ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཐོན་ཁུངས་ཅུས་ཀྱི་འགོ་དཔོན་གཞོན་པ་ཁྲིམས་གཏུག་བྱས་ལ་ཁྱིམ་ནས་དམངས་སྒོར་དུང་ཕྱུར ༢ བསྔོགས།

2015-06-03
          ཀྲུང་གོའི་གསར་འགྱུར་དྲ་བས་ཟླ ༦ པའི་ཚེས ༡ ཉིན་སྤེལ་དོན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དྲ་བའི་གནས་ཚུལ་ལ་གཞིགས་ན། ༢༠༡༥ ལོའི་ཟླ ༥ བའི་ཚེས ༢༧ ཉིན་ཧོ་པེ་ཞིང་ཆེན་པའོ་ཏིན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རྒྱལ་ཁབ་ཐོན་ཁུངས་ཅུས་ཀྱི་རྡོ་སོལ་ལས་ཁག་གི་མགོ་དཔོན་གཞོན་པ་སྔོན་མ་སྟེ། ཝེ་ཕིན་ཡོན་ལ་ལྐོག་རྔན་ཟས་པ་དང་རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་མི་གསལ་བ་བཅས་ཕྱོགས་ནས་ཧོ་པེ་ཞིང་ཆེན་པའོ་ཏིན་གྲོང་ཁྱེར་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས།
          ཤེས་གསལ་ལྟར་ན་ཞིབ་དཔྱོད་ལས་ཁུངས་ཀྱིས ༢༠༡༤ ལོའི་ཟླ ༥ བ་ནས་བཟུང་ལྐོག་རྔན་ཟས་པའི་ཉེས་མིང་ཐོག་ནས་ཁྲིམས་ལྟར་རྒྱལ་ཁབ་ཐོན་ཁུངས་ཅུས་ཀྱི་རྡོ་སོལ་ལས་ཁག་གི་མགོ་དཔོན་གཞོན་པ་སྔོན་མ་ཁོ་ལ་རྟོག་ཞིབ་བྱེད་མགོ་བརྩམས་ཡོད་ལ་ད་དུང་བཙན་ཤེད་ཀྱི་བྱེད་ཐབས་ཀྱང་སྤྱད་ཡོད།
          ༢༠༡༥ ལོའི་ཟླ ༡ པོའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དྲ་ཚུགས་ནས་གནས་ཚུལ་སྤེལ་དོན།  ཝེ་ཕིན་ཡོན་རྒྱུ་ངན་ལྐོག་ཟ་དང་རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་མི་གསལ་བའི་གྱོད་དོན་དེ་མིག་སྔར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཁྱབ་ཁོངས་གཏན་འཁེལ་བྱས་པའི་ཧོ་པེ་ཞིང་ཆེན་པའོ་ཏིན་གྲོང་ཁྱེར་གྱི་མི་དམངས་ཞིབ་དཔྱོད་ཁང་ནས་མྱུལ་ཞིབ་མཇུག་མགྲིལ་ནས་བསྐྱར་ཞིབ་གཏུག་བཤེར་བྱེད་པར་སྤོ་སྐྱེལ་བྱས་ཡོད།
          ཝེ་ཕིན་ཡོན་གྱི་ཁྱིམ་ནས་སྒོར་མོ་དུང་ཕྱུར ༢ ལྷག་སྔོག་བཤེར་བྱས།
          ཁྱབ་བསྒྲགས་བྱས་པའི་ཡིག་ཆར་གཞིགས་ན་ཝེ་ཕིན་ཡོན་གྱིས་རྒྱུན་རིང་ཞིག་ལ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རྡོ་སོལ་ལས་ཁག་ནས་བྱ་བ་གནང་ལ།  ༢༠༠༨ ལོར་ཀྲུང་གོའི་རྒྱལ་ཁབ་ཐོན་ཁུངས་ཅུས་བཙུགས་པ་ནས་བཟུང་ཁོ་བོའི་ལས་གནས་རྡོ་སོལ་ལས་ཁག་ཀྱི་མགོ་དཔོན་ནས་རྒྱལ་ཁབ་ཐོན་ཁུངས་ཅུས་ཀྱི་རྡོ་སོལ་ལས་ཁག་ཀྱི་མགོ་དཔོན་དུ་འཕར།   
          ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རུལ་སུངས་ལྐོག་རྔན་རྒོལ་བའི་སྤྱི་ལས་ཁང་གི་ཅུས་ཀྲང་ཞི་ཅིན་ཧེས་དེ་སྔར་བརྗོད་དོན།  ཝེ་ཕིན་ཡོན་གྱི་ཁྱིམ་ནས་སྔོག་བཤེར་བྱས་པ་དམངས་སྒོར་དུང་ཕྱུར ༢ ལྷག་གི་རྩ་བ་ཡོད།  དེ་ནི་རྒྱལ་ཁབ་བཙུགས་པ་ནས་བཟུང་ཞིབ་བཤེར་ལས་ཁུངས་ཀྱིས་ཐེངས་གཅིག་ལ་སྔོག་བཤེར་བྱས་པའི་ཁྲོད་མ་དངུལ་ཆེས་མང་ཤོས་དེར་ཆགས་ཡོད།
          ཕྱོགས་མང་ནས་བདེན་དཔང་བྱས་པ་ལྟར་ན་ཝེ་ཕིན་ཡོན་འཛིན་བཟུང་བྱེད་དུས་ཁྲིམས་ལུགས་མི་སྣས་པེ་ཅིན་གྱི་དངུལ་ཁང་ཞིག་ནས་དངུལ་རྩིས་འཕྲུལ་ཆས ༡༦ འཁྱེར་སོང་ལ་དེ་ལས་བཞི་སྒོར་མོ་རྩིས་ནས་བསྲེགས་སོང་ཟེར།  
ཝེ་ཕིན་ཡོན་གྱི་གྱོད་དོན་དེས་མི་ཀུན་ཧ་ལས་སུ་བཅུག་ལ།   རགས་རྩིས་རྒྱབ་ན་ཝེ་ཕིན་ཡོན་གྱིས་རྒྱལ་ཁབ་ཐོན་ཁུངས་ཅུས་ནས་བྱ་བ་སྒྲུབ་རིང་ཆ་སྙོམས་སུ་ཉིན་རེར་སྒོར་ཁྲི ༡༠ ལོན་བཞིན་འདུག
          ཐོན་ཁུངས་མ་ལག་ནས་རུལ་སུངས་དཔོན་པོ་མང་པོ་འཛིན་བཟུང་བྱས་ཟིན།
          ཝེ་ཕིན་ཡོན་ནི་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྔོན་མ་སྟེ། རྒྱལ་ཁབ་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ལུག་ཐེ་ནན་གྱི་རྒྱུ་ངན་ལྐོག་ཟའི་གྱོད་དོན་གྱི་རྗེས་སུ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རུལ་སུངས་གྱོད་དོན་གཏུག་བཤེར་གོ་རིམ་དུ་བརྒྱུད་པའི་གྱོད་དོན་ཆེན་པོ་གཞན་པ་དེ་རེད།
          ཉེ་བའི་ལོ་འགའི་རིང་གི་རུལ་རྒོལ་རླུང་འཚུལ་ཁྲོད།  ཐོན་ཁུངས་མ་ལག་ནས་དཔོན་ངན་མང་པོ་ཞིག་ཁྲིམས་ལ་ཐོགས་ལ།  རྒྱལ་ཁབ་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་སྔོན་མ་ལུག་ཐེ་ནན་འདྲ་བའི་སྟག་རྒན་ལས་གཞན།   མང་ཆེ་ཤོས་ནི་གློག་ཤུགས་དང་རྡོ་སོལ་ཁྱབ་ཁོངས་སུ་གནས་པའི་སྦྲང་རྒན་དག་རེད།
          ཤེས་གསལ་ལྟར་ན ༢༠༡༤ ལོར་ཆེས་མཐོའི་ཞིབ་དཔྱོད་ཁང་ནས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་གྱོད་དོན ༡༡ སྟེ་མི ༡༡ གིས་ལྐོག་རྔན་ཟས་པ་ཐག་བཅད་ལ།  དེ་དག་ཁྲོད་རིན་གོང་ལས་ཁག་གི་མི ༥ ཟིན། མགོ་ཁྲིད་ཚོ་ཕེལ་ཆེར་གོ་གནས་ཀྱི་ནག་ཉེས་བསགས་ཡོད་པ་རེད།
          ཆེད་མཁས་པས་བརྗོད་ན་ཞིབ་དཔྱོད་ཆོག་མཆན་དང་འབྲེལ་བའི་རུལ་སུངས་ཆེན་པོའི་རྒྱབ་རོལ་དུ་མངོན་ཡོད་པ་ནི་མིག་སྔར་ལས་ཁུངས་ཁ་ཤས་ཀྱི་དབང་ཆ་ཆེ་དྲགས་པ་དང་བསྡུས་དྲགས་པ།  དེ་དག་ལ་ལྟ་སྐུལ་དབེན་པ་སོགས་ཀྱི་གནད་དོན་རེད།   ཞིབ་བཤེར་ཆོག་མཆན་གྱི་གཞུང་ཐེམ་ནི་དཔོན་པོ་ཉུང་ཤས་ཀྱི་སྒོར་མོ་བཙལ་སྤྱད་དུ་ཆགས་ཡོད་ཅེས་བརྗོད་འདུག
འབྲེལ་ཡོད་རྩོམ་ཡིག