མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་བར་བཀོད་པ་ལྟར་ན། ཉེ་ལམ་སུའུ་དན་དུ་བྱུང་བའི་སིབ་བིའི་རིམས་ནད་ཆེན་པོ་ནི་ད་དུང་མུ་མཐུད་དུ་མཆེད་བཞིན་པའི་སྒང་ཡིན་ལ། རྒྱལ་ཡོངས་ཀྱི་ས་ཁུལ ༡༨ ཁྲོད་དུ་ས་ཁུལ ༡༤ རུ་ནད་དུག་མཆེད་ཅིང་། མི ༡༧ གྱི་ཚེ་སྲོག་ཕྲོགས་པ་དང་། མི ༦༠༠༠ ལྷག་ལ་ནད་དུག་འགོས་ཡོད། དེ་མིན། དྲག་ཤུགས་ཀྱི་དབང་གིས་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་འགོག་སྲུང་ཐད་ཉམས་ཉེན་བཟོས་བའི་སྣང་ཚུལ་ནི་སྔར་ལས་ཚབས་ཆེ་བ་དང་། ཧ་ལམ་བྱིས་པ་ཁྲི་ཚོ ༣༥༠ ལ་རོགས་སྐྱོར་གྱི་དགོས་དབང་ཆེ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པའི་ཚོགས་མི། སུའུ་དན་གྱི་འགན་ལེན་པ་ཁཱ་ཕེ་ལའར(Geert Cappelaere) ཡིས་ཚེས ༥ ཉིན་སུའུ་དན་དུ་བྱུང་བའི་སིབ་བིའི་རིམས་ནད་ཆེན་པོ་དང་གཞན་འབྲེལ་གྱི་གནས་ཚུལ་འགའ་བསྒྲགས་ལ། འཕྲོད་བསྟེན་པུའུ་ཡིས་མིག་སྔའི་བར་དུ་རིམས་ནད་བྱུང་མཁན ༢༢༠༠ ཤེས་རྟོགས་བྱུང་བ་དང་། འདས་བའི་ལོ་དེ་དག་དང་བསྡུར་ན་ལྡབ ༤ ལྷག་འཕར་ཡོད་ཅིང་། དེ་ལས་བརྒྱ་ཆའི ༥༤ ནི་ལོ་ལྔ་མན་གྱི་བྱིས་པ་དང་། བརྒྱ་ཆའི ༢༨ ནི་ལོ ༡༥ ཡན་རེད། དུས་མཚུངས་སུ། མི ༢༧ རྐྱེན་ལམ་དུ་ཤོར་བ་དང་མི ༤༠༠༠ ལྷག་ལ་ཕལ་ཆེར་ནད་དུག་འགོས་ཡོད་པ་ཤེས། གཞན་ད་དུང་སུའུ་དན་དང་ཨེ་སེ་ཨོ་ཕི་ཡ། སུའུ་དན་གྱི་ལྷོ་ཕྱོགས་དང་ཆེ་ད་འབྲེལ་བའི་མཐའ་མཚམས་ས་ཁུལ་དུའང་སིབ་བིའི་རིམས་ནད་མཆེད་ཡོད།
ཁཱ་ཕེ་ལའར་ཡིས་བཤད་རྒྱུར། བྱིས་པའི་ཐེབས་རྩ་ཚོགས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། རྒྱལ་མཚམས་ལས་བརྒལ་བའི་སྨན་པའི་ཚོགས་པ་བཅས་ཀྱི་རོགས་སྐྱོར་འོག སུའུ་དན་གྱི་འཕྲོད་བསྟེན་པུའུ་ཡིས་བྱེད་ཐབས་གང་མང་སྤེལ་ཏེ་རིམས་ནད་ལ་བཀག་འགོག་བྱེད་བཞིན་ཡོད་ཅིང་། མིག་སྔར། རྒྱལ་ཡོངས་ནས་འགོག་སྨན་རྒྱག་པའི་བྱ་བ་དེ་བསྒྲུབ་ཚར་བ་དང་། དེའི་དམིགས་ཡུལ་ནི་བྱིས་པ་ཁྲི་ཚོ ༨༠༠ འདུས་པའི་མི་རྣམས་ཀྱི་རིམས་འགོག་གི་ནུས་པ་ཇེ་མཐོར་གཏོང་ཆེད་ཡིན།
བྱིས་པའི་ཐེབས་རྩ་ཚོགས་པས་འགོག་སྨན་ཉོ་བའི་ལས་དེ་འགན་ལེན་བྱས་ལ། སྔར་མེད་ཀྱི་མྱུར་ཚད་ཀྱིས་སུའུ་དན་ལ་འགོག་སྨན་ཁྲི་ཚོ ༩༠༠ མཁོ་སྤྲོད་བྱས་ཤིང་། དུས་མཚུངས་སུ་དྲིལ་བསྒྲགས་དང་སློབ་གསོའི་བྱ་བ་རྒྱ་ཆེར་སྤེལ་ནས་མི་རྣམས་ལ་འགོག་སྨན་རྒྱག་དགོས་པའི་གལ་ཆེན་རང་བཞིན་རྟོགས་སུ་བཅུག་པ་དང་། རང་འགུལ་གྱིས་བྱིས་པ་འཕྲོད་བསྟེན་ཁང་དུ་འགོག་སྨན་རྒྱག་པར་ཁྲིད་དགོས་པའི་འདུ་ཤེས་ཆགས་སུ་བཅུག
ཁཱ་ཕེ་ལའར་ཡིས། ཐེངས་འདིའི་སིབ་བིའི་རིམས་ནད་ཆེན་པོ་བྱུང་དོན་ནི། ནམ་ཡང་རྒྱུན་མི་ཆད་པའི་དྲག་ཤུགས་གང་མང་དང་འབྲེལ་ཡོད་ཅིང་། དེས་སུའུ་དན་གྱི་རྩ་བའི་འཕྲོད་བསྟེན་དང་ཞབས་འདེགས་ལས་རིགས་ཉམས་པར་བྱས་ལ། འཕྲོད་བསྟེན་ཐད་ཀྱི་སྒྲིག་ཆས་དག་བཀོལ་མ་ཐུབ་པས། རྒྱུན་ལྡན་གྱི་འགོག་སྨན་རྒྱག་པའི་ལས་དག་འཆར་འགོད་ལྟར་ལེགས་འགྲུབ་བྱུང་མ་ཐུབ། སུའུ་དན་གྱི་ས་ཁུལ་ལ་ལར་སྔར་བཞིན་དྲག་ཤུགས་མང་ལ་བདེ་འཇགས་མིན་པ་དང་། རྒྱལ་སྤྱིའི་མི་ཆོས་རིང་ལུགས་འགོག་སྲུང་གི་ལས་བྱེད་མི་སྣ་དག་གནས་དེར་ཐོན་ནས་རོགས་སྐྱོར་བྱ་བའང་སྤེལ་ཐུབ་ཀྱིན་མི་འདུག་ལ། འགོག་སྨན་རྒྱག་མ་ཐུབ་པའི་བྱིས་པ་མང་པོར་ནད་དུག་འགོ་བའི་ཉེན་ཁ་ཆེན་པོ་དང་ལྡན། དཔེར་ན། ཏཱའར་ཧྥེའར་གྱི་ཤར་རྒྱུད་ས་ཁུལ་དུ། སིབ་བིའི་དབང་གིས་ཤི་ཚད་ནི་བརྒྱ་ཆའི ༡༣ ལ་ཐོན་ཡོད་ལ། བྱིས་པའི་ཐེབས་རྩ་ཚོགས་པས་དེར་དམིགས་ནས་གྲོས་གཞི་གཉིས་བཏོན་ཡོད་པ་ལས། གཅིག་ནི་སུའུ་དན་སྲིད་གཞུང་དང་སྲིད་གཞུང་ལ་རྒོལ་བའི་དྲག་ཤུགས་དཔུང་ཚོགས་ལ་སྐུལ་འདེད་ནན་མོ་བྱས་ཏེ། མྱུར་དུ་ཆ་རྐྱེན་ཅི་ཡང་མི་འདོན་པར་བྱིས་པའི་ཐེབས་རྩ་ཚོགས་པ་དང་དེའི་ལས་གྲོགས་དག་བཀག་འགོག་མེད་པར་རིམས་ནད་བྱུང་ཁུལ་དུ་ཐོན་ཏུ་བཅུག་ནས། བྱིས་པར་འགོག་སྨན་རྒྱག་པའི་ལས་དེ་བདེ་ལེགས་ངང་འགྲུབ་པར་བྱེད་དགོས། གཉིས་ནི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་དན་སྲིད་གཞུང་གི་བུ་ལོན་ཉུང་བ་དང་ཡང་ན་མེད་པར་བཟོས་སྟེ། ཁོ་ཚོའི་འཕྲོད་བསྟེན་དང་། ལུས་ཁམས་བདེ་སྲུང་། སྤྱི་ཚོགས་ཞབས་འདེགས། ཟས་བཅུད་ཐད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པར་སྐུལ་དགོས།
ཁ་བྱང་ཕྱི་མོ། སུའུ་དན་སིབ་བིའི་རིམས་ནད་ཆེན་པོས་མི ༢༧ གྱི་ཚེ་སྲོག་ཕྲོགས་པ་དང་མི ༦༠༠༠ ལ་ནད་དུག་འགོས།