ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལི་ཁེ་ཆང་གིས་ཞི་ལའི་ཙུང་ལི་ཆི་ཕུའུ་ལ་སི་དང་གྲོས་མོལ་མཛད།

2016-07-05

ལི་ཁེ་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་དུ་ཆི་ཕུའུ་ལ་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་ཚུལ་རེད།

ཟླ་བདུན་པའི་ཚེས་བཞི་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཞི་ལའི་ཙུང་ལི་ཆི་ཕུའུ་ལ་སི་དང་གྲོས་མོལ་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་ཞི་ལའི་ཙུང་ལི་ཆི་ཕུའུ་ལ་སི་དང་གྲོས་མོལ་མཛད།

ལི་ཁེ་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཞི་ལ་གཉིས་ནི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་རིག་གནས་ལྡན་པའི་དཔལ་ཡོན་གནའ་བའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཆགས་ཡོད་ལ། དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་དམངས་ཁྲོད་བར་མཛའ་བཤེས་ཟབ་མོ་ཆགས་ཡོད། ཀྲུང་གོ་དང་ཞི་ལ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་འགོར་བའི་མགོ་ཚུགས་ས་གསར་བ་ནས་ང་ཚོས་ཞི་ལ་དང་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ། མཐོ་རིམ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཀྱི་ཡིད་ཆས་ཇེ་དམ་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཞི་ལ་གཉིས་ཀྱི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བཟང་བོ་བྱེད་འདོད་ཡོད་ཟེར།

ཆི་ཕུའུ་ལ་སི་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཞི་ལའི་མཉམ་ལས་གྲོགས་པོ་བཟང་བོ་ཡིན། ཞི་ལ་ཕྱོགས་ཀྱིས་ཀྲུང་གོས་ཞི་ལར་དཔལ་འབྱོར་གྱི་དཀའ་ཁག་བྱུང་དུས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཞི་ལ་ཕྱོགས་ཀྱིས་ཕན་ཚུན་བར་ཡིད་ཆེས་དང་བརྩི་འཇོག་བྱེད་པའི་དགོངས་དོན་ལྟར། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་བྱས།

གྲོས་མོལ་མ་བྱས་གོང་། ལི་ཁེ་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་དུ་ཆི་ཕུའུ་ལ་སི་ལ་དགས་བསུ་ཞུ་བའི་མཛད་སྒོ་བསྡུས།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། གནས་སྐོར་བཅས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཡིག་ཆ་མང་པོ་འགོད་པའི་མཛད་སྒོར་ཞུགས། ཕྱོགས་གཉིས་ཀྱིས་ད་རུང་མཉམ་འབྲེལ་གསལ་སྒྲོག་སྤེལ།།

འབྲེལ་ཡོད་རྩོམ་ཡིག