིག་སྔུན་དུ་བཀྲམས་ཡོད། ཡང་ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་གཉིས་ཀས་ལྟ་བ་མི་མཐུན་པ་དང་གྲོས་ཁ་མི་ཡོང་བའི་གནད་དོན་ཁག་ལ་ཚོད་འཛིན་དང་ཐག་གཅོད་ལེགས་པོ་བྱས་ཡོད་པ་རེད། དེ་མིན་རྒྱལ་ཁབ་གཉིས་ཀྱིས་གནམ་གཤིས་འགྱར་ལྡོག་གི་གནོད་ཚབས་དང་ཨའེ་པོ་ལའི་ནད་ཡམས། དབྱི་ལང་གི་ཉིང་རྡུལ་གནད་དོན་སོགས་ཀྱི་ཐད་ནས་གྲོས་བསྡུར་དང་མཉམ་ལས་བཟང་པོ་བྱས་ཡོད་ལ། ཕྱོགས་གཉིས་ནས་ད་དུང་མུ་མཐུད་དུ་མཉམ་ལས་རྒྱ་ཇེ་ཆེ་ཇེ་ལེགས་སུ་བཏང་ཆོག་པར་བསྟན།

སྲིད་བློན་ཁའོ་ལི་ཡིས་ད་རུང་ནན་གྱིས་བསྟན་དོན། ཙུང་ཐུང་ཨོ་བྷ་མ་ནས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཟླ༩བར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་་བར་རེ་ལྟོས་ཆེན་པོ་བཅིངས་ཡོད་པ་དང་། ཀྲུའུ་ཞི་ཞིས་ཅིན་ཕིང་དང་ལྷན་དུ་རྒྱལ་ཁབ་གཉིས་ཀྱིས་སེམས་ཁུར་ཆེ་བའི་གནད་དོན་ཐད་ལྟ་བ་བརྗེ་རེས་བྱ་རྒྱུར་སྒུག་ཡོད་ཚུལ་བསྟན་ལ། སྐབས་དེ་དུས་ཁྱེད་དང་ཙུང་ཐུང་ཨོ་བྷ་མ་གཉིས་མཇལ་འཛོམས་བྱུང་ན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་ཇེ་བཟང་དུ་འགྲོ་ངེས་པ་དང་། ཨ་རིའི་ཕྱོགས་ཀྱིས་ད་ནས་ཐེངས་དེའི་མཇལ་འཛོམས་ལ་གྲ་སྒྲིག་བྱ་བཞིན་ཡོད་པ་དང་། ཀྲུང་གོར་མཐུན་སྦྱོར་དང་མཉམ་ལས་བཟང་པོ་བྱ་རྒྱུ་ཡིན་པར་བསྟན།

འབྲེལ་ཡོད་རྩོམ་ཡིག