ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སུན་ཁྲུན་ལན་གྱིས་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་བསླབས་གནས་ཐོབ་པའི་གྲྭ་བཙུན་ཚོ་ལ་མཇལ་འཕྲད་གནང་བ།

2016-05-20

སུན་ཁྲུན་ལན་གྱིས་སྐབས་བཅུ་གཉིས་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་བསླབས་གནས་ཐོབ་པའི་གྲྭ་བཙུན་ཚོ་ལ་མཇལ་འཕྲད་གནང་བ།

ཀྲུང་གོའི་བོད་ལྗོངས་དྲ་བས་བསྒྲགས་པ་ལྟར་ན། ཟླ5པའི་ཚེས19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན་ལན་གྱིས་པེ་ཅིང་ནས་སྐབས་བཅུ་གཉིས་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་བསླབས་གནས་ཐོབ་པའི་གྲྭ་བཙུན་ཚོ་དང་དམ་བཅའ་འཇོག་པར་ཞུགས་པའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཁག་ལ་མཇལ་འཕྲད་གནང་ཞིང་དྲན་རྟེན་གྱི་མཉམ་པར་བླངས་ཡོད།

སུན་ཁྲུན་ལན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཀྱི་ཚོགས་འདུ་རུ་གསུང་བཤད་གལ་ཆེན་གནང་བ་ནི་གནས་བབས་གསར་བའི་འོག་ཆོས་ལུགས་ལས་དོན་ལ་སྣེ་ཁྲིད་བྱེད་པའི་རྩ་དོན་རང་བཞིན་གྱི་ཡིག་ཆ་ཡིན་པས། གསུངས་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ནམ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་གི་ཆོས་ལས་ལས་དོན་གྱི་གཞི་རྩའི་ཁ་ཕྱོགས་དོན་འཁྱོལ་བཅས་བྱས་ནས་ཆོས་ལུགས་པའི་སྡེ་དང་ཆོས་དད་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱ་དགོས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན། འཆད་ཉན་ལ་ཧུར་བརྩོན། སྡོམ་ཁྲིམས་ནན་སྲུང་། ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོ་རུ་འདེག་དགོས་ལ། ཆོས་ཀྱི་དགོངས་དོན་ཁྲོད་ཀྱི་དྲང་ཕྱོགས་ཀྱི་ནང་དོན་འདོན་སྤེལ་བྱས་ནས་དེང་དུས་ཀྱི་ཀྲུང་གོའི་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་དགོས་མཁོ་དང་འཚམ་པའི་འགྲེལ་བཤད་རྒྱག་དགོས། བསླབས་གནས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བོད་བརྒྱུད་ནང་བསྟན་གྱི་འཇོན་མི་གསོ་སྐྱོང་གི་རྒྱུན་རིང་ལམ་ལུགས་བཙུགས་ཏེ་བོད་བརྒྱུད་ནང་བསྟན་པའི་སྡེ་ལ་གྲྭ་བཙུན་འཇོན་པོ་གསོ་སྐྱོང་བྱ་དགོས། རིམ་པ་ཁག་གི་ནང་བསྟན་སློབ་གྲྭ་འཛུགས་པ་དང་སློབ་དེབ་པར་སྐྲུན་དང་དགེ་རྒན་བསྐོ་འདྲེན་གྱི་བྱ་བ་སྐུལ་འདེད་བྱས་ནས་སློབ་སྒྲུབ་ཀྱི་ཆུ་ཚད་མཐོ་རུ་འདེག་དགོས་ཞེས་བསྟན་ཡོད་པ་རེད།

སུན་ཁྲུན་ལན་གྱིས་སྐབས་བཅུ་གཉིས་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རམས་པའི་བསླབས་གནས་ཐོབ་པའི་གྲྭ་བཙུན་ཚོ་ལ་མཇལ་འཕྲད་གནང་བ།

སུན་ཁྲུན་ལན་གྱིས་བསྟན་དོན་རྣམ་པ་ཚོས་དཀའ་སྤྱད་འབད་བརྩོན་དང་ནན་ཞིང་དམ་པའི་རྒྱུགས་ལེན་བརྒྱུད་ནས་མཐོ་རམས་པ་ཞེས་པའི་བོད་བརྒྱུད་ནང་བསྟན་གྱི་ཆུ་ཚད་མཐོན་པོ་མཚོན་པའི་བསླབས་གནས་འདི་བླངས་པ་རེད། དེའི་ཕྱིར་མཚན་གནས་འདི་ལ་གཅེས་སྤྲས་ཀྱིས་ནུས་པ་འདོན་སྤེལ་བྱས་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་པོ་ཡོང་བར་སྐུལ་འདེད་དང་། བོད་ལྗོངས་དང་ཞིང་ཆེན་བཞི་ཡི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ལ་བྱས་རྗེས་གང་ཐུབ་འཇོག་དགོས།

ཤེས་གསལ་ལྟར་ན་མཐོ་རམས་པ་ནི་བོད་བརྒྱུད་ནང་བསྟན་གྱི་བསླབས་གནས་མཐོ་ཤོས་ཡིན་ཞིང་། ཐེངས་འདིར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་བཅུ་བཞི་ལ་སྐབས་བཅུ་གཉིས་པའི་མཐོ་རམས་པའི་བསླབས་གནས་ཐོབ་པ་དང་། སློབ་མ་ཉེར་གཉིས་ལ་སྐབས་བཞི་བའི་འབྲིང་རམས་པའི་བསླབས་གནས་ཐོབ་ཡོད།

 

(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག