ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བལ་བོར་ཡང་འགུལ་ཚད༧.༥ཡིན་པའི་ས་ཡོམ་དྲག་པོ་བྱུང་། བོད་ལྗོངས་ལ་ཡང་ཡོམ་འགུལ་ཐེབས།

2015-05-13

བལ་བོར་ཡང་འགུལ་རིམ༧.༥ཡིན་པའི་ས་ཡོམ་དྲག་པོ་བྱུང་བ་དང་། བོད་ལྗོངས་སུ་ཡང་ཡོམ་འགུལ་མངོན་གསལ་ཐེབས།

པེ་ཅིང་གི་དུས་ཚོད་ཟླ ༥ ཚེས ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༡༥ དང་སྐར་མ ༥ སྟེང་བལ་བོར་ཡང་འགུལ་ཚད་རིམ་པ༧.༥ཡིན་པའི་ས་ཡོམ་དྲག་པོ་བྱུང་བ་དང་། ཀ་ཏ་མན་རྡུའི་ཐེ་མུར་སྲང་ལམ་དུ་ས་ཡོམ་གྱི་གནོད་འཚེ་ལ་བྱོལ་བའི་མང་ཚོགས་ཀྱི་ཁེངས་འདུག

ལྷ་སའི་དྲ་གྲོགས་ཤིག་གིས་ཟླ ༥ ཚེས ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༡༥ དང་སྐར་མ ༥ སྟེང་ཁྱིམ་གྱི་དཔྱང་ཞུར་གཡོ་འགུལ་དྲག་པོ་ཐེབས་པ་བརྙན་བླངས་ནས་བསྐུར་འདུག

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། "ས་ཡོམ་བྱུང་བའི་རྗེས། ང་ཚོ་ནི་ཁང་བའི་ཉེ་འགྲམ་གྱི་ས་སྟོང་དུ་བྲོས་པ་ཡིན། ས་ངོས་ནི་དུས་ཡུན་སྐར་ཆ་བཅུ་ཙམ་གྱི་རིང་ལ་འདར་འགུལ་བྱས་སོང་། སྡོད་ཁང་ཐོག་བརྩེགས་གཉིས་པར་ཡོད་པའི་རྐྱེན་གྱིས། ཡོམ་འགུལ་དྲག་པོ་བྱུང་མ་སོང"ཞེས་བལ་བོའི་ཀ་ཏ་མན་རྡུའི་ཐེ་མུར་སྲང་ལམ་ཁུལ་དུBrahmakumariགནས་བའིསྐུ་ཞབས་ཀྲོ་ཕན་གྱིས་འདི་འདྲ་བཤད་བྱུང་། ཁོས་ཀ་ཏ་མན་རྡུ་ནས་བསྐུར་ཡོང་བའི་འདྲ་པར་དུ། མང་ཚོགས་ཕལ་ཆེ་བ་རང་ཁྱིམ་ནས་སྲང་ལམ་དུ་བྲོས་ཡོང་ཡོད་པ་དང་། སྡོད་ཁང་མང་པའི་སྲང་ལམ་དོག་པོ་ད་ལྟ་སྟོང་བར་གྱུར་ཡོད།

ཀྲུང་གོའི་ས་འགུལ་བརྟག་དཔྱད་དྲ་བས་ཚད་འཇལ་གཏན་ཁེལ་བྱས་པ་ལྟར་ན། ཟླ ༥ ཚེས ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༡༥ དང་སྐར་མ ༥ སྟེང་དུ་བལ་བོར(བྱང་འཕྲེད་ཐིག་ཏུའུ ༢༧.༨དང་ཤར་གཞུང་ཐིག་ཏུའུ ༨༦.༡)ཡང་འགུལ་ཚད་རིམ་པ༧.༥ ཡིན་པའི་ས་ཡོམ་བྱུང་འདུག འགུལ་ཁུངས་ཀྱི་ཟབ་ཚད་སྟོང་རྨིད ༡༠ རེད།

"འདིའི་སྔོན་ཏག་ཏག་ལ་ཁྱིམ་གྱི་དཔྱང་ཞུ་ནི་གཡོ་འགུལ་ཡུན་རིང་བོར་བྱས་སོང་། ངས་གནས་སྐབས་དེར་བརྙན་དུ་བླངས་པ་ཡིན། ང་ཚོ་འཇིགས་སྐྲག་ཆེན་པོ་སྐྱེས་མ་བྱུང"ཞེས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་གྱི་སྡོད་དམངས་བདེ་སྐྱིད་སྒྲོལ་དཀར་གྱིས་དེ་འདྲ་བཤད་བྱུང་། རྒྱུས་ལོན་བྱས་ཏེ་ཤེས་གསལ། ཐེངས་འདིའི་ས་ཡོམ་ཁྲོད་ལྷ་སར་ཡོམ་འགུལ་ཆེན་པོ་ཐེབས་མེད་པ་རེད།

"གནས་སྐབས་དེར་ཚང་མས་ཡོམ་འགུལ་བྱེད་བཞིན་པ་ཚོར་བས། ས་ཡོམ་བྱུང་སོང་ཞེས་སྐད་ཆེན་པོ་བརྒྱབ་པ་དང་། སྡེ་མི་རྣམས་ཕྱི་ལ་འབྲོ་རུ་བཅུག་པ་རེད། ད་ལྟ་སྡེ་མི་ཡོངས་ཕྱི་ལ་ཡོང་ནས་བསྡད་ཡོད། ཐེངས་སྔོན་མའི་ས་ཡོམ་ཁྲོད་སྡོད་ཁང་གོས་ཁ་ཆེན་པོ་བྱུང་བས། ད་ལྟ་དེ་དག་སྔར་བས་ཇེ་ཆེ་རུ་གྱུར་ཡོད"གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཕན་སྐྱིད་ཤང་ཕན་སྐྱིད་གྲོང་ཚོའི་གྲོང་སྡོད་ལས་བྱེད་པས་འདི་འདྲ་གསལ་བཤད་གནང་།

སྐྱིད་རོང་རྫོང་གི་ཡོམ་འགོག་གནོད་སྐྱོབ་ལས་ཀའི་འཛུབ་སྟོན་པ་སྐྱིད་རོང་རྫོང་གི་རྫོང་དཔོན་གཞོན་པ་ཝང་ཝུན་ཞང་གིས་གསལ་བཤད་བྱེད་རྒྱུར། ཡུལ་དེའི་ཡོམ་འགུལ་ཚད་དྲག་པོ་ཡིན་པ་དང་འདར་འགུལ་དུས་ཡུན་རིང་བོ་བྱུང་ཟེར། མིག་སྔར་མི་གྲངས་རྩིས་ལེན་བྱེད་བཞིན་ཡོད་པ་རེད།

དེ་མིན། སྤྱི་བདེའི་མཐའ་སྲུང་གཉའ་ལམ་མཐའ་མཚམས་བརྟག་དཔྱད་ས་ཚིགས་ནས་ཡོང་བའི་གསན་ཚུལ་ལྟར་ན། འགྲམ་གྲོང་བརྡལ་དུ་ཡང་ཡོམ་འགུལ་དྲག་པོ་བྱུང་ཡོད་པ་རེད། དམག་མི་རྣམས་དམག་སྒར་ལས་མྱུར་བར་ཕྱིར་བུད་པ་དང་། ས་སྟོང་དུ་རུབ་ཡོད་པ་རེད།

ངེད་དྲ་བའི་གསར་འགོད་པས་ཆུ་ཚོད ༡༥ སྐར་མ ༤༠ སྟེང་ཀྲུང་གོའི་བལ་སྡོད་གཞུང་ཚབ་ཁང་ལ་འབྲེལ་བ་བྱས་པ་དང་། མགོན་པོ་ནས་བཤད་རྒྱུར། "མིག་སྔར་གཞུང་ཚབ་ཁང་ནི་བདེ་ལེགས་ངང་གནས་ཡོད"ཟེར། ནོར་བུ་ལགས་ཀྱིས་བཤད་རྒྱུར"ཡོམ་འགུལ་དྲག་པོ་བྱུང་སོང་། ང་ཚོ་བདེ་འཇགས་ཡིན། བཀའ་དྲིན་ཆེ།"ཟེར།

བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ནི་ཐེངས་འདིའི་འགུལ་ལྟེ་དང་བར་ཐག་སྤྱི་ལེ ༣༡༧.༣ ཡོད། དུས་ཚོད ༡༥ དང་སྐར་མ ༣༦ སྟེང་ཀྲུང་གོའི་ས་འགུལ་བརྟག་དཔྱད་དྲ་བས་སླར་ཡང་གནས་ཚུལ་སྤེལ་དོན། བལ་བོར་ཡང་འགུལ་ཚད་རིམ་པ ༦.༢ ཡིན་པའི་ས་འགུལ་བྱུང་བ་དང་། འགུལ་ཁུངས་ཟབ་ཚད་སྟོང་རྨིད ༡༠ ཡོད། ཐེངས་འདིའི་ས་འགུལ་ནིSahareཟེར་བའི་ས་ཁུལ་དང་ཐག་ཉེ་བ་རེད།

༢༠༠༨ ལོའི་ཟླ ༥ ཚེས ༡༢ ཉིན། སི་ཁྲོན་ཝུན་ཁྲོན་དུ་འགུལ་ཚད་རིམ་པ ༨.༠ ཡིན་པའི་ས་ཡོམ་དྲག་པོ་བྱུང་། ཀྲུང་གོའི་མི་གྲངས ༦༩༢༢༧ ས་ཡོམ་ཁྲོད་ཚེ་ལས་འདས། ད་ལྟའི་བར་ལོ ༧ འགོར་ཡོད། མི་རྣམས་ཀྱིས་ཝུན་ཁྲོན་ས་ཡོམ་ཆེན་པོར་མྱ་ངན་རྗེས་དྲན་ཞུ་བའི་སྐབས་འདི་ལ། ཉི་མ་གཅིག་པའི་ནང་བལ་ཡུལ་དུ་དུས་ཚོད་གཅིག་གི་རིང་འགུལ་ཚད་རིམ་པ ༧.༥ དང ༦.༥ ཡིན་པའི་ས་ཡོམ་བསྟུད་མར་བྱུང་།

འབྲེལ་ཡོད་རྩོམ་ཡིག