དོན་རྐྱེན་ཡུལ་དངོས།
དོན་རྐྱེན་ཡུལ་དངོས།
ཡུལ་དངོས་ཀྱི་པར།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་ཉིན་ཞྭ་མེ་གསོད་རུ་ཁག་ནས་རྒྱུས་ལོན་བྱས་པ་ལྟར་ན། དེ་རིང(༢༠༡༦ ལོའི་ཟླ ༡ པོའི་ཚེས ༥ ཉིན) སྔ་དྲོའི་ཆུ་ཚོད ༧:༠༣ སྟེང་། ཉིན་ཞྭ་ཡུན་ཁྲོན་གྲོང་ཁྱེར་གྱི་རྒྱལ་ལམ ༡༠༩ བའི་འདྲེ་ཚེར་མ་ཁང་གི་སྒོ་འགྲམ་གྱི་སྤྱི་སྤྱོད་རླངས་འཁོར་ལ་འཁོར་སྐྱོད་བྱེད་པའི་གོ་རིམ་ཁྲོད་གློ་བུར་དུ་མེ་སྐྱོན་བྱུང་ཞིང་། སྐབས་དེར་རླངས་འཁོར་ནང་དུ་མི་མང་པོ་ཡོད་པ་རེད། ཆུ་ཚོད ༧:༡༣ སྟེང་མེ་གསོད་རུ་ཁག་གིས་མེ་བསད། མིག་སྔའི་བར་མི ༡༤ ཤི་བ་དང་། མི ༣༢ ལ་རྨས་སྐྱོན་ཕོག་འདུག
གཞན་ཡང་ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་གཏོང་བྱས་པ་གཞིར་བཟུང་ན། རླངས་འཁོར་འདིའི་འཁོར་བྱང་ནི་ཉིན་ཞྭ A༢༢༨༧༠ ཡིན་པའི་སྤྱི་སྤྱོད་རླངས་འཁོར་ཐེངས ༣༠༡ རེད། དོན་རྐྱེན་བྱུང་སྐབས་རླངས་འཁོར་དེ་རྒྱལ་ལམ ༡༠༩ བ་བརྒྱུད་བྱང་ནས་ལྷོ་རུ་ཉིན་ཞྭ་ཡུན་ཁྲོན་གྲོང་ཁྱེར་ཧི་ལན་རྫོང་ཏི་ཧྲིན་སྐྱེལ་ཚལ་ཁུལ་ཅིན་ཧྲིན་རྒྱལ་སྤྱིའི་ཁྱིམ་ཆས་གྲོང་གི་ལམ་བར་དུ་འཁོར་སྐྱོད་བྱེད་བཞིན་ཡོད་པ་རེད། མིག་སྔར། རྨས་སྐྱོན་ཕོག་པའི་མི་སྣ་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱེད་བཞིན་མཆིས།
ཡུན་ཁྲོན་གྲོང་ཁྱེར་གྱི་སྲིད་གཞུང་གི་གསར་འགྱུར་ལྟར་ན། རྨས་སྐྱོན་ཕོག་པའི་མི་སྣ་ཡོད་ཚད་སྨན་ཁང་དུ་སྐྱེལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ཅིང་། མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ལ་རྟོག་དཔྱོད་བྱེད་བཞིན་པའི་སྒང་རེད།