ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སློབ་གསོ་པུས་ཅང་ཤིས་སུ་ཐོན་པའི་ཚབ་རྒྱུགས་དོན་རྐྱེན་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་ཞེས་བརྗོད།

2015-06-09

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༦ ཚེས ༧ ཉིན་གློག་འཕྲིན་འབྱོར་གསལ། ཚེས ༧ ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་དོན། ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་ཐོག“གསར་འགོད་པ་ཚབ་རྒྱུགས་ཚོགས་པར་གབ་མྱུལ་བྱས་ཏེ་མཐོ་རྒྱུགས་ནང་ཞུགས་པའི་ཞིང་ཆེན་ལས་བརྒལ་བའི་ཚོགས་པ་དམར་རྗེན་དུ་བཏོན་པ”ཞེས་པ་འགོ་བརྗོད་དུ་བྱས་ཏེ་ཚོགས་པས་ཅང་ཤིས་སུ་མཐོ་རྒྱུགས་ཚབ་རྒྱུགས་སྒྲིག་འཛུགས་བྱས་པའི་དོན་རྐྱེན་སྐོར་བཀོད་ཡོད། སློབ་གསོ་པུས་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་ལ་གང་མགྱོགས་གནས་ཚུལ་དེ་བདེན་མིན་བརྟག་དཔྱད་བྱེད་དགོས་པའི་འགན་དཀྲིས་པ་མ་ཟད། སྤྱི་བདེ་པུའུ་གདན་ཞུ་བྱས་ཏེ་འབྲེལ་ཡོད་ས་གནས་སྤྱི་བདེ་ལས་ཁུངས་ཀྱི་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་ལས་དོན་ལ་མཛུབ་ཁྲིད་བྱེད་དུ་བཅུག་ཡོད། ཉིན་དེར་ཅང་ཤིས་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་གིས་ནན་ཁྲང་གྲོང་ཁྱེར་སློབ་གསོ་ཡིག་རྒྱུགས་ཁང་ལ་ཉེན་རྟོག་ཕྱོགས་དང་མཉམ་འབྲེལ་ཐོག་བདེན་མིན་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་པ་དང་དེའི་ནང་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་རྒྱུགས་སྤྲོད་སློབ་མ་ཞིག་གིས་ཚབ་རྒྱུགས་ནང་ཞུགས་པ་ཁས་བླངས་ཡོད་ཅེས་བརྗོད་ཡོད།

སློབ་གསོ་པུས་བརྗོད་དོན། མཐོ་རྒྱུགས་འདྲ་མཉམ་གཞུང་དྲང་ཡོང་བ་བྱ་རྒྱུ་དེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་བདེ་རྩར་ཐུག་པའི་ཁེ་ཕན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པས་ཡིག་རྒྱུགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་ཚབ་རྒྱུགས་སྒྲིག་འཛུགས་དང་རྫུན་བཟོ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་རིགས་རྩད་གཅོད་མཐའ་གསལ་བྱུང་ཚེ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། ཐོབ་ཐང་ལག་ཁྱེར་དང་རྒྱུགས་སྤྲོད་ཁྲོལ་ཡིག་དང་དེ་བཞིན་ངོ་སྤྲོད་ཡི་གེ་གཞན་དག་རྫུན་བཟོ་དང་མི་གཞན་གྱིས་ཚབ་བྱེད་པའམ་ཡང་ན་རྒྱུགས་སྤྲོད་སློབ་མའི་ཚབ་བྱས་ཏེ་ཡིག་རྒྱུགས་ནང་ཞུགས་པའི་རིགས་ཚང་མར་ད་ཐེངས་ཡིག་རྒྱུགས་ཀྱི་ཚན་ཁག་ཚང་མའི་གྲུབ་འབྲས་རྩིས་མེད་གཏོང་རྒྱུ་དང་ཆབས་ཅིག ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་མཐོ་རྒྱུགས་དང་རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་སྣ་ཚོགས་ནང་ལོ་གཅིག་ནས་ལོ་གསུམ་བར་ཞུགས་མི་ཆོག་པའི་ཐག་གཅོད་བྱ་རྒྱུ་དང་སྦྲགས། འབྲེལ་ཡོད་ཐག་གཅོད་བྱས་འབྲས་རྒྱུགས་སྤྲོད་སློབ་མའི་དྲང་བདེན་ཡིག་ཚགས་ནང་འགོད་རྒྱུ་རེད། རྫུན་བཟོའི་ནང་ཞུགས་པའི་སློབ་གྲྭར་ཡོད་མུས་ཀྱི་སློབ་ཆེན་སློབ་མར《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མའི་དོ་དམ་གཏན་འབེབས》ལ་གཞིགས་ནས་སློབ་གྲྭའི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུ་དང་ནག་ཉེས་བསགས་པར་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད།

སློབ་གསོ་པུས་ཡིག་རྒྱུགས་དོ་དམ་ནན་པོ་མེད་པ་དང་དེ་བཞིན་སྒྲིག་འགལ་ཁྲིམས་འགལ་སོགས་ཀྱི་བྱེད་སྤྱོད་རིགས་ཚང་མར་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་ཐར་པར་གཏན་ནས་གཏོང་རྒྱུ་མིན་ཞེས་ནན་བཤད་བྱས་ཡོད།

ཟླ ༦ ཚེས ༧ཉིན་མཐོ་རྒྱུགས་ཚབ་ཞུགས་དོན་རྐྱེན་བརྟག་དཔྱད་འཕེལ་རིམ་གནས་ཚུལ་སྐོར་གྱི་ཅང་ཤིས་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་གི་བརྡ་ཁྱབ་ནང་བཀོད་དོན། ཟླ༦ ཚེས ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད ༡༡ ཙམ་ལ་དྲ་ཐོག་ཏུ“ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་གྱི་གསར་འགོད་པ་ཚབ་རྒྱུགས་ཚོགས་པར་གབ་མྱུལ་བྱས་ཏེ་ནན་ཁྲང་དུ་མཐོ་རྒྱུགས་ནང་ཞུགས་པའི”སྐོར་བཀོད་རྗེས་ཅང་ཤིས་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་སློབ་གསོ་ཡིག་རྒྱུགས་ཁང་གིས་མགྱོགས་མྱུར་བཀོད་སྒྲིག་བྱས་ཏེ་ནན་ཁྲང་གྲོང་ཁྱེར་སློབ་གསོ་ཡིག་རྒྱུགས་ཁང་ལ་ཉེན་རྟོག་ཕྱོགས་དང་མཉམ་འབྲེལ་ཐོག་འཕྲལ་མར་བདེན་མིན་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག