ཕྱི་ཟླ ༥ པའི་ཚེས ༩ ཉིན་མཚོ་སྔོན་མགོ་ལོག་རྨ་ཆེན་རྟ་བོ་གྲོང་གི་བུ་མོ་ཆོས་སྐྱིད་སྒྲོལ་མས་ཡ་གླིང་ན་གཞོན་མཆོང་རྒྱུག་གཟེངས་རྟགས་རྩོད་ལེན་ཁྲོད་འདུར་རྒྱུག་འགྲན་སྡུར་གྱི་ཨང་གཉིས་པ་བླངས་པའི་གསར་འགྱུར་ཐོན་འདུག
མཚོ་སྔོན་གཙོད་དྲ་བའི་གསར་ལམ་དུ་ཟླ ༥ པའི་ཚེས ༩ ཉིན་ཁོ་ཌར(Qatar)ནས་འབྱོར་བའི་འཕྲིན་བཟང་བཀོད་པ་ལྟར་ན།གནས་དེ་གའི་ཡ་གླིང་ན་གཞོན་མཆོང་རྒྱུག་འགྲན་སྡུར་ཁྲོད་ཞུགས་པའི་མཚོ་སྔོན་ལུས་རྩལ་སློབ་ཆེན་གྱི་སློབ་མ་ཆོས་སྐྱིད་སྒྲོལ་མས་ཉིན་དེའི་སྔ་དྲོའི་རྨིད ༥༠༠ ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་གཉིས་པ་བླངས་འདུག
གསར་ལམ་གྱི་གནས་ཚུལ་ལྟར་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་ནས་སྐྱེས་པའི་བུ་མོ་ཆུང་ཆུང་ཆོས་སྐྱིད་སྒྲོལ་མ ༢༠༡༢ ལོར་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་ཆེན་གྱི་འདུར་རྒྱུག་རུ་ཁག་ཏུ་ཞུགས་པ་དང་། ལོ་བཅུ་བདུན་ལ་སོན་པའི་བུ་མོ་ཆུང་ཆུང་འདིས ༢༠༡༤ ལོའི་ཟླ ༨ པར་མཚོ་སྔོན་དོ་པའི(སྒྲ་སྒྱུར་བྱས)གཞུང་ཕྱོགས་ས་མཐོའི་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི"ལི་ནིག་མཆོང་རྒྱུག་རྟགས་མའི་རིང་འགྲན་རྣམ་གྲངས་ཀྱི་ས་མཐོའི་རྒྱལ་ཕམ་འགྲན་རྩོད་སྐབས་བཞི་བའི"ཁྲོད་སྤྱི་ལེ་ལྔ་དང་བཅུ་སོ་སོའི་ཨང་དང་པོ་བླངས་པ་དང་། ༢༠༡༤ ལོའི་ཟླ ༩ པར་ཅི་ལིན་ཁྲང་པེ་རི་བོ་ནས་འཚོགས་པའི་རྒྱལ་ཡོངས་འདུར་རྒྱུག་ཁྲོད་ཨང་གསུམ་པ། ༢༠༡༤ ལོའི་ཟླ ༡༠ པའི་ཚེས ༡༠ ཉིན་སུའུ་ཀྲུའུ་ནས་ཐེ་ཧུའུ་མཉམ་སྐོར་ལྗོངས་རྒྱུ་རྟགས་མའི་རྒྱལ་སྤྱིའི་འདུར་རྒྱུག་དང་ཉིན་མང་བསྐྱོད་པའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་གསུམ་དང་གཉིས་པ་གཅིག་བླངས། ༢༠༡༤ ལོའི་ཟླ ༡༠ པའི་ཚེས ༡༦ ཉིན་སུའུ་ཀྲུའུ་ཝུ་ནས་སྤེལ་བའི ༢༠༡༤ ལོར་བྱུང་བའི་རྒྱལ་ཁབ་ཨོ་རྩལ་འགྲན་ཚོགས་ཐོག་ཞུགས་མི་་སྦྱོང་བརྡར་ལྟེ་གནས་ནས་ཡ་གླིང་ན་གཞོན་མཆོང་རྒྱུག་གཟེངས་རྟགས་རྩོད་ལེན་གྱི་ལུས་རྩལ་བར་བདམས་ཐོན་བྱུང་སྐོར་དང་། ཡ་གླིང་ན་གཞོན་མཆོང་རྒྱུག་གཟེངས་རྟགས་རྩོད་ལེན་དུ་ཞུགས་པའི་ལུས་རྩལ་བ་ཚང་མ་རྒྱལ་ཁབ་དེའི་གཟིགས་སྐྱོང་ཆེ་ཤོས་དག་ཡིན་པ་དང་། ཆོས་སྐྱིད་སྒྲོལ་མ་ཡང་རྒྱལ་ཁབ་ལུས་རྩལ་ཅུའི་མཆོང་རྒྱུག་སྡེ་ཁག་གི་ན་གཞོན་ཚོགས་པས་ཆེད་མངགས་ཀྱིས་རྒྱལ་ཚབ་བྱས་ཏེ་འགྲན་རྩོད་དུ་ཞུགས་པའི་ཚུལ། དེ་མིན་རྒྱལ་ཁབ་ལུས་རྩལ་ཅུའི་མཆོང་རྒྱུག་ལུས་རྩལ་སྡེ་ཁག་ན་གཞོན་ཚོགས་པས་གཟིགས་སྐྱོང་ཐོབ་པ་འདི་ལོ་འདི་དག་ལ་མོའི་གྲུབ་འབྲས་དང་འབྲལ་ཐབས་མེད་སྐོར་སོགས་བརྗོད་འདུག
ཆོས་སྐྱིད་སྒྲོལ་མའི་མཛུབ་སྟོན་དགེ་རྒན་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་ཆེན་གྱི་འདུར་རྒྱུག་སློབ་དཔོན་ཡུ་ཧུ་ཕིན་གྱིས་གསར་འགོད་པར"ཆོས་སྐྱིད་སྒྲོལ་མའི་དེ་རིང་གི་གྲུབ་འབྲས་ཁོ་མོའི་བརྩོན་པ་དང་འབྲལ་ཐབས་མེད"པ་དང་། སྤྱིར་བཏང་གི་སྦྱོང་བརྡར་དུ་མོ་བདུན་རེར་མ་མཐར་སྤྱི་ལེ ༡༨༠ བསྐྱོད་དགོས་ལ། ལྷག་པར་ཁོ་ཌར་གྱི་ཡ་གླིང་ན་གཞོན་མཆོང་རྒྱུག་གཟེངས་རྟགས་རྩོད་ལེན་པར་བདམས་པ་ནས་བཟུང་སྦྱོང་རོགས་སོགས་གང་ཡང་མེད་པར་ཉིན་རེར་སྤྱི་ལེ ༣༠ རྒྱུག་སྟེ་ཆུ་ཚད་སྔར་ལས་མཐོ་ནས་མཐོ་རུ་བཏང་ཡོད་ཚུལ་གསུངས།
ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། བྲག་གིས་རི་བོ་འབིགས་པ་ལྟོས་ཞེས་པའི་དཔེ་ལྟར། ནམ་རྒྱུན་བརྩོན་པ་ལྷོད་མེད་བྱེད་པའི་ཆོས་སྐྱིད་སྒྲོལ་མ་དགེ་རྒན་དང་མཉམ་དུ་ཁོ་ཌར་གྱི་ཡ་གླིང་ན་གཞོན་མཆོང་རྒྱུག་འགྲན་བསྡུར་ཁྲོད་ཞུགས་པ་མ་ཟད། སྐར་མ་ཉེར་བཞི་དང་སྐར་ཆ་བཞི་ཡིས་དངུལ་གྱིས་རྟགས་མ་བླངས། འདི་ནི་རྒྱལ་སྤྱི་རང་བཞིན་གྱི་འགྲན་བསྡུར་ཐོག་ཞུགས་པའི་བོད་རིགས་བུ་མོ་གཉིས་པ་དང་བྱ་དགའ་ཐོབ་པ་ཡང་གཉིས་པར་གྱུར་ཡོད་རེད།
ཕྱི་ལོ ༢༠༡༢ ལོའི་ལུན་ཏོན་ཨོ་རྩལ་འགྲན་ཚོགས་ཐོག་མཚོ་བྱང་མདའ་བཞི་རྫོང་ནས་ཡིན་པའི་ཆོས་དབྱངས་སྐྱིད་ཀྱིས་སྤྱི་ལེ ༢༠ ཡི་འདུར་རྒྱུག་ལ་ཆུ་ཚོད་གཅིག་དང་སྐར་ཉེར་ལྔ་སྐར་ཆ་བཅུ་དྲུག་གིས་ཨང་གསུམ་པ་བླངས་པ་ནི་ཨོ་རྩལ་ཐོག་བོད་རིགས་བུད་མེད་ལུས་རྩལ་བར་བྱ་དགའ་ཐོབ་པ་ཐོག་མར་གྱུར།