ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པ་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས་པ།

2016-08-03

གསར་འགོད་པ། རྡེའུ་དཀར་ནག

 

 

ཚོགས་འདུའི་ཡུལ་དངོས།

        ཚེས་2ཉིན་རྒྱལ་ས་པེ་ཅིན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དྲུག་པ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་གྲོས་ཚོགས་སུ་ཞུགས་མཁན་གྱི་འཐུས་མི་ཁྱོན་བསྡོམས325ཙམ་ཡོད་པ་དང་། དེའི་ནང་དུ་ཀྲུང་གོ་ནང་ཁུལ་གྱི་ཉམས་ཞིབ་པ་216ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་ཉམས་ཞིབ་པ་109ཡོད་པ་རེད། ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ཀྱི་འཚོགས་ཡུན་ནི་ཉིན་གསུམ་ཡིན་པ་དང་། ཁྱོན་བསྡོམས་དཔྱད་རྩོམ་416འབྱོར་ཡོད་ལ། མཇུག་མཐར་དཔྱད་རྩོམ་308ཚོགས་ཐོག་ཏུ་སྒྲོག་སྦྱོང་བྱ་ཆོག་པའི་གཏན་འཁེལ་བྱས་ཡོད་འདུག

        ཚོགས་ཐོག་ཏུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུའི་རྒྱུན་ལས་པུའུ་ཀྲུང་གཞོན་པ། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་ཀྲང་དབྱི་ཅུང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དབྱུག་ལའོ་ཕེང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགོ་འཛིན་པདྨ་རྣམ་རྒྱལ་བཅས་ཀྱིས་སྔ་ཕྱིར་ཤིས་ཚིག་ཕུལ་བ་རེད།

ཚོགས་འདུའི་འབྲེལ་ཡོད་རྒྱུ་ཆ།

        1991ལོར་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་གསར་བཙུགས་གནང་པ་དང་ད་ལྟའི་ཚུན་ལ་སྐབས་ལྔ་ཙམ་ཞིག་བསྒྲུབས་ཟིན། མི་ལོ25ཙམ་གྱི་རིང་ལ་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་དེ་ནི་རྒྱལ་ཁབ་ཕྱི་ནང་ཀུན་ལ་ངོམས་རིམ་ཡོད་པའི་བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་མཐའ་དག་འགྲེམས་སྟོན་བྱེད་པའི་གར་སྟེགས་ཤིག་ཏུ་གྱུར་ཡོད། ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ཀྱིས་ད་དུང་མུ་མཐུད་དུ་“རིག་གནས་སྲུང་སྤེལ་བྱས་ཏེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ”་ཞེས་པའི་འདུ་ཤེས་རྒྱུད་ལ་དམ་པོར་བཅིངས་ཏེ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་བརྗེ་རེས་ཀྱི་བྱེད་སྒོ་ལེགས་པོར་སྤེལ་ནས་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་པ་འགྲེམས་སྟོན་གྱིས་སྔར་ལས་ལྷག་པར་བོད་རིག་པའི་ཆོས་ཉིད་སྐོར་ལ་ཞིབ་བསྡུར་གནང་དང་གནང་མུས་རེད་ལགས།

ཚོགས་ཞུགས་དཔང་རྟགས།

        ཚོགས་ཐོག་ཏུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དེང་རབས་ཞིབ་འཇུག་སུའོའི་སུའོ་ཀྲང་དང་ཞིབ་འཇུག་པ་ལེན་ཞང་རྨེན། སྲི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུ་སློབ་དཔོན་ཆེན་མོ་པ་སངས་དབང་འདུས། ཨོ་སོ་ཁྲུ་རི་ཡའི་ཚན་རིག་གླིང་གི་སློབ་དཔོན་ཆེན་མོ་སི་ཐན་དབྱིན་ཁའེ་ལི། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་གོང་སྤེལ་མཉམ་ལས་ཚན་པའི་དབུ་བཞུགས་བློ་འདོན་པ་ལའེ་ཧྲང་ལུང་། ཀི་ལའེ་ཧྥེ་སིའི་སློབ་ཆེན་གྱི་མཚན་སྙན་སློབ་དཔོན་ཆེན་མོ་མ་ཁེ་ལེན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་དང་ཞིབ་འཇུག་པ་ཁྲེན་ཝེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲའོ་ཝེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཚེ་རིང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་དངོས་གྲུབ་ཚེ་རིང་སོགས་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཡོད་པའི་མཁས་པ་རྣམས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་བ་སྟེ། “རྒྱུད་གཅིག་ལམ་གཅིག”་གི་འཐབ་ཇུས་དང་འབྲེལ་ནས་བོད་ལྗོངས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་གནད་དོན་དང་། ཏ་ལའི་ལོ་མའི་ཆོས་དཔེ་ཞིབ་འཇུག བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཞིབ་འཇུག སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཞིབ་འཇུག བོད་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཀྱི་དོ་སྣང་ཐད་ནས་བསམ་བློ་བརྗེ་རེས་གནང་བ་རེད།

        འབྲེལ་ཡོད་འགན་འཁུར་པ་ལས་ཤེས་གསལ་ལྟར་ན།  ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ནི་ཁྱབ་ཁོངས་ཡངས་ཤིང་ཆེ་བ། གྲུབ་འབྲས་མངོན་ཞིང་གསལ་བ། གསར་སྐྲུན་ཐབས་ལམ་འབུར་དུ་ཐོན་པ་སོགས་ཀྱིས་བོད་རིག་པའི་ལས་དོན་མཐའ་དག་བླ་ནས་བླ་རུ་འཕགས་པར་གསར་སྐྲུན་གྱི་དོན་སྙིང་ཆེན་པོ་ལྡན་ཡོད་པ་དང་། མདོར་ན་འདི་ནི་ཉེ་བའི་ལོ་འདི་གའི་རིང་ལ་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་ལ་གཟིགས་ཞིབ་ཆེན་མོ་ཞིག་གནང་དུ་བཅུག་པ་ནི་བསྙོན་ག་ལ་ནུས་སོ། །

འབྲེལ་ཡོད་རྩོམ་ཡིག