ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱིས་མ་གནས་དམའ་བའི་མཁའ་འགྲུལ་བོད་དུ་འཕུར་བསྐྱོད་བཅའ་སྡོད་བྱ་རྒྱུར་སྐུལ་འདེབས་བྱེད་བཞིན་པ།

2016-03-02

དཔྱད་གཞིའི་པར། བོད་ལྗོངས་མཁའ་འགྲུལ་ཀུང་སིའི་མཁའ་མགྲོན་(A319-100)རྟགས་ཅན་གྱི་གནམ་གྲུ་མཐོ་སྒང་མཁའ་ལམ་ཐོག་འཕུར་བསྐྱོད་བྱེད་བཞིན་པ། ལོ་ངོ་དུ་མའི་རིང་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་ནི་མེད་པ་ནས་ཡོད་པ་དང་། ཆུང་ངུ་ནས་ཆེན་པོ། ཞན་པ་ནས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ལམ་བུ་དེ་དག་བརྒྱུད་ནས་ད་ལྟའི་ཆར་མིང་དོན་དངོས་དང་མཚུངས་པའི་མཁའ་དབྱིངས་ཀྱི་ཚེ་སྲོག་ལམ་བུ་ཞིག་དང་འགྲིམ་འགྲུལ་གྱི་འགན་སྲུང་ལམ་བུ་ཞིག མི་རིགས་ཀྱི་མཐུན་སྒྲིལ་ལམ་བུ་ཞིག སྤྱི་ཚོགས་ཀྱི་འཕེལ་རྒྱས་ལམ་བུ་ཞིག་བཅས་སུ་གྱུར་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་དུས་སྐབས་ནི་བོད་ལྗོངས་འདི་ཉིད་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་ཡོང་བར་རྒྱལ་ཁ་ཐོབ་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། དེ་ནི་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ངོས་ནས་བརྗོད་ན་ཡང་ཐོབ་པར་དཀའ་བའི་གོ་སྐབས་བཟང་པོ་ཞིག་ཡིན། དེར་བརྟེན་བོད་ཀྱི་དམིགས་བསལ་ཐོན་ཁུངས་དང་ས་ཁུལ་གྱི་ལེགས་ཆར་གཞི་བཅོལ་ནས་གོམ་གང་མདུན་སྤོས་ཀྱིས་དམངས་སྤྱོད་མཁའ་འགྲུལ་འཐབ་ཇུས་ཀྱི་ཐོན་ལས་གནས་བབ་ཁ་གསལ་དང་སྲིད་ཇུས་ཀྱི་རོགས་སྐྱོར་ཡོང་ཤུགས་ཆེ་རུ་གཏོང་བ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་ཀུང་སིས་བོད་དང་འབྲེལ་བའི་རྒྱལ་སྤྱིའི་མཁའ་ལམ་གསར་འབྱེད་བྱ་རྒྱུར་སྐུལ་འདེབས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། ཐོག་མར་དམངས་སྤྱོད་མཁའ་འགྲུལ་འཐབ་ཇུས་ཀྱི་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ། བོད་ལྗོངས་འདི་ཉིད་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་ཏུ་འཛིན་དགོས། དེ་ཡང་ལོ་ལྔ་ཚན་བཅུ་གསུམ་པའི་རྣམ་གྲངས་ཁག་འཆར་འགོད་བྱེད་པའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་མཐུན་པའི་དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་གྱི་འཐབ་ཇུས་གཏན་འཁེལ་བྱེད་དགོས་པ་དང་། དམངས་སྤྱོད་མཁའ་འགྲུལ་གྱིས་བོད་ཀྱི་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་དང་དཔལ་འབྱོར་སྤྱི་ཚོགས་ལེགས་བསྒྱུར་བྱེད་པའི་ཁྲོད་དུ་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་དགོས་པ། གོམ་གང་མདུན་སྤོས་ཀྱིས་བོད་ལྗོངས་ནང་ཁུལ་གྱི་ས་གནས་གྲོང་ཁྱེར་དང་གཙོ་གནད་རྫོང་གི་གནམ་གྲུ་བབ་ཐང་གི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ་དང་། འཆར་འགོད་ལྟར་གྱིས་གནམ་གྲུའི་བབ་ཐང་གསར་སྐྲུན་བྱེད་པའི་སྔོན་འགྲོའི་དཔྱད་དཔོག་ལས་དོན་ཁག་དུས་ཐོག་ཏུ་སྤེལ་ནས་བོད་ལྗོངས་ནང་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། གནམ་གྲུ་བབ་ཐང་གི་བཀོད་པ་སྔར་བས་ལེགས་སུ་གཏོང་དགོས། གཉིས་ནས་གོམ་གང་མདུན་སྤོས་ཀྱིས་བོད་ལྗོངས་མཁའ་འགྲུལ་ལ་དམིགས་པའི་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་སྤྱོད་མཁའ་འགྲུལ་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ལྗོངས་ས་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་རྒྱུན་མཐུན་བདེ་ཐང་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། དེ་ཡང་ལྗོངས་ནང་ཁུལ་གྱི་གནམ་གྲུ་བབ་ཐང་འགའ་ཤས་རྒྱ་བསྐྱེད་གཏོང་བའི་ལས་གྲྭ་གང་མགྱོགས་སྤེལ་དགོས་པ་དང་། མཁའ་འགྲུལ་དོ་དམ་སྒྲིག་ཆས་དང་སྣུམ་འདྲེན་སྒྲིག་ཆས། དོད་དྲག་ཉེན་སྐྱོབ་སྒྲིག་ཆས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་འཐུས་ཚང་དང་ལེགས་བཅོས་བྱས་ཏེ། ཞབས་ཞུའི་འགན་སྲུང་ནུས་པ་གོང་མཐོར་གཏོང་བ་དང་། བོད་ཀྱི་གནམ་གྲུ་བབ་ཐང་ཁག་གི་བཀོད་པ་དང་མཁའ་ལམ་དྲ་བའི་དོ་དམ་འཐུས་ཚང་དུ་བཏང་སྟེ་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་འཕུར་བསྐྱོད་འགན་སྲུང་ནུས་པ་དང་མཁའ་ལམ་དྲ་བའི་ཤར་གཏོང་ནུས་པ་གོང་མཐོར་འགྲོ་བ་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རོགས་འདེགས་བྱེད་དགོས། དེ་བཞིན་འབྲེལ་ཡོད་ཚན་པ་ཁག་གིས་སྲིད་ཇུས་ལེགས་བཅོས་བྱས་ཏེ་བབ་ཐང་ལས་བྲེལ་ཆེ་བའི་སྐབས་སུ་ཐོན་ཁུངས་བཀོད་སྒྲིག་བྱེད་ཐབས་ཐད་བོད་དུ་འཕུར་བསྐྱོད་བྱེད་མཁན་གྱི་མཁའ་འགྲུལ་ཀུང་སིར་རོགས་སྐྱོར་བྱེད་པ་དང་། བོད་ལྗོངས་ནང་ཁུལ་གྱི་གནམ་གྲུ་བབ་ཐང་གི་ལས་གཉེར་ལ་ཕོག་པའི་གྱོང་གུན་ཁ་གསབ་ཀྱི་རོགས་སྐྱོར་མུ་མཐུད་བྱེད་རྒྱུ་བཅས་གང་མགྱོགས་བོད་ཀྱི་མཁའ་ལམ་འཛུགས་སྐྲུན་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མཇུག་ཏུ་མ་གནས་དམའ་བའི་མཁའ་འགྲུལ་ཀུང་སིས་བོད་དུ་འཕུར་བསྐྱོད་བཅའ་སྡོད་བྱ་རྒྱུར་སྐུལ་འདེབས་བྱེད་པ་དང་། ཆ་རྐྱེན་ཡོད་པའི་མཁའ་འགྲུལ་ཀུང་སིས་ལྷ་ས་དང་ཉིང་ཁྲི་སོགས་ཀྱི་བབ་ཐང་ཁག་ཏུ་རྟེན་གཞི་བཙུགས་པ་དང་། དམངས་སྤྱོད་མཁའ་འགྲུལ་ཀུང་སིས་བོད་དང་འབྲེལ་བའི་རྒྱལ་སྤྱིའི་མཁའ་ལམ་གསར་འབྱེད་བྱེད་པ། བོད་ནང་ཁུལ་གྱི་གནམ་གྲུ་བབ་ཐང་ཁག་ནས་ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་ཁག་17གྱི་གྲོང་ཁྱེར་ཆེ་གྲས་ཁག་ལ་ཐད་འཕུར་དང་ལམ་ཞོར་བསྐྱོད་མཁན་གྱི་མཁའ་འགྲུལ་ལམ་ཐིགས་གསར་འབྱེད་ཀྱི་སྐུལ་འདེབས་བྱེད་པ། གོམ་གང་མདུན་སྤོས་ཀྱིས་བོད་དུ་འགྲོ་འོང་བྱེད་པའི་མཁའ་འགྲུལ་ལམ་ཐིགས་རྒྱ་ཆེར་གཏོང་བ། མཁའ་འགྲུལ་ཀུང་སི་ཁག་གིས་ད་ཡོད་ཀྱི་ལམ་ཐིགས་བབ་ཐང་ཁག་ཏུ་འགྲོ་འོང་བྱེད་པའམ་བོད་ནང་ཁུལ་གྱི་ཡན་ལག་བབ་ཐང་ཁག་ཏུ་འགྲོ་འོང་བྱ་རྒྱུར་རོགས་རམ་བྱེད་པ། དེ་བཞིན་བོད་ནང་ཁུལ་གྱི་གནམ་གྲུ་བབ་ཐང་ཁག་ཏུ་རེ་བསྐོར་འཕུར་བསྐྱོད་དང་སྔ་རྗེས་འཕུར་བསྐྱོད་བཀོད་སྒྲིག་བྱེད་རྒྱུ་དང་མཁའ་ལམ་ཁག་གི་དོ་དམ་ནན་ཏུ་བཏང་ནས་མཁའ་འགྲུལ་ཀུང་སི་ཕན་ཚུན་དབར་གྱི་འཕུར་བསྐྱོད་འབྲེལ་བ་ལེགས་སུ་གཏོང་རྒྱུ་བཅས་ལ་སྐུལ་འདེབས་བྱེད་དགོས།

འབྲེལ་ཡོད་རྩོམ་ཡིག