ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

2001ལོའི་ཚུན་གྱི་བཟུང་ཏང་གི་ཆོས་ལུགས་ལས་དོན་ཐད་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གྲུབ་འབྲས།

2016-04-28 ཁྲི་སེམས་དཔའ།
        2001ལོར་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་འཚོགས་ཚུན་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་གྱི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ཐད་མཐོང་ཆེན་མཛད་དེ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གཙོ་བོར་བཟུང་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། ཆོས་ལུགས་ཀྱི་གནད་དོན་ལ་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པ་དང་། ཆོས་ལུགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པར་དམིགས་ནས་བསམ་བློ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་རབ་དང་རིམ་པ་བཏོན་ནས། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཞིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་ཡུལ་ཁམས་གསར་པ་རྒྱ་བསྐྱེད་པ་དང་། ཆོས་ལུགས་ཀྱི་བྱ་བར་མཛུབ་སྟོན་གནང་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་རེད་།
        གཅིག ཆོས་ལུགས་སྐོར་གྱི་རིགས་པའི་གཞུང་ལུགས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ། 
        ཆོས་ལུགས་ནི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྣང་ཚུལ་གལ་ཆེན་ཞིག་ཡིན་ལ། ཆོས་ལུགས་ཀྱི་གནད་དོན་དེ་ཏང་དང་མི་དམངས་མང་ཚོགས་བར་ཤ་ཁྲག་ལྟ་བུའི་འབྲེལ་བ་ཡོད་པ་དང་། དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་དང་འབྲེལ་བ་ཡོད་པ། དེ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་འབྲེལ་བ་ཡོད་ཅིང་།རང་རྒྱལ་གྱི་ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ཕྱི་ཕྱོགས་འབྲེལ་བ་འཛུགས་པར་ཡང་འབྲེལ་བ་ཡོད།  ཆོས་ལུགས་ཀྱི་གནད་དོན་ལ་ལྟ་སྟངས་དང་ཐག་གཅོད་ཡང་དག་པར་བྱེད་རྒྱུ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ཁྲོད་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ང་ཚོས་ཏང་གིས་ངེས་པར་དུ་ནན་ཏན་གྱི་སྒོ་ནས་ངོས་འཛིན་དང་ཐག་གཅོད་འོས་འཚམ་བྱེད་དགོས་པའི་དངོས་ཡོད་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། དུས་རབས་གསར་པར་སླེབས་པ་ནས་བཟུང་། ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་སློབ་སྟོན་དུ་འཛིན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གི་ཆོས་ལུགས་གནས་བབ་ལ་དབྱེ་ཞིབ་བྱས་པ། ཆོས་ལུགས་གནས་པའི་ཡུན་རིང་རང་བཞིན་དང་། ཆོས་ལུགས་གནད་དོན་གྱི་མང་ཚོགས་རང་བཞིན་དང་དམིགས་བསལ་དང་རྙོག་འཛིང་རང་བཞིན་རྒྱས་བཤད་གཏིང་ཟབ་གནང་ཞིང་། ཆོས་ལུགས་ཀྱི་ཆོས་ཉིད་གཞིར་བཟུང་ཐོག་ཆོས་ལུགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས་པར་ནན་གྱིས་བསྟན་པས།  ཆོས་ལུགས་ཐད་ཀྱི་རིགས་པའི་གཞུང་ལུགས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ཡོད། 
        ཆོས་ལུགས་དེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་དུས་ཡུན་རིང་པོར་གནས་པ་དེས། ཆོས་ལུགས་ཀྱི་ངོ་བོ་དང་ཆོས་ཉིད་ཐད་ངོས་འཛིན་གཏིང་ཟབ་བཏང་ཡོད་པ་རེད་། ཆོས་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་བྱུང་ནས་དུས་རིམ་ངེས་ཅན་ཞིག་གི་ལོ་རྒྱུས་ཀྱི་སྣང་ཚུལ་དང་། དེ་གནས་པར་རྙོག་འཛིང་ཆེ་བའི་རང་བྱུང་གི་འབྱུང་རྩ་དང་། སྤྱི་ཚོགས་ཀྱི་འབྱུང་རྩ། ངོས་འཛིན་གྱི་འབྱུང་ཁུངས་བཅས་ཡོད་པ་རེད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་རིག་ཡར་ཐོན་བྱུང་བ། མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་ནས། ཆོས་ལུགས་གནས་པའི་འབྱུང་རྩ་དང་ཆ་རྐྱེན་རིམ་བཞིན་ཇེ་ཞན་དུ་འགྲོ་བ་དང་། མཇུག་མཐར་མེད་པར་འགྱུར་སྲིད་མོད། འོན་ཀྱང་དེ་ནི་བརྒྱུད་རིམ་ཧ་ཅང་རིང་པོ་ཞིག་ཡིན། ད་ཆར་རང་རྒྱལ་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་།  ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་ད་དུང་མཐོན་པོ་མེད་པ། ཚན་རིག་ལག་རྩལ་ད་དུང་དར་རྒྱས་བྱུང་མེད་པ། མི་རྣམས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཀྱང་ད་དུང་མཐོན་པོ་མིན་ཁར། རྒྱལ་སྤྱིའི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ཡོད་སྟབས། རང་རྒྱལ་དུ་ཆོས་ལུགས་མུ་མཐུད་དུ་གནས་ཐུབ་པའི་འབྱུང་རྩ་སྔར་བཞིན་དུས་ཡུན་རིང་བོར་གནས་ངེས། དེར་བརྟེན། ཆོས་ལུགས་ཀྱང་དུས་ཡུན་རིང་བོར་གནས་སྲིད་པ་དང་། དེ་མཇུག་མཐར་མེད་པར་འགྱུར་འགྲོ་བ་ནི་གྲལ་རིམ་དང་རྒྱལ་ཁབ་རྩ་མེད་དུ་འགྲོ་བ་ལས་ཀྱང་རྒྱུན་རིང་བ་ཡིན། ང་ཚོས་ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཆོས་ལུགས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ངེས་པར་དུ་ཆོས་ལུགས་ཀྱི་ཆོས་ཉིད་ལྟར་ཆོས་ལུགས་ཀྱི་ལས་དོན་སྒྲུབ་མཁས་པོ་བྱེད་པ་ལས། ལོ་རྒྱུས་ཀྱི་ཆོས་ཉིད་དང་རྒྱབ་འགལ་བྱེད་པའི་དོན་དག་གཏན་ནས་བསྒྲུབ་མི་རུང་། 
        ཆོས་ལུགས་ལས་ཀའི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན། དེས་ཆོས་ལུགས་ལས་དོན་གྱི་རྩ་བའི་ལས་འགན་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་ཡོད་པ་རེད། ཆོས་ལུགས་ནི་མང་ཚོགས་རང་བཞིན་ལྡན་པའི་སྤྱི་ཚོགས་སྣང་ཚུལ་ཞིག་སྟེ་འདུ་ཤེས་འཛིན་སྟངས་ཡིན་ལ་སྤྱི་ཚོགས་ཀྱི་གདོས་བཅས་ཤིག་ཀྱང་ཡིན། ཆོས་ལུགས་གནས་པར་དད་ལྡན་མང་ཚོགས་འབོར་ཆེན་གྱིས་དད་པ་བྱེད་པ་དེ་སྔོན་འགྲོ་ཡིན་པ་དང་། འཛམ་གླིང་ཐོག་ཤུགས་རྐྱེན་ཅུང་ཆེ་བའི་ཆོས་ལུགས་གང་ལའང་ཆོས་དད་མང་ཚོགས་མང་པོ་ཡོད་པ་རེད། ཆོས་ལུགས་ལ་ཇི་ལྟར་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་པ་དེ། དོན་དམ་དུ་དད་ལྡན་མང་ཚོགས་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་པ་ཇི་ལྟར་འཛིན་པའི་གནད་དོན་ཡིན། ཆོས་ལུགས་ལ་མང་ཚོགས་རང་བཞིན་ལྡན་པའི་རྐྱེན་གྱིས། རྟག་ཏུ་ཆོས་ལུགས་དེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་ཆགས་བཞིན་པ་དང་། སྤྱི་ཚོགས་འཆམ་མཐུན་དང་། བརྟན་བརླིང་། འཕེལ་རྒྱས་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད། འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་པ་དང་བསྡུར་ན། རང་རྒྱལ་གྱི་དད་ལྡན་མང་ཚོགས་དེ་མི་འབོར་གྱི་བསྡོམས་གྲངས་ནང་བསྡུར་ཚད་མཐོན་པོ་བཟུང་མེད། འོན་ཀྱང་གྲངས་ཀ་ཤིན་ཏུ་ཉུང་བ་ཞིག་ཀྱང་གཏན་ནས་མིན། ང་ཚོའི་ཏང་གིས་ངེས་པར་དུ་མང་ཚོགས་འབོར་ཆེན་གྱིས་ཆོས་ལུགས་ལ་དད་མོས་བྱེད་པའི་དངོས་ཡོད་ལ་མཐོང་ཆེན་བྱེད་དགོས་ཤིང་། ནན་ཏན་གྱིས་ཆོས་ལུགས་བྱ་བ་ལེགས་པར་བསྒྲུབ་དགོས། ཆོས་ལུགས་ལས་ཀའི་ངོ་བོ་ནི་མང་ཚོགས་ཀྱི་ལས་ཀ་ཡིན། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཏུ། རྒྱ་ཆེའི་ཆོས་ལ་དད་པ་དང་མི་དད་པའི་མང་ཚོགས་དང་།ཆོས་ལུགས་མི་གཅིག་པ་ལ་དད་པ་བྱེད་པའི་མང་ཚོགས་ཀྱི་ཆབ་སྲིད་ཐོག་དང་དཔལ་འབྱོར་སྟེང་གི་རྩ་བའི་ཁེ་ཕན་ནི་གཅིག་མཐུན་དང་། བསམ་བློ་དང་དད་མོས་ཐད་ཀྱི་ཁྱད་པར་ནི་ཕལ་བ་ཡིན། མི་དམངས་མང་ཚོགས་ཀྱིས་ཆོས་ལུགས་ལ་དད་མོས་བྱེད་པའམ་ཆོས་ལུགས་ལ་དད་མོས་མི་བྱེད་པ། ཡང་ན་ཆོས་ལུགས་གང་ཞིག་ལ་དད་མོས་བྱེད་པ་སོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཡིན། ང་ཚོས་ངེས་པར་དུ་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ནས། རྒྱ་ཆེའི་ཆོས་ལ་དད་པ་དང་མི་དད་པའི་མང་ཚོགས་བར་མཐུན་སྒྲིལ་ཡོང་བ་བྱེད་པ་དང་། ཁོ་ཚོའི་བློ་གྲོས་དང་སྟོབས་ཤུགས་གོང་བུར་བསྒྲིལ་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས། 
        ངེས་པར་དུ་རྩོད་སྒྲུབ་ཀྱི་སྒོ་ནས་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ལྟ་སྟངས་འཛིན་དགོས།  དེས་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་རེད།  ཆོས་ལུགས་ཀྱི་རང་རྒྱལ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ནང་གི་ནུས་པར་སྔར་བཞིན་དགེ་མཚན་དང་གནོད་པའི་ཕྱོགས་གཉིས་ཀ་ཡོད། ཆོས་ལུགས་ཀྱི་གནད་དོན་ནི་སྔར་ནས་ད་བར་ཁེར་རྐྱང་དུ་གནས་པ་ཞིག་མ་ཡིན་པར། དེ་ཆབ་སྲིད་དང་དཔལ་འབྱོར།རིག་གནས།མི་རིགས་དང་རྒྱལ་སྤྱིའི་སོགས་ཐད་ཀྱི་ལོ་རྒྱུས་དང་དངོས་ཡོད་ཀྱི་འགལ་བ་དང་ཕན་ཚུན་འདྲེས་ཡོད་པས་དམིགས་བསལ་ཆེ་བ་དང་རྙོག་འཛིང་ཆེ་བའི་རང་བཞིན་ལྡན་ཡོད། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱུང་ཚེ་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་དང་འཕེལ་རྒྱས་སུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་། ཐག་གཅོད་ཡག་པོ་མ་ཐུབ་ཚེ་གནོད་པའི་ནུས་པ་ཐོན་པ་རེད། ཐ་ན་གཏོར་བརླག་གི་ནུས་པ་ཧ་ཅང་ཆེན་པོ་ཐོན་ངེས། ཆོས་ལུགས་ལས་དོན་གྱི་གཙོ་གནད་ནི་ཚད་ཆེས་ཆེ་བའི་སྒོ་ནས་ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆོས་ལུགས་ཀྱི་གནོད་པ་བཀག་སྡོམ་བྱེད་པ་དེ་ཡིན། འདི་ལྟར་བསྒྲུབ་ཐུབ་མིན་གྱི་འགག་རྩ་དེ་ཕན་ནུས་ལྡན་པའི་སྒོ་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱེད་ཐུབ་མིན་ལ་རག་ལས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཁྱབ་སྤེལ་དུ་གཏོང་བ་དེས། ཆོས་ལུགས་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་འདོན་སྤེལ་དང་། གནོད་ཕྱོགས་ཀྱི་རྒྱུ་རྐྱེན་ཚོད་འཛིན་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད། ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ང་ཚོས་ངེས་པར་དུ་རྩོད་སྒྲུབ་ཀྱི་སྒོ་ནས་ལྟ་སྟངས་འཛིན་དགོས་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་དཔལ་འབྱོར་གོང་དུ་སྤེལ་བ་དང་། སྤྱི་ཚོགས་འཆམ་མཐུན།རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ།མེས་རྒྱལ་གཅིག་གྱུར་བཅས་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས། 
        ཆོས་ལུགས་བར་གྱི་འབྲེལ་བ་ནི་ཆབ་སྲིད་ཀྱི་ཁྱབ་ཁོངས་དང་སྤྱི་ཚོགས་ཁྱབ་ཁོངས་དང་། དེ་མིན་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལའང་འབྲེལ་བ་གལ་ཆེན་ཡོད།  དེས་ཆོས་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་རེད། སྲིད་ཏང་གི་འབྲེལ་བ་དང་མི་རིགས་བར་གྱི་འབྲེལ་བ། ཆོས་ལུགས་བར་གྱི་འབྲེལ་བ། རིམ་གྲས་བར་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་བར་གྱི་འབྲེལ་བ་བཅས་ནི་ཆབ་སྲིད་ཀྱི་ཁྱབ་ཁོངས་དང་སྤྱི་ཚོགས་ཁྱབ་ཁོངས་ནང་།ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་དང་འབྲེལ་བའི་འབྲེལ་བ་གལ་ཆེན་ཡིན། འཐབ་ཕྱོགས་གཅིག་གྱུར་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་ཐག་གཅོད་ཡང་དག་བྱ་དགོས་པའི་འབྲེལ་བ་གལ་ཆེན་ཡང་ཡིན། རང་རྒྱལ་ནི་ཆོས་ལུགས་སྣ་མང་བའི་རྒྱལ་ཁབ་ཅིག་དང་།དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་དང་། ཆོས་ལུགས་མི་འདྲ་བ་ལ་དད་པ་བྱེད་མཁན་མང་ཚོགས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་འཆམ་མཐུན་སྤྱི་ཚོགས་ཀྱི་ལས་དོན་གལ་ཆེན་ཞིག་རེད། ཆོས་ལུགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་རང་བཞིན་གྱི་ལས་དོན་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྱིམ་གཞིས་ཆེན་པོའི་ནང་དུ་མི་རིགས་བར་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་བྱུང་ན་ད་གཟོད་ལས་དོན་ཁག་སོ་སོ་ཇེ་ཡག་ཏུ་འགྲོ་སྲིད་པ་རེད།  ཆོས་ལུགས་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། ཆོས་ལུགས་ཀྱི་ལས་ཀ་སྒྲུབ་མཁས་པ་ནི་འགོ་ཁྲིད་ལས་བྱེད་པ་ཆབ་སྲིད་ཐོག་འཚར་ལོངས་བྱུང་བའི་མཚོན་ཚུལ་གལ་ཆེན་ཞིག་དང་། ང་ཚོའི་ཏང་གིས་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་སྲིད་འཛིན་ནུས་པ་ཆེ་རུ་གཏོང་བའི་དགོས་ངེས་ཀྱི་བླང་བྱའང་ཡིན། ང་ཚོས་ངེས་པར་དུ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཆོས་ལུགས་ཀྱི་གནད་དོན་ལ་མཐོང་ཆེན་དང་། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བྱས་ནས། ཆོས་ལུགས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་གང་ཐུབ་དང་། ཆོས་ལུགས་ཁག་འཆམ་མཐུན་མཉམ་གནས། དད་ལྡན་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས། ཆོས་ལུགས་མི་འདྲ་བ་ལ་དད་པ་བྱེད་མཁན་མང་ཚོགས་བཅས་བར་འཆམ་མཐུན་མཉམ་གནས་བཅས་ཀྱི་སྒོ་ནས་ཐུན་མོང་ཐོག་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་བཏང་བ་རེད།  
        གཉིས། ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་འཐུས་ཚང་དུ་བཏང་།
        དུས་རབས་གསར་པར་སླེབས་པ་ནས་བཟུང་། ང་ཚོའི་ཏང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་འགྱུར་ལྡོག་གསར་པ་དང་། ཆོས་ལུགས་ལས་དོན་ཁྲོད་དུ་ཐོན་པའི་གནས་ཚུལ་གསར་པ། གནད་དོན་གསར་པ་བཅས་གཞིར་བཟུང་ནས། ཆོས་ལུགས་སྐོར་གྱི་རིགས་པའི་གཞུང་ལུགས་ཐད་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བ་བྱེད་པའི་རྨང་གཞིའི་ཐོག ཚན་རིག་དང་མཐུན་པའི་སྒོ་ནས་ཆོས་ལུགས་ལས་དོན་གྱི་ལག་ལེན་དང་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པས། རིམ་བཞིན་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་གཏན་འབེབས་བྱུང་བ་མ་ཟད།ཁྱོན་ཡོངས་ནས་བྱེད་ཐབས་འདི་དོན་འཁྱོལ་བྱེད་པའི་ལག་ལེན་ཁྲོད་རིམ་བཞིན་ཏང་གི་ཆོས་ལུགས་ལས་དོན་བྱེད་ཕྱོགས་སྲིད་ཇུས་འཐུས་ཚང་དུ་བཏང་། 
        ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྙན་སྒྲོན་ལས་བསྟན་དོན། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱ་དགོས་ན། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ། རང་རྐྱ་ཐུབ་པའི་སྒོ་ནས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།  གོ་བདེ་བའི་སྐད་ཆ་ཚིག་བཞི་བོས་ཏང་གི་ཆོས་ལུགས་ལས་དོན་མཛད་ཕྱོགས་སྲིད་ཇུས་ཀྱི་མཐོ་ཚད་ཐོག་ནས་སྙིང་བསྡུས་བྱས་ཡོད། 2004ལོར་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་། སྐད་ཆ་ཚིག་བཞི་བོ་འདིའི་གོ་རིམ་ལེགས་སྒྲིག་བྱས་ཏེ་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། རང་རྐྱ་ཐུབ་པའི་སྒོ་ནས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ”ཞེས་སྤེལ་ཡོད་པ་མ་ཟད། དེ་ཉིད“ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས”ཡིན་པ་ཁ་གསལ་བཏོན་ཡོད་པ་རེད། 2007ལོར་སྐོང་ཚོགས་བྱས་པའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྟེང་། སྐད་ཆ་ཚིག་བཞི་བོ་འདིའི་ཕུན་སུམ་ཚོགས་པའི་ནང་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས། གྲོས་ཚོགས་སྟེང་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་ནི་མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དེ་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་པའི་རིགས་པའི་གཞུང་ལུགས་ཉིང་བཅུད་ཡིན་ལ། དུས་ཡུན་རིང་པོའི་ནང་ཏང་གི་ཆོས་ལུགས་ལས་ཀའི་ལག་ལེན་ལ་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་བྱས་པ་དང་། ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བའི་རྩ་བའི་ཕྱོགས་སྟོན་ཡིན། ཆོས་ལུགས་ལ་ཁ་གཏད་གཅོག་པའི་ལས་དོན་གྱི་དུས་བབ་གསར་པ་པའི་གལ་ཆེའི་མཆོག་ནོར་ཞིག་ཀྱང་ཡིན། ད་དུང་ཆོས་ལུགས་ཁྱབ་ཁོངས་སུ་གནད་དོན་གསར་པ་ཐག་གཅོད་རྒྱུའི་གཞི་རྩའི་ཐབས་ཇུས་ཀྱང་ཡིན་པ་རེད། ཏང་གི་ཚོགས་ཆེན་བཅུ་བདུན་པའི་སྙན་སྒྲོན་ནང་བསྟན་དོན།“ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་བྱས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས།”ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག་བཟོ་བཅོས་བརྒྱབ་པའི་ཏང་གི་སྒྲིག་ཡིག་ནང“ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དོན་ཡོལ་བྱས་ནས། ཆོས་དད་མང་ཚོགས་མཐུན་སྒྲིལ་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་བྱས་རྗེས་འཇོག་དགོས”པའི་བླང་བྱ་བཀོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་མུ་མཐུད་དེ་ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་པ་ནན་གྱིས་གསུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྟེང་གསར་དུ་བཟོ་བཅོས་བྱས་པའི་ཏང་གི་སྒྲིག་ཡིག་ནང་ཡང་བླང་བྱ་དེ་བསྐྱར་དུ་ནན་བཤད་བྱས། 
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གི་བླང་བྱ་གསར་པ་ལྟར། ཆོས་ལུགས་ལས་དོན་ཐད་རྣམ་བཤད་གསར་པ་རབ་དང་རིམ་པ་སྤེལ་ནས།  ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་ཡུལ་ཁམས་གསར་པ་བཏོད་པ་རེད་། 2015ལོར་སྐོང་ཚོགས་བྱས་པའི་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསལ་བོར་བསྟན་དོན། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་བྱེད་ཕྱོགས་ཀྱི་སྐད་ཆ་ཚིག་བཞི་བོ་ནི་གཞི་མཐུན་གྱི་སྤྱི་ཁོག་ཅིག་ཡིན། ཚིག་སྔོན་མ་གསུམ་ནི་སྲིད་ཇུས་གལ་ཆེན་དང་རྩ་དོན་དང་། མཇུག་མཐའི་ཚིག་གཅིག་པུ་ནི་གཞི་རྩའི་ཁ་ཕྱོགས་དང་དམིགས་ཡུལ་ཡིན་ལ། ལས་ཀའི་གཙོ་གནད་ཀྱང་ཡིན། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ།ངེས་པར་དུ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ངེས་པར་དུ་ཆོས་ལུགས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་མཐོ་རུ་གཏོང་བ། ངེས་པར་དུ་རྩོད་སྒྲུབ་ཀྱི་སྒོ་ནས་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ལྟ་སྟངས་འཛིན་དགོས་པ། ངེས་པར་དུ་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་པ། འདི་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཀྱི་གོང་འཕེལ་གསར་པ་དང་། དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལེགས་པོར་སྒྲུབ་པའི་རྩ་བའི་ཕྱོགས་སྟོན་ཡང་རེད། 
        དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ལེགས་པོར་བསྒྲུབ་ན། ངེས་པར་དུ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུའི་ཕྱོགས་སུ་ཁྲིད་སྟོན་ཧུར་ཐག་བྱས་ཏེ།ཁྱོན་ཡོངས་ནས“ངེས་པར་བཞི”ཡི་བླང་བྱ་ལྟར། ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དེ་ནི། ཧུར་ཐག་གིས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་།  གནད་འགག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་སོ་སོ་ལ་ཤུགས་རྐྱེན་བཟོས་ནས། ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྱི་བསམ་བློ་དང་འདུལ་ཁྲིམས་སྤྱི་ཚོགས་ཡར་ཐོན་དང་དུས་རབས་ཀྱི་བླང་བྱ་དང་མཐུན་པའི་གསེད་འགྲོལ་བྱེད་དུ་འཇུག་དགོས་པ་དང་། མཐའ་གཅིག་ཏུ་ནུབ་ཕྱོགས་ཀྱི་འདུ་ཤེས་འཛིན་སྟངས་གྱིས་སིམ་འཛུལ་བྱེད་པ་བཀག་ནས།རང་རྟོག་ངང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་བསམ་བློའི་རླབས་རྒྱུན་གྱི་ཤུགས་རྐྱེན་འགོག་རྒོལ་བྱེད་དགོས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལྡོག་མེད་བླང་བྱ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཀྱང་ཡིན་པས། ངེས་པར་དུ་ཁྲིམས་མཐུན་དང་། ཁྲིམས་འགལ་འགོག་པ། ཐལ་སྐྱོད་གཏན་འགོག་བྱེད་པ། སིམ་འཛུལ་གཏན་འགོག ཉེས་གསོག་ལ་རྡུང་རྡེག་བྱེད་པ་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་པར་སྲུང་སྐྱོང་བྱེད་དགོས། རྩོད་སྒྲུབ་ཀྱི་སྒོ་ནས་ཆོས་ལུགས་ཀྱི་སྤྱི་ཚོགས་ནུས་པར་ལྟ་སྟངས་འཛིན་དགོས་པར་ནན་བཤད་བྱེད་པ་ནི། ཏང་ཡོངས་ཀྱི་ངོས་འཛིན་གཅིག་གྱུར་ཡོང་བ་དང་། ཆོས་ལུགས་ལས་དོན་གྱི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱེད་པའི་ལྡོག་མེད་བླང་བྱ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་བསམ་བློའི་ངོས་འཛིན་ཐད་ངེས་པར་དུ་གསལ་བོར་རྟོགས་དགོས་པ་ནི། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོངབའི་གོ་རིམ་ཁྲོད་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས་པ་དང་། དེ་ནི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྐུལ་སློང་བྱེད་པ་དང་། འགལ་རྐྱེན་ཚོད་འགོག་བྱེད་པའི་བརྒྱུད་རིམ་ཞིག་ཡིན། དེར་འགལ་རྐྱེན་ཚོད་འགོག་བྱེད་པ་ཁོ་ནར་དོ་སྣང་བྱ་མི་རུང་ལ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྐུལ་སློང་བྱེད་པར་སྣང་ཆུང་ཡང་བྱ་མི་རུང་། ད་དུང་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྐུལ་སློང་བྱེད་པ་ཁོ་ནར་དོ་སྣང་བྱ་མི་རུང་ལ།  འགལ་རྐྱེན་ཚོད་འགོག་བྱེད་པར་སྣང་ཆུང་བྱ་མི་རུང་། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ན། ཆོས་ལུགས་དེ་འཇིག་རྟེན་ལས་སྐྱོབ་པའི་སྨན་མཆོག་ཏུ་ངོས་འཛིན་པ་དང་། མིས་ཐབས་ཀྱིས་ཆོས་ལུགས་ཚ་ཚ་འུར་འུར་དུ་གཏོང་བ་མ་ཡིན་པར། བབ་བསྟུན་སྣེ་ཁྲིད་དང་ཕན་གཉེར་གནོད་གཡོལ་གྱི་སྒོ་ནས་ཆོས་ལུགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཡོང་བ་དང་། སྤྱི་ཚོགས་འཆམ་མཐུན། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་བཅས་ཡོང་བར་ཞབས་འདེགས་ཞུ་བའི་ཕྱོགས་སུ་སྣེ་ཁྲིད་དགོས། ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱེད་པ་ནི། ཏང་དང་ཆོས་ལུགས་ལས་རིགས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། དད་མོས་ཀྱི་དབང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་དད་ལྡན་མང་ཚོགས་ཁྲོད་དུ་བག་ཆགས་ཆེ་ཙམ་ཡོད་པས། ངེས་པར་དུ་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་རྟོགས་པ་མཐོ་བ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། གནད་འགག་ལ་ཐུག་དུས་ནུས་པ་འདོན་ཐུབ་པའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སྐོར་ཞིག་གསོ་སྐྱོང་བྱེད་དགོས་པ་དང། ཁོ་ཚོས་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལེགས་པོར་བསྒྲུབ་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས།  
        གསུམ། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཁ་གསལ་དུ་བཏང་། 
        ཏང་གི་ཆོས་ལུགས་སྲིད་ཇུས་ཞིབ་ཕྲ་ཅན་དང་ཚད་ལྡན་ཅན་དུ་གཏོང་བ་དེ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྒྲིག་སྲོལ་དང་ལམ་ལུགས་སུ་བསྒྱུར་དགོས། དེ་ནི་སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་དུ་མཐོ་རུ་འདེགས་པའི་ལྡོག་མེད་བླང་བྱ་ཡིན། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཐད་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་གཏོད་ཀྱི་གལ་ཆེའི་ལག་ལེན་གྱི་གྲུབ་འབྲས་གྲས་ཤིག་ནི།ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཁ་གསལ་དུ་བཏང་བ་དེ་རེད། 
        《ཆོས་ལུགས་ལས་དོན་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས། ཆོས་ལུགས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་སྐྱོད་པར་རྨང་གཞི་གལ་ཆེན་བཏིང་བ་རེད། 2004ལོའི་ཟླ11པའི30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཆོས་ལུགས་ལས་དོན་སྲོལ་ཡིག》བཀྲམ། དེ་ནི་རང་རྒྱལ་གྱི་ཆོས་ལུགས་ལས་དོན་ཚད་ལྡན་དུ་གཏོང་བའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་འཛིན་ཁྲིམས་སྲོལ་དང་པོ་ཡིན། 《ཆོས་ལུགས་ལས་དོན་སྲོལ་ཡིག》ཏུ་རྩ་ཁྲིམས་དང་བཅའ་ཁྲིམས་ནང་ཆོས་ལུགས་དང་འབྲེལ་བའི་རྩ་དོན་དང་གཏན་འབེབས་ཞིབ་ཕྲ་ཅན་དུ་བཏང་བས། རང་རྒྱལ་གྱིས་དུས་ཡུན་རིང་པོའི་ནང་གཙོ་བོ་སྲིད་ཇུས་ལ་བརྟེན་ནས་ཆོས་ལུགས་ལས་དོན་ཚད་ལྡན་དུ་གཏོང་བ་ནས་གཙོ་བོ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་མངོན་འགྱུར་བྱུང་བ་དང་། ཆོས་ལུགས་ལས་དོན་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་རིམ་པར་སྡེ་ཁག12ཀྱི་སྒྲིག་སྲོལ་བཟོས་ནས་བཏོན་པ་རེད། 《ཆོས་ལུགས་ལས་དོན་སྲོལ་ཡིག》གི་ཆ་ལག་ཐབས་ཤེས་དང་ལག་བསྟར་བྱེད་ཐབས་ཡིན་པའི་ཆ་ནས། ཆོས་ལུགས་ལས་དོན་ཐད་ཀྱི་ཕྱོགས་གཙོ་བོ་ཁག་ཐམས་ཅད་ཁེབས་པས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ཁྲིམས་སྲོལ་མ་ལག་ཆགས་ཡོད། ཁྲིམས་ལུགས་གཅིག་གྱུར་དང་ས་ཆའི་གཏོགས་ཁོངས་དོ་དམ་གྱི་རྩ་དོན་ལྟར་ན། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ60ལྷག་གཅིག་རྗེས་གཉིས་མཐུད་ངང་བཟོས་པའམ་ཡང་ན་བཟོ་བཅོས་བརྒྱབ་པས། ཆོས་ལུགས་ཁྲིམས་སྲོལ་གྱི་དམིགས་གཏད་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་། ཤུགས་ཆེན་པོས《ཆོས་ལུགས་ལས་དོན་སྲོལ་ཡིག་》ལག་ལེན་མཐར་ཕྱིན་གཏོང་བར་སྐུལ་འདེད་བཏང་། མིག་སྔར། རང་རྒྱལ་དུ་རྩ་ཁྲིམས་ལྟེ་བར་འཛིན་པ་དང་། དེའི་ཁྲོད་དུ་སྲིད་འཛིན་ཁྲིམས་སྲོལ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ། སྡེ་ཁག་གི་སྒྲིག་སྲོལ།ས་གནས་སྲིད་གཞུང་གི་སྒྲིག་སྲོལ་བཅས་ཀྱང་ཚུད་པའི་ཅུང་འཐུས་ཚང་བའི་ཆོས་ལུགས་ལས་དོན་ཐད་ཀྱི་བཅའ་ཁྲིམས་དང་ལམ་ལུགས་ཀྱི་མ་ལག་ཐོག་མར་ཆགས། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་ཏུ་འགྱུར་སྲིད། 
        ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་བཏོན་པ་དེས། ཆོས་ལུགས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་སྐྱོད་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པ་རེད། 2002 ལོའི་ཟླ་དང་པོར།《 ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་སྐོར་གྱི་ཆོད་དོན》ནང་དུ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་དོན་སྙིང་ནི་ཁྲིམས་མཐུན་དང་། ཁྲིམས་དང་འགལ་རིགས་བཀག་འགོག སིམ་འཛུལ་བྱེད་རིགས་འགོག་པ། བྱས་ཉེས་གསོག་རིགས་ལ་རྡུང་རྡེག་གཏོང་བར་སྲུང་སྐྱོང་བྱེད་པ་དང།  ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པ་རེད། 2014ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྔར་ལས་ལྷག་པའི་སྒོ་ནས་བསྟན་དོན། ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་ནི་ཁྲིམས་མཐུན་དང་། ཁྲིམས་དང་འགལ་རིགས་བཀག་འགོག སིམ་འཛུལ་བྱེད་རིགས་འགོག་པ། བྱས་ཉེས་གསོག་རིགས་ལ་རྡུང་རྡེག་གཏོང་བར་སྲུང་སྐྱོང་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཆོས་ལུགས་ཀྱི་ཐལ་སྐྱོད་བསམ་བློ་དང་། ཆོས་ལུགས་མཐར་ལྷུང་རིང་ལུགས་ལ་སྔོན་འགོག་བྱེད་པ་དེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས་པར་མ་ཟད། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བླང་བྱ་ཆེན་པོ་བཞི་བོ་དེ་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་ཆེན་པོ་ལྔ་རུ་བསྒྱུར་དགོས་ཤིང་། དེས་ཆོས་ལུགས་གི་ལས་དོན་དེ་མཐའ་གཅིག་ཏུ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་སྐྱོད་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པས། ཁྲིམས་ལྟར་བཞིན་ཆོས་ལུགས་ཐད་ཀྱི་གནད་དོན་ཐག་གཅོད་དང་ཆོས་ལུགས་བྱ་བ་ལེགས་པོར་སྒྲུབ་པ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་གྲུབ་ཆ་ཞིག་ཀྱང་ཡིན། 
        ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱོད་པ་ནན་བཤད་བྱས་པ་དེས། ཆོས་ལུགས་ལས་དོན་ཞིཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་ལེགས་པོར་སྐྱོད་པར་བསམ་བློ་གཏོང་སྟངས་འདོན་སྤྲོད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་གྱི་ནུས་པ་ནན་གྱིས་གསུང་བས། རྒྱལ་སྐྱོང་སྲིད་གཉེར་གྱི་བསམ་གཞིག་གཏོང་སྟངས་དང་བསམ་བློ་གཏོང་སྟངས་ཐད་གསར་གཏོད་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཞིག་བླངས་ཡོད་པ་དང་། དེའི་ནང་གི་མངོན་གསལ་དོད་པའི་གྲུབ་འབྲས་ཞིག་ནི་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས་རྒྱལ་སྐྱོང་སྲིད་གཉེར་བྱེད་པ་དེ་རེད།《ཀྲུང་གུང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་གཏན་འབེབས》ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ། ཁྲིམས་ལྟར་སྲིད་སྐྱོང་བ་གཏིང་ཟབ་ཏུ་སྤེལ་བ། མགྱོགས་མྱུར་ངང་ཁྲིམས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་པ། ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་ལྟར་བྱ་བ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། རྒྱལ་སྐྱོང་སྲིད་གཉེར་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་གྱིས་གསུང་དོན། ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཀྱི་རྟེན་ས་གལ་ཆེན་ཡིན་པས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཕྲད་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་བརླིངང་ཡོང་བར་སྲུང་སྐྱོང་བྱེད་པ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་ཀྱི་རྩ་བའི་བླང་བྱ་ཡིན། བཅའ་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དེ་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་བྱེད་ཐབས་ཤིག་ཡིན། ཆོས་ལུགས་ཚོགས་པ།ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ཀྱི་བྱེད་སྒོ་བཅས་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་ཡོད་པས། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ་ནི་སྤྱི་དམངས་ཀྱི་གཞི་རྩའི་འོས་འགན་ཡིན། ཁྲིམས་ལ་མི་གཏོགས་པའི་ཡུལ་དང་། ཁྲིམས་ལ་མི་གཏོགས་པའི་མི། ཁྲིམས་ལ་མི་གཏོགས་པའི་ཆོས་ལུགས་ཤིག་ཡོད་མི་ཆོག རྒྱ་ཆེའི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཤིང་། རྒྱ་ཆེའི་ཆོས་ལུགས་ལས་དོན་པ་རྣམས་ཀྱིས་ཧུར་ཐག་གིས་ཁྲིམས་ལྟར་སྲིད་སྐྱོང་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཆོས་ལུགས་བྱ་བའི་ཁྲོད་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དོན་དག་བྱུང་ཚེ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་སྐྱོན་སེལ་བར་ཁྲིམས་ལ་བརྟེན་པ་བཅས་ཀྱི་རང་རྟོག་རང་བཞིན་ཆགས་སུ་བཅུག་ནས།  ཁྲིམས་སྐྱོང་གི་ལམ་བུའི་ཐོག་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གསར་སྐྲུན་བྱེད་དགོས།
འབྲེལ་ཡོད་རྩོམ་ཡིག