ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིང་སྨན་འཐུང་ནས་ཤི་པའི་བྱིས་པ་དག་གི་ཕ་མར་འབྲེལ་བ་མ་ཐུབ་པར་ལུས་འདུག

2015-06-12

ཕྱི་ཟླ ༦ པའི་ཚེས ༩ ཉིན་གྱི་དགོང་མོའི་ཆུ་ཚོད ༡༡ དང་ཕྱེད་ཀྱི་ཐོག་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ཆི་ཞཱང་ཀོན་ཁུལ་ཐེན་ཁན་ཤང་ཚི་ཀྲུའུ་སྡེ་བའི་གཞིས་སྲུང་བྱིས་པ་མིང་སྲིང་བཞི་ཁྱིམ་ནས་དུག་ཕོག་པས་མྱུར་སྐྱོབ་ཀྱིས་མ་ཕན་པར་ཤི་བ་རེད།བྱིས་པ་བཞི་ཡི་ཁྲོད་ཆེ་ཤོས་ལོ་བཅུ་བཞི་དང་ཆུང་བ་ལོ་ལྔ་ཙམ་ཡིན་འདུག

གསར་ལམ་དུ་ཚི་ཀྲུའུ་སྡེ་བའི་ཧྲུའུ་ཅི་ཀའོ་ཧྭ་ཁྲེང་གིས་བཤད་པ་ལྟར་ན།བྱིས་པ་ཚོའི་ཨ་མ་བཟའ་འཁོན་གྱིས ༢༠༡༤ ལོའི་ཟླ ༣ པར་ཕྱི་ལོགས་སུ་གར་སོང་ངེས་མེད་དུ་གྱུར།ཕ་རྒན་ཀྲང་ཧྥང་ཆི་ཡང་ད་ལོའི་ཟླ ༣ པའི་ཕྱི་ལོགས་སུ་ལས་ཀར་སོང་བས་དེ་རིང་བར་འབྲེལ་བ་མ་ནུས་པར་འདུག

གསར་འགོད་པས་ཀྱང་ཚི་ཀྲུའུ་སྡེ་བ་ནས་བཅར་འདྲི་བྱེད་དུས། ཕ་རྒན་ཕྱི་ལོགས་སུ་གླ་བདའ་རུ་སོང་རྗེས། བྱིས་པ་ཚོ ༢༠༡༡ ལོར་ཞིག་གསོ་བྱེད་པའི་སུམ་ཐོག་ཅན་གྱི་ཁང་བར་བསྡད་ཡོད་པ་དང་། ཤ་ཉེ་ཕན་ལིང་ཟེར་བ་ཞིག་གིས་བྱིས་པ་ཚོས་རྒྱུན་དུ་ཟས་སྡོད་རང་ཚུགས་ཐུབ་ལ།མིག་སྔར་ཁྱིམ་དུ་མ་རྨོས་ལོ་ཏོག་བརྒྱ་མ ༡༠༠༠ ཡས་མས་དང་ཕག་ཤ་རྒྱ་མ ༥༠ ཙམ་ལྷག་ཡོད་པ་དང་། ཕ་རྒན་གྱིས་ཀྱང་ད་ལོའི་ཟླ ༤ བར་བྱིས་པ་ཚོར་སྒོར ༧༠༠ སྐུར་ཡོང་བའི་ཚུལ་བརྗོད་འདུག

སྡེ་བའི་ཧྲུའུ་ཅི་ཀའོ་ཧྭ་ཁྲེང་གིས་ཀྱང་གསར་ལམ་དུ། ༢༠༡༢ ལོར་ཐན་ཁེན་ཤང་གིས་ཀྲང་ཧྥང་ཆི་དང་བྱིས་པ་ཆེ་ཤོས་ཆེས་དམའ་པའི་འཚོ་བའི་འགན་ལེན་པར་བཞག་པ་དང་།དུས་ཚིགས་རེར་རོགས་དངུལ་སྒོར ༤༢༥ ཡོད། ༢༠༡༣ ལོར་སྒོར ༤༤༠ རུ་འཕར། ༢༠༡༥ ལོར་ཡང་བསྐྱར་གོང་དུ་འཕར་ཏེ་སྒོར ༥༣༡ ཡོད་ཟེར།ཉེན་རྟོག་པས་ཀྱང་ཁྱིམ་ནས་དངུལ་བྱང་དུ་ཆེས་དམའ་འཚོ་བའི་གསབ་དངུལ་ལྷག་མ ༣༥༠༠ ཡོད་པ་མཐོང་ཡོད་པ་བཀོད་འདུག

མིག་སྔར་དེ་གའི་སྲིད་གཞུང་གིས་མཚོ་འགྲམ་ས་ཁུལ་དུ་ཕ་མ་འཚོལ་བའི་ཚོགས་པ་ཞིག་བཙུགས་ཡོད་སྐོར་དང་། ཆི་ཞཱང་ཀོན་ཁུལ་ནས་གཞིས་སྲུང་བྱིས་པའི་གནས་ཚུལ་བརྟག་བཤེར་བྱེད་སྒང་ཡིན་པ་བཀོད་འདུག

གནད་དོན་འདིར་དམིགས་ཏེ་ཁྱུང་ཆེན་དྲ་བའི་གསར་ལམ་དུ།"གཞིས་སྲུང་བྱིས་པ་འདས་སོང་། བཤད་ཡོད་པའི་སྒོར་བྱེ་བ་དྲུག་པོ་གང་དུ་ཕྱིན"ཞེས་པ་ཞིག་སྤེལ་ཏེ། ༢༠༡༢ ལོའི་ཟླ ༥ བར་པི་ཅེ་ནས་གཞིས་སྲུང་བྱིས་པ་ལྔ་གད་སྙིགས་སྒམ་ཞིག་ཏུ་འཁྱགས་ལ་འབྱར་བའི་རྐྱེན་ངན་བྱུང་རྗེས། པི་ཅེ་གྲོང་ཁྱེར་གྱིས་གཅིག་ལ་གཅིག་གཏད་ཀྱིས་རོགས་སྐྱོར་དང་གཞུང་ནས་ལོ་རེར་གྲོན་དངུལ་སྒོར་བྱེ་བ་དྲུག་བཏང་ནས་གཞིས་སྲུང་བྱིས་པའི་འཚོ་བ་དང་སློབ་སྦྱོང་འགན་ལེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད། འོན་ཀྱང་། དེ་རིང་དོན་འདི་བྱུང་རྗེས། ང་ཚོས་གཅིག་ལ་གཅིག་གིས་རོགས་སྐྱོར་གང་ན་བྱས་ཡོད། གྲོན་དངུལ་སྒོར་བྱེ་བ་དྲུག་པོ་གང་དུ་ཕྱིན་ཞེས་འདྲི་ཞེས་དང་། ༢༠༡༢ ལོའི་དོན་དེ་ལས་གཞན ༢༠༡༣ ལོར་གཞིས་སྲུང་བྱིས་པ་ལྔ་རླངས་འཁོར་གྱིས་བགྲོངས་པ་དང་། ༢༠༡༤ ལོར་གཞིས་སྲུང་བྱིས་པ་བཅུ་ལྷག་ལ་དགེ་རྒན་གྱིས་གཏུམ་སྤྱོད་བྱས་པའི་གནས་ཚུལ་ཀྱང་བཀོད་འདུག

ནོམ་གསར་དྲ་བར་ཝུའུ་ཀྲི་ཧུའེ་ཡིས"གཞིས་སྲུང་བྱིས་པ།སུ་ཞིག་གི་བསླུ་བྲིད་ཡིན"ཞེས་པ་བཀོད་པའི་ཁྲོད་དུ། རྒྱལ་ཡོངས་བུད་མེད་ཚོགས་པའི་ཞིབ་འཇུག་ཅིག་ཏུ། རྒྱལ་ཡོངས་སུ་ཞིང་སྡེའི་གཞིས་སྲུང་བྱིས་པ་ཁྲི ༦༡༠༢.༥༥(ཐེངས་དྲུག་པའི་རྒྱལ་ཡོངས་མི་འབོར་ཞིབ་རྩིས་ལྟར་ལོ ༠ ནས ༡༧ བར་གྱི་བྱིས་པ)ཡོད་ལ་དེས།ཞིང་སྡེའི་བྱིས་པའི ༣༧.༧%དང་རྒྱལ་ཡོངས་བྱིས་པའི ༢༡.༨༨% ཟིན་ཡོད་སྐོར་དང་། ༢༠༡༠ ལོར་སྐབས་ལྔ་བའི་རྒྱལ་ཡོངས་མི་འབོར་ཞིབ་རྩིས་ཁྲོད་ཚོད་རྩིས་བྱས་པའི་མི་གྲངས་ཁྲི ༢༤༤༣ དང་སྡུར་ན་ལོ་བཅུའི་ནང་ལྡབ་གཅིག་དང་ཕྱེད་ལྷག་འཕེལ་ཚུལ་བྲིས་པ་ལུང་དྲངས་ཡོད་པར་མ་ཟད།རྩོམ་པ་པོ་རང་གིས་ཀན་སུའུ་སོགས་ཞིང་ཆེན་བཅུའི་གཞིས་སྲུང་བྱིས་པར་བརྟག་དཔྱད་བྱས་པ་ན།ཞིང་སྡེའི་གཞིས་སྲུང་བྱིས་པས་ཞིང་སྡེའི་བྱིས་པའི ༣༩. ༦༩% ཟིན་ཡོད་པའི་སྡོམ་ཚིག་བཞག འདི་ནི་རྒྱལ་ཡོངས་བུད་མེད་ཚོགས་པའི་གྲངས་དང་བར་ཁྱད་ཆེན་པོ་མི་འདུག་པ་དང་།

ཝུའུ་ཀྲི་ཧུའེ་ཡིས་གཞིས་སྲུང་བྱིས་པ་འདི་དག་ཕ་མ་གཉིས་ཕྱིར་བསྐྱོད་པའི་གཞིས་སྲུང་རྐྱང་བ་དང་། ཕ་མ་གཉིས་ཀྱི་གཅིག་ཕྱིར་བསྐྱོད་པའི་ཕྱེད་གཞིས་སྲུང་བ་སྟེ།མ་ཕྱིར་བསྐྱོད་དང་ཕ་ཕྱིར་བསྐྱོད་པའི་རིགས་སོགས་གསུམ་དུ་དབྱེ་འདུག་ལ། དེ་མིན་གཞིས་སྲུང་བྱིས་པའི་འཕྲོད་སྟེན་དང་སེམས་ཁམས།སློབ་སྦྱོང་སོགས་ལ་མངོན་གསལ་གྱིས་ཁྱད་པར་མི་འདུག་པའི་སྡོམ་ཚིག་བཞག་འདུག

འོན་ཀྱང་རོགས་སྐྱོང་གང་ཞིག་ཡིན་རུང་ཕ་མའི་ཚབ་མི་འོང་བས་ཕ་བུ་མ་དབྲལ་ན་ལེགས་ཚུལ་བརྗོད་ཡོད། དེ་མིན་རྩོམ་པ་པོས་ཞིང་སྡེ་གྲོང་ཁྱེར་ཅན་དང་འཚོ་བ་དེང་རབས་ཅན་དུ་སྙེག་པའི་ཁྲོད་དུ།སྲིད་གཞུང་གིས་ཁྱིམ་ཐོའི་ལམ་ལུགས་བསྒྱུར་བཅོས་ཀྱིས་ཞིང་སྡེའི་བྱིས་པ་གྲོང་ཁྱེར་ནས་འཚོ་བའི་ཕུགས་བསམ་མངོན་འགྱུར་ཡོང་རྒྱུ་ནི་གནད་དོན་འདི་ཐག་གཅོད་པའི་གཞི་དམ་པ་ཡིན་ཚུལ་ནས་ཀྱང་བརྗོད་འདུག་གོ

ཁ་བྱང་ཕྱི་མོ། ཞིང་སྨན་འཐུང་ནས་ཤི་པའི་བྱིས་པ་དག་གི་ཕ་མར་འབྲེལ་བ་མ་ཐུབ་པར་ལུས་འདུག

འབྲེལ་ཡོད་རྩོམ་ཡིག