2016ལོའི་ཟླ་བ་2པའི་ཚེས་2ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་དང་དྲུང་སྤྱི་ཝང་ཀང་གིས་ཟླ་བ་2པའི་ཚེས་1ཉིན་ངོ་སྤྲོད་བྱས་པར། 2015ལོར་བོད་ལྗོངས་ཀྱི་སྒྲིག་བཤེར་ཚན་པས་རུལ་སུངས་ཡོད་ན་མཐའ་གཅིག་ཏུ་ངོ་རྒོལ་དང་ལྐོག་ཟ་ལྐོག་ལེན་བྱེད་མཁན་ཡོད་ན་མཐའ་གཅིག་ཏུ་ཆད་གཅོད་བྱེད་པ། སྟག་དང་དུག་སྦྲང་ལྟ་བུའི་དཔོན་ངན་ཚང་མ་མཉམ་དུ་ཆད་གཅོད་བྱེད་པའི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པས་ཁྱོན་གྱོད་གཞི་457ཐོ་འགོད་བྱས་པ་དང་། གྱོད་གཞི་387ཐག་གཅོད་བྱས་ཏེ་ཁྱོན་མི་གྲངས་522ལ་ཏང་སྲོལ་སྲིད་ཁྲིམས་ཀྱི་ཆད་པ་བཅད། ཉིན་དེར་སྐོང་འཚོགས་བྱས་པའི་བོད་ལྗོངས་ཀྱི་2015ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། 2015ལོར་བོད་ལྗོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་160དང་མི་གྲངས་258རྩད་གཅོད་ཞིབ་བཤེར་ཐུབ་པ་དང་། མི་གྲངས་129ལ་ཏང་སྲོལ་སྲིད་ཁྲིམས་ཀྱི་ཆད་གཅོད་བྱས་པ་དང་། ཆབས་ཅིག་ཏུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་21ཞིབ་བཤེར་རྩད་གཅོད་བྱུང་ཐོག་མི་གྲངས་21ལ་སྒྲིག་ཁྲིམས་ཀྱི་ཆད་གཅོད་བྱས་པ་དང་། དེའི་ཁྲོད་ལས་དཔེ་མཚོན་གྱི་གནད་དོན་45ཡོངས་བསྒྲགས་ཐེར་འདོན་བྱས་ཡོད། ཝང་ཀང་གི་ངོ་སྤྲོད་བྱས་པར། སྔ་ལོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་བགོ་སྒྲིག་ཚོ་ཆུང་གིས་མི་སྣ་བྲོས་བྱོལ་དང་མ་དངུལ་ཕྱི་ཕྱོགས་སུ་གྱར་བའི་རིགས་ཞིབ་བཤེར་རྩད་འདེད་གཏོང་བའི་ལས་དོན་གྱི་ལམ་སྲོལ་དང་དོན་གཅོད་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་ཕྱི་ཕྱོགས་སུ་བྲོས་བྱོལ་བྱས་པའི་མི་སྣ་2འཛིན་བཟུང་གྱོད་གཏུགས་ཐུབ་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཉིས་དོན་འཁྱོལ་བྱེད་པའི་ཁྲོད་དུ་བོད་ལྗོངས་ཀྱིས་རྫོང་ཏང་ཨུད་དང་སྒྲིག་ཨུད་3ལ་ལྗོངས་ཡོངས་སུ་ཁྱབ་བསྒྲགས་དང་སྐྱོན་བརྗོད་བྱས་ཐོག་འགོ་ཁྲིད་ལས་བྱེད་མི་གྲངས་62ཀྱི་འགན་འཁྲི་རྩད་གཅོད་བྱས་ཡོད། ཡོངས་བསྒྲགས་བྱས་པར་གཞིགས་ན་བོད་ལྗོངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་2015ལོར་ཉེས་པ་བསགས་པའི་ཏང་ཡོན་ལས་བྱེད་མི་གྲངས་28ཁྲིམས་འཛིན་ཚན་པར་རྩིས་སྤྲོད་བྱས། དེའི་ཁྲོད་ལས་ལེའུ་ཡུ་ལིང་ནི་ལྷ་ས་གྲོང་ཁྱེར་བཟོ་ལས་དང་བརྡ་འཕྲིན་ཅུད་ཀྱི་ཅུད་ཀྲང་ཡིན་ཞིང་། ཁོ་པར་ལོ་ངོ་11ལྷག་ཙམ་གྱི་སྒྲིག་བཤེར་ལས་ཀའི་ཉམས་མྱོང་ཡོད། འོན་ཀྱང་རང་ཉིད་ཀྱི་སྤྱོད་ལམ་མི་གཙང་བ་དང་སྒྲིག་ཁྲིམས་དོ་ནན་མེད་པ། དབང་ཆ་དམ་འཛིན་མེད་པ་སོགས་ཀྱི་རྐྱེན་པས་གཞན་གྱི་བསླུ་བྲིད་དང་ཚོད་བགམ་མི་ཐུབ་པར་མཐར་ཏང་གི་སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་ཁྲིམས་ལས་འགལ་བ་ཞིག་ཏུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་བལྟ་བཤེར་ཐིང་གི་ཐིང་ཀྲང་ཝང་གྲོ་ཞིང་གིས་ངོ་སྤྲོད་བྱས་པར། གྱོད་གཞི་རྩད་གཅོད་བྱེད་སྐབས་སྒྲིག་ཁྲིམས་ཞིབ་བཤེར་ཀྱི་ལས་ཀ་བྱེད་མྱོང་བའི་ལེའུ་ཡུ་ལིང་ལ་ཞིབ་བཤེར་གཡོ་འགོག་གི་འདུ་ཤེས་དང་ནུས་པ་ཅུང་ཆེ་ཙམ་ཡོད། ཁོ་པས་རང་ཉིད་ལ་སྒྲིག་འཛུགས་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་ཤེས་འཕྲལ། དྲ་རྒྱའི་ཐོག་གི་ནོར་སྲིད་ཁེ་བབ་སྟེགས་བུ་བེད་སྤྱད་དེ་ལྐོག་ཟ་བྱས་པའི་མ་དངུལ་དག་བསྟུད་མར་དྲ་ཐོག་ཏུ་གཏོང་ལེན་ཐེངས་མང་བྱས་ཏེ་གནད་དོན་ལས་གཡོལ་ཐབས་དང་ཞིབ་བཤེར་མི་སྣའི་རྩད་དཔྱོད་ལ་ཤུགས་རྐྱེན་ཐེབས་ཐབས་སོགས་བྱས་ཏེ་ནག་ལེན་སྦས་གསང་དང་ཉུང་དུ་གཏོང་ཐབས་བྱས་ཡོད། སྔ་ལོའི་ཟླ་བ་6པའི་ཚེས་15ཉིན་བོད་ལྗོངས་ཀྱི་སྒྲིག་ཁྲིམས་བལྟ་བཤེར་དྲ་བའི་ཐོག་ལེའུ་ཡུ་ལིང་གིས་སྒྲིག་སྲོལ་དང་ཁྲིམས་ལུགས་ལས་ཚབས་ཆེན་འགལ་བའི་རྐྱེན་གྱིས་ཏང་གི་སྐྱིད་སྡུག་དང་གཞུང་ཞབས་པའི་སྐྱིད་སྡུག་ལས་ཕྱིར་འབུད་བྱེད་རྒྱུ་དང་། ཁྲིམས་འགལ་ཉེས་གསོག་གི་གནད་དོན་དང་འབྲེལ་ཡོད་དཔང་རྟགས་རྣམས་ཁྲིམས་འཛིན་ཚན་པས་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱེད་རྒྱུ་ཡིན་པའི་སྐོར་འགྲེམས་སྤེལ་བྱས་ཡོད།