ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དུས་རབས་གསར་པའི་གཞི་རིམ་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱས་པ།

2018-06-29 སངས་སྐྱབས་ཀྱིས་བསྒྲིགས།
            《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་རབས་གསར་པའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་ཆེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཞིང་ལས་ཤེས་པ་དང་། ཞིང་གྲོང་ལ་དགའ་ཞེན། ཞིང་པར་དགའ་ཞེན”གྱི་ཆེད་དོན་བྱེད་སྒོ་སྤེལ་ནས“ཞིང་འབྲོག་ཁུལ་དུ་གཞི་ཚུགས་པ་དང་། སེམས་པ་ཞིང་འབྲོག་པ་དང་སྦྲེལ་བ། ཞིང་འབྲོག་ལས་བྱང་ཆུབ་པ”བཅས་ཀྱི་དུས་རབས་གསར་པའི་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་དང་སྦྱོང་བརྡར་བྱས་ཡོད་པ་རེད།
            དུས་རབས་གསར་པའི་གཞི་རིམ་ལས་བྱེད་པ་བྱས་ཏེ་མང་ཚོགས་དང་གཅིག་སེམས་གཅིག་ཏུ་སྦྲེལ་ནས་བརྩེ་བ་དངོས་བཅངས་པ། དུད་ཚང་དུ་སྐྱོད་སྐབས། ཏང་ཡོན་ལས་བྱེད་པས་ཞིང་འབྲོག་མང་ཚོགས་གཉེན་ཉེར་བརྩིས་ཏེ་ལུས་ཚུགས་པ་དང་ཕུ་ཐུང་བརྫེས་ནས་ཞིང་ནང་དང་མུ་ཁ་དུད་ཚང་བཅས་སུ་བསྐྱོད་དེ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་དང་འཕེལ་རྒྱས་སྐོར་ཤོད་རེས་བྱས་པ་དང་བཙོག་པར་མི་འཛེམ་པ་དང་དཀའ་ངལ་ལ་མི་སྐྲག་པར་མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་རོགས་རམ་བྱས་ཡོད། འཚོ་བ་དངོས་ཉམས་སུ་མྱོང་བ་དང་མཉམ་དུ་ངལ་རྩོལ་བྱས་པ་བརྒྱུད། མང་ཚོགས་ཀྱི་འཚོ་བ་ལས་སླ་པོ་མིན་པ་ཤེས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཉེ་རུ་ཕྱིན་ཡོད་པ་རེད།
            དུས་རབས་གསར་པའི་གཞི་རིམ་གྱི་ལས་བྱེད་པ་བྱས་ཏེ་ཤེས་བྱ་ཁོང་དུ་ཆུད་པར་བྱས་ནས་ཞིང་ལས་སྟོབས་ཆེར་བཏང་བ།
            ཏང་ཡོན་ལས་བྱེད་པར་ཞིང་ལས་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ནས་ཞིང་ལས་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་གཞི་རིམ་ལས་བྱེད་པའི་དགོས་ངེས་ཀྱི་བྱང་ཚད་ཅིག་ཏུ་བརྩིས་པ་དང་དུས་མཚུངས། ལས་བྱེད་པས་བསྐྱར་དུ་སློབ་སྦྱོང་དང་སློབ་གསོ་དང་ལེན་བྱས་ཡོད། རང་སྦྱོང་དང་ཁེངས་སྐྱུང་ངང་ཞིང་འབྲོག་མང་ཚོགས་ལ་བཀའ་འདྲི་ཞུས་པ་བརྒྱུད་ཞིང་ལས་ཤེས་བྱ་ཤེས་རྟོགས་དང་ཁོང་དུ་ཆུད་ཚད་ཆེ་རུ་ཕྱིན་ཡོད། བྱིང་ཀླུ་ཨུ་ལྷན་དུ་ལས་བྱེད་པ་ཝང་གོ་ཏུང་དང་དགེ་ལེགས་དཔལ་ལྡན་གྱིས་མང་ཚོགས་ཉི་མ་ཐུབ་བསྟན་ལ་རྩྭ་ངན་འགོག་རོགས་བྱས་རྗེས་ཁོང་དང་མཉམ་དུ་ཞིང་ནང་དུ་ལྟོ་བཀོལ་ནས་མང་ཚོགས་ཀྱི་འཚོ་བ་དངོས་སུ་མྱོང་རོལ་བྱས་པ་རེད།
            དུས་རབས་གསར་པའི་གཞི་རིམ་ལས་བྱེད་པ་བྱས་ཏེ་མང་ཚོགས་ཀྱི་གོམས་འདྲིས་ངན་པ་མེད་པར་བཟོ་བར་སློབ་གསོ་བཏང་བ། བྱེད་སྒོ་གོ་སྐབས་སུ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། ཞིང་འབྲོག་པའི་ཏང་ཡོན་གྱི་བསམ་བློའི་སློབ་གསོའི་བྱེད་སྒོ། གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་བཅས་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག “དམངས་ཕན་སྲིད་ཇུས་ཕྱོགས་བསྒྲིགས”ཀྱི་དཔྱད་གཞི་བཟོས་ནས་ཞིང་འབྲོག་མང་ཚོགས་ལ་གཅིག་གཏད་གཅིག་གི་སྒྲོག་འགྲེལ་བྱས་པ་རེད།
            ཚན་རིག་དང་ཤེས་དཔལ་གོང་དུ་བཀུར་དགོས་པའི་སློབ་གསོ་བརྒྱབ་ཁར་ཞིང་འབྲོག་པའི་ཏང་ཡོན་ལ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་དང་། མཐའ་གཅིག་ཏུ་ཏང་ལ་ཡིད་ཆེས་བྱེད་པ་ལས་ཆོས་དད་མི་བྱེད་རྒྱུ། མཐའ་གཅིག་ཏུ་ཏཱ་ལ་ཁ་ཕྲལ་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་བཅས་ཀྱི་ཁྲིད་སྟོན་བྱས་པ། མང་ཚོགས་དང་མཉམ་དུ་ཁྱིམ་ཚང་ལ་གཙང་སྦྲ་བྱེད་པ་དང་། ཉེ་འགྲམ་གྱི་ཁོར་ཡུག་བཅོས་སྒྲིག་བྱེད་པ། མང་ཚོགས་ལ་སྣེ་ཁྲིད་ཀྱིས་སྲོལ་ངན་འདོར་བ་བཅས་བྱས་ནས་འཚོ་བའི་གོམས་གཤིས་བཟང་པོ་འཇགས་ཡོད་པ་རེད།
            བྱེད་སྒོ་དེ་སྤེལ་འགོ་ཚུགས་ཚུན་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད་ཅིང་། སྣེ་གདོང་ཆུས་ཨུད་ཀྱི་རྒྱུན་ཨུ་རྩེད་ཐང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས། “ད་རེས་ཀྱི་བྱེད་སྒོ་ནི་རྩེད་ཐང་གྲོང་རྡལ་ཏང་ཨུད་ཀྱི་ད་ལོའི་ལས་དོན་གཙོ་གནད་ཡིན་པ་དང་ཟླ་5པ་ནས་འགོ་ཚུགས་ཏེ་ཟླ་12པར་མཇུག་འགྲིལ་རྩིས་ཡོད། བྱེད་སྒོའི་ནང་དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་དང་། ལས་བྱེད་པ་གྲོང་ཚོ་དང་དུད་ཁྱིམ་དུ་སྐྱོད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ནང་དོན་8ཚུད་ཡོད། མངགས་གཏོང་ལས་བྱེད་པ་ཁག་བགོས་ངང་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ནང་སྐྱོད་རིང་། ཉིན་3ལས་མི་ཉུང་བའི་རོགས་སྐྱོར་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་གྱིས་མང་ཚོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་པ་རེད། མིག་སྔའི་བར་ཁག་3གྱི་ལས་བྱེད་པ་36དུད་ཚང་དུ་སྐྱོད་པ་དང་། ཁག་4ཡི་ལས་བྱེད་པ་དུད་ཚང་དུ་སྐྱོད་རྒྱུར་འཆར་འགོད་བྱེད་ཀྱི་ཡོད། ལོ་མཇུག་ཏུ་ལས་བྱེད་པ་ཡོངས་གཞི་རིམ་དུ་སྐྱོད་པ་དང་དུད་ཚང་ཡོངས་ལ་ཁྱབ་པའི་བརྩོན་ལེན་བྱ་རྒྱུ་རེད”ཅེས་བཤད།
འབྲེལ་ཡོད་རྩོམ་ཡིག