ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ནོ་པེལ་བྱ་དགའ་ཐོབ་མཁན་ཇོར་ཧན་ན་ཧྲི་མཆོག་རླངས་འཁོར་དོན་རྐྱེན་ཁྲོད་སྐུ་གཤེགས།

2015-05-25
          ཕྱི་ཕྱོགས་གསར་ལམ་ཁག་ཏུ་ཚེས ༢༤ ཉིན་སྤེལ་བའི་འཕྲིན་ཏུ། ཨ་རིའི་རྩིས་རིག་མཁས་པ་གྲགས་ཅན། ནོ་པེལ་བྱ་དགའ་ཐོབ་མཁན་ཇོར་ཧན་ན་ཧྲི་སྐུ་ཟླ་གཉིས་ཚེས ༢༣ ཉིན་རླངས་འཁོར་གྱི་ཆག་སྒོ་ལས་འདས་གྲོངས་སུ་ཕྱིན་འདུག་པ་སྤེལ་ཡོད། ཇོར་ཧན་ན་ཧྲི་ནི་གློག་བརྙན《མཛེས་སྡུག་གི་སེམས་པ》ཞེས་པའི་ཁྲོད་ཀྱི་བརྗོད་གཞིའི་མི་སྣ་དངོས་དེ་ཡིན་ལ། འཚོ་བཞུགས་སྐབས་ཕུ་རེན་སུ་ཋོན་གཙུག་ལག་སློབ་ཆེན་དུ་དགེ་རྒན་གྱི་མཛད་འཕྲིན་བསྐྱངས།  
          གསར་ལམ་ཁག་གི་ཆ་འཕྲིན་ཕྱོགས་བསྡུས་ལྟར་ན། ཨོ་སི་ཁའི་གཟེངས་རྟགས་ཐོབ་པའི་གློག་བརྙན《མཛེས་སྡུག་གི་སེམས་པ》ཞེས་པའི་ཁྲོད་ཀྱི་བརྗོད་གཞིའི་མི་སྣ་དངོས་དང་། ནོ་པེལ་བྱ་དགའ་ཐོབ་མཁན། ཨ་རིའི་རྩིས་རིག་མཁས་པ་གྲགས་ཅན་ཇོར་ཧན་ན་ཧྲི་དང་ཁོང་གི་སྐུ་ཟླ་གཉིས་ཉེ་སྔོན་ཨ་རིའི་ཤིན་ཀྲེ་སིར་བོགས་གཏོང་རླངས་འཁོར་གྱི་ཆག་སྒོ་ལས་འདས་གྲོངས་སུ་ཕྱིན་འདུག དོན་རྐྱེན་བྱུང་སྐབས་ཁོང་བཟའ་ཟླ་གཉིས་རླངས་འཁོར་ཕྱི་རུ་ལྷུང་ཡོད་པ་དང་། ཉེན་རྟོག་པས་ཁོང་གཉིས་ཀྱིས་སྐབས་དེར་སྲུང་ཐག་བཅིངས་མེད་པ་འདྲ་ཅེས་ཚོད་དཔག་བྱས་འདུག
          གསར་ལམ་དུ་བཀོད་པ་ལྟར་ན། ད་ལོ་དགུང་གྲངས ༨༦ བཞེས་པའི་ཇོར་ཧན་ན་ཧྲི་མཆོག་ནི ༡༩༢༨ ལོར་ཨ་མེ་རི་ཁའི་ཧྥོར་ཅི་ཉི་ཡར་འཁྲུངས་ཤིང་། འཚོ་བཞུགས་སྐབས་མ་ས་ཁྲོ་སེ་ཐྲི་རང་བྱུང་བཟོ་སྐྲུན་སློབ་གླིང་དུ་དགེ་རྒན་བྱས་མྱོང་པ་དང་། སྐུ་ཚེ་སྨད་དུ་ཕུ་རེན་སུ་ཋོན་གཙུག་ལག་སློབ་ཆེན་དུ་དགེ་རྒན་གྱི་མཛད་འཕྲིན་བསྐྱངས་མྱོང་ཞིང་། སྐུ་མ་གཤེགས་གོང་དགུང་གྲངས ༨༢ སོན་པའི་སྐུ་ཟླ་ཨ་རེ་སི་ཡ་ལྷན་དུ་ཕུ་རེན་སུ་ཋོན་དུ་གཞིས་སྡོད་བྱས་ཡོད་འདུག ཁོང་གིས་ལྟོས་ཇུས་སྨྲ་བར་ཞིབ་འཇུག་བྱས་ཏེ་སྙན་གྲགས་རྒྱས་པ་ཡིན་ལ། ༡༩༩༤ ལོར་ནོ་པེལ་དཔལ་འབྱོར་བྱ་དགའ་ཐོབ།
          ཁོང་གིས་རྩིས་རིག་གི་ཁྱབ་ཁོངས་སུ་ཐོད་བརྒལ་གྱི་གྲུབ་འབྲས་མང་པོ་བླངས་ཡོད་ནའང། དེ་དང་ཆབས་ཅིག་ཁོང་ཉིད་སྨྱོ་འབོག་གི་ནད་ཡམས་ལའང་འཕྲད་ཡོད་པ་རེད། ༢༠༠༡ ལོར་ཁོང་གི་སྐུ་ཚེ་མཛད་རྣམ་དེ《མཛེས་སྡུག་གི་སེམས་པ》ཞེས་པའི་གློག་བརྙན་དུ་ཕབ་ཅིང་། ཆེས་ཕུལ་བྱུང་གི་གློག་བརྙན་འདུས་པའི་ཨོ་སི་ཁའི་གཟེངས་རྟགས་རྣམ་གྲངས་བཞི་ཐོབ། ཁོང་གི་རིག་སྨྲའི་གཞུང་ལུགས་དེ་ཚོང་རའི་དཔལ་འབྱོར་དང་། རྩིས་རྒྱག རིམ་འགྱུར་སྐྱེ་དངོས་རིག་པ། རྩོལ་བྱུང་རིག་ནུས། རྩིས་གཉེར། སྲིད་ཇུས་དང་དམག་དོན་གཞུང་ལུགས་སོགས་ཁྱབ་ཁོངས་མང་པོར་བཀོལ་སྤྱོད་བྱས་ཡོད།
          ༡༩༥༠ ལོར། ཇོར་ཧན་ན་ཧྲི་མཆོག་ལ་ཕུ་རེན་སུ་ཋོན་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པའི་ཡོན་གནས་ཐོབ་པ་དང་། ཁོང་གིས་འབུམ་རམས་པའི་དཔྱད་རྩོམ་ཏུ་ལྟ་བ་གལ་ཆེན་ཞིག་བཏོན་པ་ནི་ཕྱིས་སུ་ཀུན་གྱིས"ན་ཧྲི་དོ་སྙོམས"ཀྱི་ལྟོས་ཇུས་སྨྲ་བའི་གཞུང་ལུགས་ཞེས་པ་དེ་རེད། ཁོང་གི་ལྟོས་ཇུས་གཞུང་ལུགས་དང་། ཆ་ཕྲན་དབྱིབས་རྩིས་རིག་པ། ཆ་ཕྲན་མཉམ་བྱར་ཞིབ་འཇུག་གཙོར་གནང་ཡོད་ཅིང་། གཞུང་ལུགས་དེ་དག་ནི་ཚོང་རའི་དཔལ་འབྱོར་དང་། རྩིས་རྒྱག རིམ་འགྱུར་སྐྱེ་དངོས་རིག་པ། རྩོལ་བྱུང་རིག་ནུས།  རྩིས་གཉེར། སྲིད་ཇུས་དང་དམག་དོན་གཞུང་ལུགས་སོགས་ཁྱབ་ཁོངས་མང་པོར་བཀོད་སྤྱོད་བྱས་ཡོད་པ་རེད།
           ༡༩༩༤ ལོར། ན་ཧྲི་དང་ལྟོས་ཇུས་རིག་གཞུང་ཞིབ་འཇུག་པ་ཇོར་ཧན་ཧ་སར་ཉི། ལེ་ཡུན་ཧ་ཌི་ཛར་་ཐུན་བཅས་ལ་མཉམ་དུ་ནོ་པེལ་དཔལ་འབྱོར་བྱ་དགའ་ཐོབ་པ་དང་། ༢༠༡༥ ལོར་ཁོང་དང་རོ་དབྱི་སི་ནེ་རོང་བྷོ་གུ་གཉིས་ལ་མཉམ་དུ་ཨ་པེ་ཨར་བྱ་དགའ་ཐོབ། 
          རྒྱུས་ལོན་བྱུང་བ་ལྟར་ན། གཟའ་འཁོར་སྔོན་མར་ཁོ་བོས་ནོར་ཝེ་ནས་རྩིས་རིག་སྡེའི་ཆེས་མཐོའི་བྱ་དགའི་ནང་གསེས་ཏེ་ཨ་པེ་ཨར་བྱ་དགའ་བླངས་བ་དང་། ཁོང་གི་ཆ་ཕྲན་མཉམ་བྱའི་ལས་ཀར་བཞག་པའི་བྱས་རྗེས་ལ་རྟིང་སྐུལ་བྱས་པ་རེད།
འབྲེལ་ཡོད་རྩོམ་ཡིག