ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའ་ལ་བོད་ལྗོངས་ཀྱི་མི་བརྒྱ་དང་སུམ་ཅུས་མིང་ཐོ་བཀོད་ཡོད་པ།

2016-05-27

        ཟླ་བཞི་བའི་ཚེས་བཅུ་གསུམ་ཉིན་མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའ་ཞེས་པའི་དཔྱད་འདེམ་བྱེད་སྒོ་བོད་ལྗོངས་དང་ཞིན་ཅང་། ཀུའེ་ཀྲུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོག་གྲོང་ཁྱེར་བཅུ་གསུམ་ནས་དུས་མཉམ་པོར་མགོ་བཙུགས་ཡོད་ལ། ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་མིང་འགོད་མཇུག་སྒྲིལ་རྗེས་ཐེབས་རྩ་ཚོགས་པས་དཔྱད་འདེམ་ལྷན་ཚོགས་རྩ་འཛུགས་བྱས་ནས་དཔྱད་འདེམ་གྱི་ཚད་གཞི་ལྟར་བདམ་བྱའི་དགེ་རྒན་གྱི་ཡིག་ཆ་ཁག་ལ་བདམ་བསལ་བྱས་ཏེ། འོས་མི་སུམ་བརྒྱ་གཏན་འཁེལ་བྱ་རྒྱུ་རེད། དེའི་ནང་དུ་བོད་ལྗོངས་ཀྱི་དགེ་རྒན15ཡི་མིང་ཐོབ་ཡོད་ཅིང་། དེ་ནས་བོད་ལྗོངས་ཀྱི་སློབ་གསོའི་སྡེ་ཁག་དང་བོད་ལྗོངས་ཚོང་དོན་ཚགས་པར་གྱི་ལས་བྱེད་པས་འོས་མིང་དུ་ཚུད་པའི་དགེ་རྒན་ཚོའི་ཡིག་ཆའི་བདེན་རྫུན་སོགས་ལ་དག་ཐེར་བྱ་རྒྱུ་དང་། དཔེ་མཚོན་བདམས་ནས་གསར་ལམ་དུ་ཁྱབ་སྒྲོག་བྱས་ཏེ། ཞིང་གྲོང་གི་དགེ་རྒན་ཕུལ་བྱུང་འདི་དག་གི་ཡིད་འགུག་པའི་གཏམ་རྒྱུད་ཀྱིས་མི་རྣམས་རྒྱལ་ཡོངས་ཀྱི་ཞིང་གྲོང་ཁག་གི་དགེ་རྒན་དུ་སྐྱོད་པར་སྐུལ་མ་གཏོང་རྒྱུ་ཡིན།
        ཀྲེ་ཅང་གི་མ་ཡུན་སྤྱི་ཕན་ཐེབས་རྩའི་ལས་བྱེད་པས་ངོ་སྤྲད་པ་ལྟར་ན་ཞིང་ཆེན་ཁག་གི་འོས་ཚུད་མི་གྲངས་ནི་ཞིང་ཆེན་དེ་གའི་མི་གྲངས་དང་སློབ་མའི་ཁ་གྲངས་ལྟར་ཐག་བཅད་པ་ཡིན། གལ་སྲིད་ཞིང་ཆེན་གང་རུང་གི་མིང་བཀོད་མི་གྲངས་ཅུང་ཉུང་ན་སྔར་ལས་མང་བའི་ཞིང་གྲོང་གི་དགེ་རྒན་འོས་མིང་དུ་ཚུད་ཆེད་ང་ཚོས་ཞིང་ཆེན་གཞན་གྱི་མིང་བཀོད་མི་གྲངས་གཞིར་བཟུང་ནས་འགྱུར་བ་གཏོང་ཡང་སྲིད་ཅེས་ཟེར། མ་ཡུན་སྤྱི་ཕན་ཐེབས་རྩས་སྤྱི་སྡོམ་བྱས་པའི་གྲངས་ཀ་ལྟར་ན2016ལོའི་མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའ་ལ་མིང་ཐོ་བཀོད་པའི་མི794ཡོད་ཅིང་། དེ་རུ་ཡུན་ནན་གྱི་མི90དང་། ནང་སོག་གི་མི22། སི་ཁྲོན་གྱི་མི40། ཉིང་ཞཱ་ཡི་མི82། ཀོང་ཞི་ཡི་མི31། ཞིན་ཅང་གི་མི21། ཀྲེ་ཅང་གི་མི23། ཀན་སུའུ་ཡི་མི99། བོད་ལྗོངས་ཀྱི་མི130། ཀུའེ་ཀྲུའུ་ཡི་མི95། ཁྲུང་ཆིང་གི་མི61། ཧྲན་ཞི་མི62། མཚོ་སྔོན་གྱི་མི38བཅས་ཡོད། 
        རྩ་འཛུགས་ཚོགས་པས་དཔྱད་འདེམ་གྱི་ཚད་གཞི་གཅིག་གྱུར་ཞིག་གཞིར་བཟུང་ནས་དཔྱད་འདེམ་བྱས་སྟེ་ཞིང་ཆེན་དང་ལྗོངས་བཅུ་གསུམ་ནས་དགེ་རྒན150བདམས་རྒྱུ་ཡིན། དེའི་ནང་ལ་བོད་ལྗོངས་ཀྱི་དགེ་རྒན་བརྒྱད་ཚུད་རྒྱུ་རེད། དེ་ལྟར་མཐའ་མར་ཞིང་ཆེན་དང་ལྗོངས་བཅུ་གསུམ་ཀྱི་མི150ལས་2016ལོར་མ་ཡུན་གྱི་ཞིང་དགེ་རྒན་གྱི་བྱ་དགའ་ཐོབ་པའི་མི100བདམ་རྒྱུ་ཡིན། བྱ་དགའ་ཐོབ་པའི་དགེ་རྒན་ཚོས་ཀྱང་མུ་མཐུད་དུ་དགེ་རྒན་བྱེད་པའི་དམ་བཅའ་འཇོག་དགོས་ལ། རོགས་སྐྱོར་བྱ་དགའ་ཐོབ་པའི་ལོ་ངོ་གསུམ་གྱི་རིང་ལ་ཞིང་གྲོང་ནས་དགེ་རྒན་གྱི་ལས་ཀ་གཉེར་དགོས་པ་དང་། མུ་མཐུད་དུ་སློབ་སྦྱོང་བྱས་ནས་ཐེབས་རྩ་ཚོགས་པས་བཙུགས་པའི་སློབ་སྦྱོང་གི་ཚོགས་པ་དང་། ཉམས་མྱོང་བརྗེ་རེས་སོགས་ལ་ཞུགས་དགོས།
        མིང་འགོད་ཀྱི་ཡིག་ཆ་སྤྲད་ཚར་རྗེས་ལྟ་ཆོག་པ་ལས་སྒྱུར་བཅོས་མི་ཆོག
        2016ལོའི་མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའི་མིང་འགོད་ཡོངས་རྫོགས་དྲ་ལམ་ནས་བསྒྲུབ་དགོས་ཤིང་། རང་ཉིད་འོས་སྦྱོར་དང་མི་སྒེར་རམ་སྡེ་ཁག་གི་འོས་སྦྱོར་བཅས་རིགས་གཉིས་ཚུད་ཡོད། དེ་ཕྱིར་དགེ་རྒན་རང་གིས་མིང་བཀོད་ཆོག་ལ། མིང་འགོད་པའི་དུས་བཀག་ནི་ཟླ་ལྔ་བའི་ཚེས་སོ་གཅིག་སྔོན་ལ་ཡིན། གལ་སྲིད་མི་སྒེར་དང་ཚོགས་པས་འོས་སྦྱར་རིགས་ཡིན་ན་འོས་སྦྱོར་གྱི་ཡི་གེ་སྐོང་དགོས། གལ་སྲིད་གློག་ཀླད་བརྒྱུད་ནས་དྲ་ལམ་དུ་ཐད་ཀར་མིང་འགོད་མི་ཐུབ་པ་ཡིན་ན་ཐེབས་རྩ་ཚོགས་པའི་དྲ་ཚིགས་ནས་མིང་འགོད་པའི་ཡིག་ཆ་ཕབ་ལེན་བྱས་ཤིང་དེ་ཁ་བསྐངས་རྗེས་ཐེབས་རྩ་ཚོགས་པའི་གཞུང་གི་ཡིག་སྒམ  jmf@jackmafoundation.org.cn དུ་བསྐུར་ཡང་ཆོག མིང་འགོད་ཀྱི་ཡིག་ཆ་སྤྲད་ཚར་རྗེས་ལྟ་ཆོག་པ་ལས་སྒྱུར་བཅོས་མི་ཆོག
        གསར་འགོད་པས་ཤེས་པ་ལྟར་ན་མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའ་ཞེས་པའི་མགོ་བརྩམས་རྗེས་བོད་ལྗོངས་ཀྱི་ཞིང་གྲོང་དགེ་རྒན་དང་སྤྱི་ཕན་སྡེ་ཁག་གིས་དོ་སྣང་ཆེན་པོ་བྱས་ཡོད་ཅིང་། བོད་ལྗོངས་ཀྱི་ཞིང་གྲོང་དགེ་རྒན་མང་པོ་ཧུར་ཐག་གིས་ཞུགས་ཡོད། བོད་ལྗོངས་ཚོང་དོན་ཚགས་པར་གྱིས་ལྗོངས་ཡོངས་ཀྱི་ས་ཁུལ་སོ་སོའི་ཞིང་གྲོང་དགེ་རྒན་དང་སློབ་གསོའི་སྡེ་ཁག་ནས་བཏང་ཡོང་བའི་འདྲི་རྩད་ཀྱི་ཁ་པར་ལ་ལན་བཏབས་ཡོད། མིག་སྔར་ད་དུང་མིང་འགོད་མཚམས་འཇོག་པར་ཉིན་ཤས་ཡོད་པས་ཞིང་གྲོང་གི་དགེ་རྒན་ཚོས་མིང་འགོད་པའི་སྐབས་སུ་དོགས་གཞི་གང་རུང་ཡོད་ན་བོད་ལྗོངས་ཚོང་དོན་ཚགས་པར་ལ་ཁ་པར་བཏང་ནས་སྐད་ཆ་དྲིས་ཆོག མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའ་ནི་ལོ་རེར་ཐེངས་རེ་བདམ་བཞིན་ཡོད་ཅིང་། ལོ་གསུམ་སྐོར་ཚན་གཅིག་བྱས་ནས་རྒྱུན་མ་ཆད་པར་སྤེལ་བཞིན་ཡོད། ཐེངས་རེར་བདམས་པའི་ཞིང་གྲོང་གི་དགེ་རྒན་ཕུལ་བྱུང་བརྒྱ་ལ་ལོ་གསུམ་གྱི་རིང་དངུལ་སྒོར་རོགས་རམ་དང་ཆེད་ལས་འཕེལ་རྒྱས་གོ་སྐབས་སྒོར་འབུམ་གཅིག་གི་རིན་དོད་འབུལ་རྒྱུ་ཡིན། དེའི་ནང་དངུལ་སྒོར་རོགས་རམ་ཁྲི་དགུ་ཡོད་པ་ལོ་རེར་སྒོར་ཁྲི་གསུམ་རེ་བྱས་ནས་བྱ་དགའ་ཐོབ་པའི་མི་སྒེར་ལ་འབུལ་རྒྱུ་དང་། ལྷག་མ་ཁྲི་གཅིག་ཆེད་ལས་འཕེལ་རྒྱས་ཀྱི་གོ་སྐབས་ཟབ་སྦྱོང་སོགས་ལ་སྤྱོད་རྒྱུ་ཡིན།
        ངོ་སྤྲད་པ་ལྟར་ན་མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའ་རུ་བདམ་པར་ཆ་རྐྱེན་ནི་2016ལོའི་མ་ཡུན་གྱི་ཞིང་གྲོང་དགེ་རྒན་གྱི་བྱ་དགའ་སྤེལ་བའི་ཞིང་ཆེན་དང་ལྗོངས་བཅུ་གསུམ་གྱི་ཞིང་གྲོང་དུ་དགེ་རྒན་གྱི་ལས་ཀ་གཉེར་ཡོད་པ་དང་། དགེ་རྒན་གྱི་ལས་ཀ་གཉེར་ནས་ལོ་གསུམ་ཡན་ཡིན་པ། ཁྲིམས་དང་ཆད་པ་གང་ཡང་ཕོག་མ་མྱོང་བ་ཞིག་ཡིན་དགོས།
       དཔྱད་འདེམ་གྱི་ཚད་གཞི་ནི་སློབ་གསོ་ལ་དགའ་བ་དང་། ཞིང་གྲོང་གི་སློབ་གསོའི་ལས་ཀ་འདིར་མོས་ཤིང་དེ་ལས་སྐྱིད་སྣང་ཐོབ་པ། སློབ་གསོའི་ཐབས་ལ་མཁས་ཤིང་། གསར་བཏོད་ཀྱི་ཆ་ལྡན་པའི་སྒོ་ནས་ཞིང་གྲོང་གི་བྱིས་པ་འཚར་ལོང་ལ་འཚམ་པའི་སློབ་གསོའི་ལག་ལེན་སྤེལ་བཞིན་པ། ཤུགས་རྐྱེན་ལེགས་པོ་ལྡན་ཞིང་སློབ་གྲྭ་དང་ཞིང་གྲོང་དུ་བརྩི་བཀུར་ཐོབ་ནས་སྣེ་ཁྲིད་ལེགས་པོ་བྱེད་བཞིན་པ་བཅས་ཡིན།

(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག