ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཧྲང་ཧེ་བོད་སྐྱོར་ཆེད་ལས་མཁས་པས་སྐལ་བཟང་མེ་ཏོག་ཀྱི་བརྩེ་སེམས་ས་བོན་བཏབ་པ།

2016-03-02

བོད་ལྗོངས་གཞིས་རྩེའི་མཐོ་སྒང་ཞིང་འབྲོག་ཁུལ་དུ་ཕྲུ་གུར་ལྷན་སྐྱེས་རུས་ཚིགས་འཕོ་འགྱུར་(DDH)གྱི་ནད་གཞི་ཕོག་ཚད་དེ་སྟོང་ཆ་32ཟིན་པས། དེ་ནི་ཀྲུང་གོའི་ནང་སའི་ཁུལ་དུ་ནད་གཞི་དེ་ཕོག་ཚད་ཀྱི་ལྡབ་6ཡིན། གྲངས་གཞི་དེ་ནི་དེ་སྔོན་དོ་ཁུར་བྱེད་པའི་བོད་ལྗོངས་ཁུལ་གྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་ཕོག་ཚད་ཀྱི་སྟོང་ཆ་14ལས་ལྡབ་ཚད་ཀྱིས་བརྒལ་ཡོད་པ་རེད། ཧྲང་ཧེ་གྲོང་ཁྱེར་དུས་བཀག་བདུན་པའི་བོད་སྐྱོར་འཕྲོད་བསྟེན་ལས་བྱེད་པ། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཡང་ཞའོ་ཏུང་གིས་ཚེས་12ཉིན་གསར་འགོད་པར་བརྗོད་དོན། ཁོང་ཚོས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་གྲོང་18ནང་ནས་ས་བབ་མཐོ་དམན་མི་གཅིག་པའི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་རྫོང་6བདམས་ཏེ། ལོ་0—14བར་གྱི་ཕྲུ་གུ་དྲུག་སྟོང་ལ་བརྟག་དཔྱད་ཕྱོགས་རྩིས་བྱས་པས་སྤྱིའི་ཆ་ནས་ནད་གཞི་ཕོག་དེ་སྟོང་ཆ་32.4ཟིན་ཡོད། ཤེས་རྟོགས་བྱས་པར་གཞིགས་ན་འཛམ་གླིང་ཁྱོན་དུ་(DDH)ནད་གཞི་ཕོག་ཚད་དེ་སྟོང་ཆ་2ནས་སྟོང་ཆ་6བར་ཡིན་པ་དང་། ཀྲུང་གོའི་ནང་དུ་ནད་གཞི་ཕོག་ཚད་དེ་སྟོང་ཆ་0.9ནས་སྟོང་ཆ་ལྔའི་བར་ཡིན། བོད་ཁུལ་དུ་(DDH)ནད་གཞི་ཕོག་ཚད་དེ་སྡོད་གནས་ས་བབ་མཐོ་བ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། ཡང་ཞའོ་ཏུང་གིས་བརྗོད་པར། གསར་དུ་བཙས་པའི་ཕྲུ་གུའི་རྐང་པ་སོགས་དབང་པོ་དམ་བཀྱིགས་ཀྱི་ལྟ་སྐྱོང་བྱ་ཐབས་དེ་ནི་(DDH)ནད་གཞི་ཐོན་པའི་གལ་ཆེའི་རྒྱུ་རྐྱེན་ཞིག་ཀྱང་ཡིན་པར་བཤད། དོན་དངོས་ཐོག་ཕྲུ་གུའི་ལྷན་སྐྱེས་རུས་ཚིགས་འཕོ་འགྱུར་(DDH)བྱེད་པ་དེ་ནི་རྒྱུན་མཐོང་གི་ལྷན་སྐྱེས་རང་བཞིན་གྱི་རུས་ཚིགས་འགྱུར་བའི་དབང་པོའི་ནད་ཞིག་ཡིན། མིག་སྔར་ཧྲང་ཧེ་དང་པེ་ཅིང་སོགས་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་ཕྲུ་གུའི་རུས་ཚིགས་འགྱུར་བའི་(B)སྒྲ་རླབས་ཀྱི་ནད་གཞི་བརྟག་དཔྱད་བྱེད་པའི་དྲ་བ་བཙུགས་ཡོད་པས། དེས་ནར་སོན་མི་སྣར་ནད་གཞི་དེ་རིགས་ཕོག་ཚད་ཉུང་དུ་བཏང་ཡོད་པ་རེད། (DDH)ནད་གཞི་ཕོག་པའི་ཕྲུ་གུར་སྔོན་ནས་བརྟག་དཔྱད་བྱེད་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ཟླ་བ་གཉིས་མན་གྱི་ཕྲུ་གྱུར་ལག་པས་ཕུར་ན་དྲག་བསྐྱེད་ཡོང་བ་དང་ཟླ་བ་དྲུག་མན་གྱི་ཕྲུ་གུར་རྡོ་ཞོས་གཏན་བཅིངས་བྱས་ན་དྲག་བསྐྱེད་ཡོང་ཐུབ། ལོ་གཅིག་མན་གྱི་ཕྲུ་གུར་བཤགས་བཅོས་བྱས་ཏེ་སྲོང་དགོས་པ་སོགས་མདོར་ན་ལོ་ཇི་ཙམ་ཆེ་བས་དེ་ཙམ་གྱི་བཤགས་བཅོས་བྱེད་པའི་ན་ཟུག་དང་ཉེན་ཁ་ཡང་ཆེ་བ་ཡོད་པ་རེད།

ཡང་ཞའོ་ཏུང་གིས་ངོ་སྤྲོད་བྱས་པར། བརྟག་དཔྱད་བྱས་པའི་བརྒྱུད་རིམ་ནང་སྨན་དོན་མི་སྣས་(DDH)ནད་གཞི་ཕོག་པའི་མི་སྣ་191ཤེས་རྟོགས་བྱུང་བ་དང་། དེའི་ཁྲོད་ལས་ནད་གཞི་དེ་ཕོག་པའི་ཕྲུ་གུ་145ནི་ལོ་གསུམ་ཡན་ཡིན་པ་ཤེས་རྟོགས་བྱུང་ཡོད། བོད་ཁུལ་དང་ལྷག་པར་དུ་ས་བབ་མཐོའི་ཞིང་འབྲོག་ཁུལ་དུ་གཞི་རིམ་སྔོན་འགོག་བདེ་སྲུང་གི་རྨང་གཞི་ཞན་པས། སྨན་དོན་མི་སྣས་ཞིང་འབྲོག་མང་ཚོགས་ལ་ཡང་དག་པའི་ཕྲུ་གུ་དམར་འབྱར་སྒྲིལ་ལུགས་སློབ་པ་མ་ཟད། བོད་སྐྱོར་སྨན་དོན་མི་སྣས་ཧྲང་ཧེ་གྲོང་ཁྱེར་བྱིས་པའི་སྨན་ཁང་གི་རུས་ནད་ལག་རྩལ་ལེགས་ཆ་བེད་སྤྱད་དེ་གཞིས་རྩེ་ཁུལ་དུ་སྔོན་འགོག་བྱེད་པའི་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་སྔོན་ནས་བརྟག་དཔྱད་སྨན་བཅོས་བྱས་ཏེ་དབང་པོ་སྐྱོན་ཅན་ཉུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པར་བཤད། ཧྲང་ཧེ་བོད་སྐྱོར་ཆེད་མཁས་སྨན་པ་དག་གིས་རིམ་བཞིན་གཞིས་རྩེ་གྲོང་ཁྱེར་དུ་གསར་བཙས་ཕྲུ་གུར་(DDH)ནད་གཞི་བརྟག་དཔྱད་དྲ་བ་འཛུགས་སྐྱོང་བྱས་ཏེ། ཕྲུ་གུ་བཙས་ནས་གཟའ་འཁོར་དྲུག་ནས་ཟླ་བ་ཉི་ཤུའི་བར་གྱི་བཅོས་དུས་ལེགས་ཤོས་བེད་སྤྱད་དེ་དུས་ཐོག་ཏུ་སྨན་བཅོས་བྱེད་ཐུབ་པ་བྱ་རྒྱུའི་ལས་འཆར་ཡོད་པ་རེད། ཁོང་རྣམས་ཀྱིས་གཞིས་རྩེའི་རྫོང་ཁག་བཅོ་བརྒྱད་ཚང་མར་བརྟག་དཔྱད་བྱེད་མྱོང་ཡོད་པ་དང་། ཡང་ཞའོ་ཏུང་གིས་བརྗོད་པར་2015ལོའི་ལོ་མཇུག་ཏུ་གསར་བཙས་ཕྲུ་གུའི་རུས་ཚིགས་འགྱུར་བའི་(B)སྒྲ་རླབས་ཀྱི་ནད་གཞི་བརྟག་དཔྱད་བྱེད་འགོ་ཚུགས་པ་ནས་བཟུང་ལྷ་རྩེ་རྫོང་ཁོ་ནར་ཟླ་བ་གཉིས་མན་གྱི་ཕྲུ་གུ་37ལ་བརྟག་དཔྱད་བྱས་པའི་ཁྲོད་དུ་ཕྲུ་གུ་22ཀྱི་དབང་པོའི་རུས་ཚིགས་བརྟན་པོ་མེད་པའི་ནད་རྟགས་ཐོན་ཡོད་པ་རེད། དེ་ཡང་ཧྲང་ཧེ་གྲོང་ཁྱེར་ཆེད་མཁས་སྨན་པའི་རོགས་སྐྱོར་འོག་བོད་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་བོད་ཀྱི་ཆེས་ཐོག་མའི་(DDH)ནད་གཞི་ཆེད་བཅོས་ལྟེ་གནས་དབུ་བརྙེས་ཏེ་བོད་ཁུལ་གྱི་(DDH)ནད་གཞི་ཕོག་པའི་ཕྲུ་གུ་རྣམས་ལ་དུས་ཐོག་ཏུ་སྨན་བཅོས་བྱེད་པའི་སྟེགས་བུ་ཞིག་སྐྲུན་ཡོད་པ་དང་། ཆབས་ཅིག་ཏུ་རང་ལྗོངས་ཀྱི་རིག་ཚན་དེའི་སྟོང་ཆ་ཁ་གསབ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་གཞིས་རྩེ་གྲོང་ཁྱེར་གྱི་(DDH)སྨན་བཅོས་ལྟེ་གནས་དེ་མ་འོངས་པར་རང་སྐྱོང་ལྗོངས་རིམ་པའི་སྦྱོང་བརྡར་རྟེན་གཞི་ཞིག་ཏུ་སྐྲུན་ནས་ལྗོངས་ཡོངས་ཀྱི་གཞི་རིམ་སྨན་དོན་མི་སྣ་ཁྱོན་ཡོངས་ལ་ཁ་ཕྱོགས་ཏེ་སྦྱོང་བརྡར་སྤྲད་དེ་(DDH)ནད་གཞི་སྔོན་འགོག་སྨན་བཅོས་ཀྱི་ལག་རྩལ་ཤེས་རྟོགས་དང་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ་རེད། དེ་ཡང་བོད་ཁུལ་གྱི་(DDH)ནད་གཞི་ཕོག་ནས་ཡུན་རིང་སོང་བའི་བྱིས་པ་རྣམས་གང་མགྱོགས་ནད་གཞི་ལས་གྲོལ་བྱེད། ཧྲང་ཧེ་བོད་སྐྱོར་མི་སྣས་སྤྱི་ཚོགས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་བྱས་ཏེ་ “སྐལ་བཟང་མེ་ཏོག་གི་བརྩེ་སེམས་”ཞེས་པའི་བོད་ཁུལ་གྱི་(DDH)ནད་གཞི་ཕོག་པའི་བྱིས་པར་སྤྱི་ཕན་གྱི་རྣམ་གྲངས་འགོ་བཙུགས་ནས་སྔ་རྗེས་སུ་ནད་གཞི་ཕོག་ནས་ཡུན་རིང་སོང་བའི་ཕྲུ་གུ་དག་ཧྲང་ཧེ་རུ་རིན་མེད་བཤགས་བཅོས་བྱེད་པར་འཁྲིད་རྒྱུ་ཡིན་པ་རེད། རྣམ་གྲངས་དེའི་དབུ་འབྱེད་མི་སྣ་ཡང་ཞའོ་ཏུང་གིས་ངོ་སྤྲོད་བྱས་པར། ཐེངས་དང་པོར་ཧྲང་ཧེ་རུ་བཤགས་བཅོས་བྱེད་པར་བསྐྱོད་མཁན་གྱི་ལོ་11ཡིན་པའི་བུ་མོ་བདེ་སྐྱིད་དཔལ་འཛོམས་ལ་རུས་ཚིགས་ཡོ་བསྲང་གི་བཤགས་བཅོས་ཐེངས་གཉིས་བྱས་པས་ད་ལྟ་ཕྲུ་གུ་གཞན་དང་འདྲ་བར་བདེ་ཐང་ངང་རྒྱུགས་ཤར་གཏོང་ཐུབ་ཀྱི་ཡོད་ཅེས་བརྗོད།

འབྲེལ་ཡོད་རྩོམ་ཡིག