བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཟུར་པ་མེང་ཏེ་ལིའི་གོ་གནས་འཐེན།
སྤྱི་ཟླ ༥ བའི་ཚེས ༢༢ ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རེ་ཞུ་ལྟར་འཆི་མེད་རིག་འཛིན་དང་། ཧྥིང་ལིང་མེན། ཝང་ཧྲུང་ཆུན་བཅས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཟུར་པར་བསྐོ་བཞག་གནང་བའི་གྲོས་གཞི་ལ་གྲོས་འཆམ་བྱུང་བ་དང་། རེས་གཅིག་ལ་སྲིད་གཞུང་གི་ཀྲུའུ་ཞི་ཟུར་པ་གསུམ་བསྐོ་བཞག་གནང་བའི་རྒྱལ་ཡོངས་ཀྱི་དང་པོར་གྱུར། དུས་མཚུངས་ལོ༦༠ལ་སོན་པའི་མེང་ཏེ་ལིའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཟུར་པའི་གོ་གནས་འཐེན།
གསར་དུ་བསྐོ་བཞག་གནང་པའི་སྲིད་གཞུང་གི་ཀྲུའུ་ཞི་ཟུར་པ་གསུམ་ནི་བོད་ལྗོངས་སུ་ལོ་ངོ་དུ་མར་ཕྱག་ལས་གནང་མྱོང་བའི་བོད་ལྗོངས་པ་རྒན་པ་ཏག་ཏག་ཡིན་ལ། དེའི་ནང་ཝང་ཧྲུང་ཆུན་ནི་ཁྲིམས་ལུགས་སློབ་གསོ་ལས་སྒོ་ནས་འཚར་ལོངས་བྱུང་བའི་སྲིད་ཁྲིམས་པ་རྒན་པ་ཞིག་དང་ཁྲིམས་ལུགས་ཀྱི་རབ་འབྱམས་པའི་ཡོན་གནས་ལྡན་པ། ལྷག་པར་བོད་རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཞིབ་བཤེར་ཁང་། སྤྱི་བདེ་ཐིང་བཅས་སོ་སོ་ནས་ཕྱག་ལས་གནང་ཏེ་ལོ་ངོ༣༢ཟིན་ཡོད་པ་རེད།
ད་ལོ་ལོ་ན༥༡ལ་སོན་པའི་ཝང་ཧྲུང་ཆུན་ནི་ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་ཁྲིམས་ལུགས་སྡེ་ཚན་གྱི་༡༩༧༩ལོའི་སློབ་མ་ཡིན་ཞིང་། སློབ་གྲྭ་དེ་གའི༧༨ལོ་དང་། ༧༩ལོ། ༨༠ལོའི་སློབ་མ་རྣམས་ལ་ཁྲིམས་ལུགས་ལས་རིགས་ཀྱི“ཧོང་ཕུ་དམག་མིའི་སློབ་གྲྭའི”ཡང་རྩེའི་དུས་སྐབས་གསུམ་ཞེས་པའི་མཚན་སྙན་ཡོད་པ་དང་། མིག་སྔར་རང་རྒྱལ་གྱི་སྲིད་ཁྲིམས་དང་། ཁྲིམས་ལུགས་རིག་པའི་མངའ་ཁོངས་ན་མིང་དོན་མཚུངས་པའི་མི་སྣ་གལ་ཆེན་སྐོར་ཞིག་ཡོད་པ་ཚང་བསྲིངས་བྱས་པ་རེད་འདུག དཔེར་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཀྲུའུ་ཆིང་དང་། སྤྱི་བདེ་པུའུ་རྒྱུན་ལས་པུའུ་ཀྲང་ཟུར་པ་དབྱང་ཧུན་ཉིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་བཟོ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཟུར་པ་ཤ་ཡུང་། མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ཧེ་ཐེང་། ཧུ་ནན་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ཁང་ཝེ་མེན། ཁྲིམས་ལུགས་རིག་པའི་དགེ་རྒན་ཆེ་མོ་ཧེ་ཝེ་ཧྥིང་། ཡུན་ཆི་ལིན་སོགས་ལྟ་བུའོ།
ཝང་ཧྲུང་ཆུན་ནི་༡༩༨༣ལོར་སློབ་གྲྭ་དེ་ག་ནས་མཐར་ཕྱིན་རྗེས་ཐད་ཀར་བོད་རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དུ་ལས་བགོས་ཀྱིས་ཕྱག་ལས་གནང་ནས་ལོ༢༢ཟིན། ལོ༤༠ཐོག་ཐིང་རིམ་པའི་གོ་གནས་ཐོབ་ཅིང་། སྐབས་དེར་བོད་ལྗོངས་ཀྱི་ལོ་ན་ཆེས་གཞོན་པའི་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པར་གྱུར། ༢༠༠༥ལོར་རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ རྒྱུན་ལས་ཨུ་ཡོན་ཧྲུའུ་ཅི་ཟུར་པ་དང་། རང་སྐྱོང་ལྗོངས་བརྟན་སྲུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཟུར་པ་དང་པོར་བསྐོ་བཞག་གནང་། ༢༠༡༠ལོར་རང་སྐྱོང་ལྗོངས་ཏང་ཨུའི་སྲིད་ཁྲིམས་ཨུའི་དྲུང་ཡིག་ཆེན་ཆེ་མོའི་འགན་བཞེས། ༢༠༡༢ལོར་སྤྱི་བདེ་ཐིང་ཏང་ཨུའི་ཧྲུའུ་ཅི་ཟུར་པ་དང་། རྒྱུན་ལས་ཐིང་ཀྲང་ཟུར་པའི་འགན་བཞེས། ལོ་ཕྱེད་རྗེས་སུ་རང་སྐྱོང་ལྗོངས་ཞིབ་བཤེར་ཁང་ཏང་ཙུའུ་ཧྲུའུ་ཅི་ཟུར་པ་དང་རྒྱུན་ལས་ཞིབ་བཤེར་པ་ཟུར་པར་བསྐོས།
རང་སྐྱོང་ལྗོངས་ཏང་ཨུའི་སྒྲིག་འཛུགས་པུའུ་རྒྱུན་ལས་པུའུ་ཀྲང་ཟུར་པ་ཞུས་ཁྲེང་ཚང་གིས་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་མི་དམངས་འཐུས་མིའི་ཚོགས་ཆེན་ལ་གསལ་བཤད་བྱེད་སྐབས། ཝང་ཧྲུའུ་ཆུན་གྱིས་དུས་ཡུན་རིང་བོར་སྲིད་ཁྲིམས་ཀྱི་ཕྱག་ལས་གནང་མྱོང་པས། ཁྲིམས་ལུགས་ཀྱི་རྨང་གཞི་བརྟན་ལ། རྙོག་དྲ་ཆེ་བའི་དོན་དག་ཐག་གཅོད་ལ་མཁས་པ་དང་། སྲིད་ཁྲིམས་ལས་ཀར་བྱང་ཆ་ལྡན་པ་མ་ཟད། ལོ་༡༢ ཀྱི་རིང་ལ་ཐིང་རིམ་པའི་ལས་གནས་འཛིན་སྐྱོང་གནང་མྱོང་ཞེས་བརྗོད།
༢༠༡༣ལོར་ཞིས་ཅིན་ཕིང་གིས་རྒྱལ་ཁབ་སྐྱོང་ན་ངེས་པར་དུ་མཐའ་མཚམས་ལེགས་པོ་སྐྱོང་དགོས་པ་དང་། མཐའ་མཚམས་ལེགས་པོ་སྐྱོང་ན་ཐོག་མར་བོད་ལྗོངས་བརྟན་སྲུང་བྱེད་དགོས་ཞེས་པའི་འཐབ་ཇུས་ཀྱི་དགོངས་དོན་གལ་ཆེན་བསྟན་མྱོང་། ལོ་དེར་ཡུས་ཀྲེང་ཧྲེང་བོད་ལྗོངས་སུ་རྟོག་ཞིབ་ལ་ཕེབས་དུས། ཁྲིམས་ལྟར་བོད་ལྗོངས་སྐྱོང་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་འཛུགས་སྐྲུན་གྱིས་མི་སེམས་བཀུག་ཏེ། རྨང་གཞི་བརྟན་པོ་འདིང་དགོས་པའི་གསུང་བཤད་གལ་ཆེན་གནང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་གིས《ཁྲིམས་ལུགས་ཉིན་ཚགས》གྱི་གསར་འགོད་པར། བོད་ལྗོངས་ནི་ད་ལྟ་མཆོངས་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཆེས་གནད་འགག་གི་དུས་སྐབས་ལ་སླེབས་ཡོད་པ་མ་ཟད། ཁྲིམས་ལྟར་བོད་ལྗོངས་སྐྱོང་པ་དང་། ཁྲིམས་སྐྱོང་བོད་ལྗོངས་ལ་སྒོ་ཀུན་ནས་སྐུལ་སྤེལ་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། ཝང་ཧྲུང་ཆུན་ལྟ་བུའི་སྲིད་ཁྲིམས་ཀྱི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་ལ། བོད་ལྗོངས་ཀྱི་གནས་ཚུལ་ལ་གསལ་ཆ་ལྡན་པ། ཁྲིམས་ལུགས་རིག་པའི་འཇོན་ཐང་དོད་པ། ཁྲིམས་སྐྱོང་གི་བློ་རིག་ལྡན་པའི་འགོ་ཁྲིད་ལས་བྱེད་པ་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ཅེས་ཟེར།
གཞན་ཐེངས་འདིར་བསྐོ་བཞག་གནང་པའི་ཀྲུའུ་ཞི་ཟུར་པ་འཆི་མེད་རིག་འཛིན་ནི་ད་ལོ་ལོ་ན༥༦ལ་སོན་ཡོད་ཅིང་། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཐོན་པའི་རབ་འབྱམས་པ་ཡིན་ལ་ད་ཆ་ལྷོ་ཁ་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་ཡོད། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ཞིང་ཕྱུགས་ཕྱུགས་སྨན་ཁང་གི་འགོ་གཙོ་དང་། ཆབ་མདོ་ས་ཁུལ་ཏང་ཨུའི་སྲིད་འཛིན་ཀུང་ཧྲུའུ་ཆེད་མི་ཟུར་པ། སྡོམ་རྩིས་ཅུས་ཏང་ཙུའུ་ཧྲུའུ་ཅི། འགྲིམ་འགྲུལ་ཐིང་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་མྱོང་། ཧྥང་ལིང་མེན་ནི་ད་ལོ་ལོ་ན༥༡ཡིན་ཞིང་། དུས་ཡུན་རིང་བོར་སློབ་གསོའི་ལས་དོན་ལ་འཇུས་མྱོང་ཞིང་། དོ་དམ་རིག་པའི་འབུམ་རམས་པའི་ཡོན་གནས་ལྡན། ལོ༣༢རིང་གི་ལས་ཀའི་མཉམ་མྱོང་ཁྲོད་དུ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་སྒྲུབ་ཐིང་ཁྲུའུ་རིམ་པའི་དྲུང་ཡིག་གི་འགན་བཞེས་མྱོང་ལ། དེ་ལས་ཀྱང་དུས་ཚོད་མང་ཤོས་སུ་མཐོ་རིམ་སློབ་གྲྭར་སློབ་འཁྲིད་ཀྱི་ལས་ལ་གཞོལ་ཡོད་པ་དང་། ད་བར་དུ་བོད་ལྗོངས་སློབ་ཆེན་སློབ་སྟོན་ཁྲུའུ་ཡི་འགོ་གཙོ་དང་། སློབ་གཙོ་ཟུར་པ། སློབ་གཙོ། ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་མྱོང་།
ཁ་བྱང་ཕྱི་མོ། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཟུར་པ་གསུམ་བསྐོ་བཞག་གནང་།