ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྙན་གྲགས་ཀུན་ལ་ཁྱབ་པའི་མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་།

2020-03-03
ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག
གླེགས་བམ་གླང་རྒྱབ་མ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་གི་སྦྱིན་བདག་བརྩོན་འགྲུས་ནི་སྔོན་ཆད་ནས་ཚོང་ལས་སྣ་ཚོགས་གཉེར་བ་དང་སྒྱུ་རྩལ་འཁྲབ་སྟོན། སྲོལ་རྒྱུན་ཡིག་གཟུགས་རྒྱུན་འཛིན་སོགས་ལ་སྤྲོ་བས་ཁེངས་པའི་དགའ་ཕྱོགས་སྣ་མང་ཅན་ཞིག་ཡིན་ལ། ཁོས་ལོ་གང་མང་རིང་ལ་ས་ཆ་མང་པོ་ནས་ཚོང་ལས་སྣ་ཚོགས་གཉེར་བས་དེའི་ཕྱོགས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ཁོང་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་གསེར་བྲིས་ཡིག་གཟུགས་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཀྱང་ཡིན་སྟབས། བོད་ཁམས་སུ་གནའ་ནས་དར་མྱོང་བའི་གསུང་རབ་གསེར་གྱིས་བཞེངས་པའི་ལུགས་སྲོལ་དེ་ཉམས་རྒུད་དུ་འགྲོ་བཞིན་པ་སེམས་ཀྱིས་མ་བཟོད་པར། སྲོལ་རྒྱུན་བཟང་པོ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་དུ་སློབ་བུ་གང་མང་སྐྱེད་སྲིང་བྱས་ཤིང་། མཁས་པ་གང་མང་ལ་དྲི་གཏུག་ཡང་ཡང་བྱས་ཏེ། སྤྱི་ལོ་2012ལོ་ནས་གསེར་བྲིས་ཡིག་གཟུགས་འབྲི་སྦྱོང་མགོ་བརྩམས་ཤིང་། ཐོ་འགོད་མ་དངུལ་ཁྲི་སྟོང་ཕྲག་གསུམ་བཏང་སྟེ། སྤྱི་ལོ་2016ལོའི་ཟླ་3པའི་ཚེས་3ཉིན་སྤྱི་གཉེར་ཁང་དངོས་སུ་དབུ་བརྙེས། རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་ཁེ་ལས་ཀྱི་ཚུལ་དུ་བཙུགས་པའི་བཀའ་བསྟན་གསེར་བྲིས་སྤྱི་གཉེར་ཁང་ཐོག་མར་གྱུར་ཡོད།
 གསུང་རབ་གསེར་བྲིས་ལ་ཞུ་དག་གནང་བཞིན་པ།
        མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་ནི་གཙན་ཚ་རྫོང་གི་ལོ་རྡོ་རྗེ་བྲག་གི་ཉེ་འདབས་སུ་ཆགས་ཡོད་པ་དང་། དེ་ནི་རང་མི་རིགས་ཀྱི་བཀའ་བསྟན་གསེར་བྲིས་ཀྱི་ལུགས་སྲོལ་བཟང་པོ་རྒྱུན་འཛིན་དར་སྤེལ་གཏོང་བའི་ཆེད་དུ་དམིགས་ཏེ་བཙུགས་པ་ཞིག་ཡིན་ཞིང་། བཀའ་བསྟན་གསེར་བྲིས་གླིང་ནི་གསུང་རབ་ཞུ་དག་གླིང་དང་། བོད་ཤོག་ལས་སྣོན་གླིང་། གསེར་དངུལ་འདུལ་སྦྱོང་གླིང་། ལྷ་རིས་སྒྱུ་རྩལ་གླིང་བཅས་གླིང་བཞིས་གྲུབ་ཡོད་ལ། མིག་སྔར་སྤྱི་གཉེར་པ་བརྩོན་འགྲུས་ཀྱི་སྣེ་ཁྲིད་འོག་ལས་བཟོ་པ་བརྒྱ་ལ་ཉེ་བ་ཞིག་གིས་གླིང་དེ་རུ་གསུང་རབ་སྣ་ཚོགས་གསེར་གྱིས་འབྲི་བཞེངས་བྱས་ཏེ། བོད་རིགས་དད་ལྡན་མང་ཚོགས་གཙོ་བྱས་པའི་གསུང་རབ་གསེར་བྲིས་ལ་མོས་བ་ཡོད་མཁན་དག་ལ་ཞུབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད།
གསེར་དངུལ་འདུལ་སྦྱོང་བྱེད་བཞིན་པ།
        མིག་སྔར། བཀའ་བསྟན་གསེར་བྲིས་གླིང་དུ་ལས་བཟོ་བ་བརྒྱ་ལྷག་ཡོད་ལ། ལས་བཟོ་པའི་ཁྲོད་དུ་ལོ་ན་ཆེ་བ་ལོ་50ཡིན་པ་དང་་ཆུང་བ་ལོ་16ཡིན་ཞིང་། ལས་བཟོ་པ་སྡུད་ལེན་བྱེད་སྐབས། མ་མཐའི་ཆ་རྐྱེན་དེ་ལག་པ་བདེ་མོ་ཞིག་དང་མིག་ཟུང་རྣོན་པོ་ཞིག་ཡོད་ཕྱིན། ཕོ་མོའི་དབྱེ་བ་མེད་པ་དང་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་བཀའ་བསྟན་གསེར་བྲིས་གླིང་དུ་སྡུད་ལེན་བྱས་ཏེ། ཁོ་ཚོར་བོད་ཀྱི་གསེར་བྲིས་ཡིག་གཟུགས་འབྲི་བའི་ལག་རྩལ་ཁྲིད་ནས། སྲོལ་རྒྱུན་གསེར་བྲིས་ཡིག་གཟུགས་རྒྱུན་འཛིན་དང་དེ་ལ་བརྟེན་ནས་རང་གི་དཔལ་འབྱོར་ཡོང་སྒོ་ཡང་འཚོལ་ཐུབ་པའི་གར་སྟེགས་ཆེན་པོ་བསྐྲུན་ཡོད། སྤྱི་གཉེར་ཁང་གི་ལས་བཟོ་པའི་སྒྲིག་ཁོངས་ལ་དངོས་སུ་ཚུད་རྗེས་མི་རེས་ཟླ་རེར་ཆ་སྙོམས་ཀྱིས་ཡོང་སྒོ་མ་མཐའ་ཡང་སྒོར་3000ཡས་མས་ལེན་ཐུབ་བཞིན་ཡོད་ལ། ལས་བཟོ་པ་ཞིག་གིས་ལོ་གཅིག་རིང་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར་ཁྲི་4ལ་ཉེ་བ་འཚོལ་ཐུབ་ཅིང་། སྡོད་ཁང་དང་ཟ་ཁང་སོགས་ཀྱང་བཀོད་སྒྲིག་བྱས་ཏེ་ལས་བཟོ་པ་རྣམས་ལ་འཚོ་བའི་མཐུན་རྐྱེན་སྦྱོར་བཞིན་ཡོད་པས། དེ་ནི་འཚོ་བ་དཀའ་ཚེགས་ཅན་གྱི་དུད་ཁྱིམ་རྣམས་ལ་མཚོན་ན་ཡོང་སྒོ་འཚོལ་ཡུལ་ལེགས་པོ་ཞིག་ཏུ་གྱུར་ཡོད་པ་སྨོས་མ་དགོས་ཤིག་རེད།
        ཁེ་ལས་གང་ཞིག་གཉེར་ཡང་ས་དེའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་རྒྱུ་ནི་ཆེས་ནུས་ཤུགས་ལྡན་པའི་འགན་སྲུང་ཞིག་ཡིན་སྟབས། བཀའ་བསྟན་གསེར་བྲིས་སྤྱི་གཉེར་ཁང་གི་སྦྱིན་བདག་བརྩོན་འགྲུས་ཀྱིས་ཀྱང་སྤྱི་ལོ་2018ལོ་ནས་བཟུང་གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ལ་ཁོའི་སྤྱི་གཉེར་ཁང་གི་གནས་ཚུལ་མཐའ་དག་ཡར་ཞུ་ཕུལ་བས། འབྲེལ་ཡོད་མགོ་ཁྲིད་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཁས་ལེན་དང་གདེང་འཇོག་ཆེན་པོ་གནང་ཞིང་། གཅན་ཚ་རྫོང་དང་ཞང་གི་དབུལ་ཐར་འགག་སྒྲོལ་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། གཅན་ཚ་ཐང་ཞང་དང་མཚོ་སྔོན་ཙོང་ཁ་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དུད་ཚང་དབུལ་པོ་ཕྱུག་བསྒྱུར་གྱི་ཕྱོགས་ལ་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད།

གསུང་རབ་འབྲི་བཞིན་པ།
        དེ་ལས་གཞན་རྫོང་དབུལ་སྐྱོར་ཅུས་དང་མཉམ་འབྲེལ་སྒོས་གཅན་ཚ་རྫོང་གི་དབུལ་ཁྱིམ་གང་མང་ནས་ཀྱང་ངལ་རྩོལ་ནུས་ཤུགས་ཅན་གྱི་མི་སྣ་30ལ་ཉེ་བ་ཞིག་སྡུད་ལེན་བྱས་ཏེ། ཁོ་ཚོར་སྤྱི་གཉེར་ཁང་ནས་བཀའ་བསྟན་གསེར་བྲིས་ཀྱི་ཡིག་གཟུགས་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲད་ཅིང་། ལག་རྩལ་ངེས་ཅན་ལ་བྱང་རྗེས། སྤྱི་གཉེར་ཁང་དང་ངལ་རྩོལ་གན་རྒྱ་བཞག་སྟེ། གང་ལ་གང་འཚམས་ཀྱི་ལས་ཀ་བཀོད་སྒྲིག་བྱས་ཤིང་། སོ་སོའི་ལག་རྩལ་ལས་ཐོན་པའི་ཐོན་རྫས་ཀྱི་སྤུས་ཀ་དང་འགྲོས་ཚད་ལྟར་ངལ་རྩོལ་ལས་གླ་བྱིན་ཏེ། རང་གི་འཚོ་བ་སྔར་ལས་ཇེ་ཕྱུག་ཏུ་བཏང་དང་གཏོང་བཞིན་ཡོད།
        སྤྱི་གཉེར་ཁང་འདི་གས་ས་ཕྱོགས་སོ་སོའི་སྦྱིན་བདག་དང་དད་ལྡན་མང་ཚོགས་ཀྱི་རེ་འདོད་ལྟར། བཀའ་བསྟན་གཙོ་བྱས་པའི་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་སྣ་ཚོགས་གསེར་གྱིས་བྲིས་ཏེ། བོད་མདོ་དབུས་ཁམས་གསུམ་དང་། པེ་ཅིང་། ཐེན་ཅིན། ཧྲང་ཧའེ། ནང་སོག ཞང་ཀང་སོགས་སུ་གསུང་རབ་གསེར་བྲིས་མ་འཚོང་གིན་ཡོད་པས། ཉེ་བའི་ལོ་འདི་དག་གི་ཡོང་སྒོ་རྐྱང་བ་སྒོར་ཁྲི་150ལྷག་ལ་སླེབས་ཡོད་ལ། ལོ་རེ་བཞིན་གསུང་འབུམ་གསེར་བྲིས་མངག་ཉོ་བྱེད་མཁན་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་འདུག
གསུང་རབ་གསེར་བྲིས་མ།
        ད་ལྟའི་བར་དུ་གསེར་ཡིག་གི་ལམ་ནས་རྗེ་རིན་པོ་ཆེའི་གསུང་འབུམ་དུམ་པ་14བྲིས་ཚར་བ་དང་། ལྷ་རམས་པ་ཨ་ལག་ཤ་ངག་དབང་བསྟན་དར་གྱི་གསུང་འབུམ་དུམ་པ་གསུམ་པོ་གསེར་ཡིག་གིས་བྲིས་ཚར། དེ་ལས་གཞན་དཔེ་ཆ་སྣ་ཁ་100ལྷག་བྲིས་ཏེ། བོད་ཁུལ་གཙོ་བྱས་པའི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བཙོངས་དང་འཚོང་བཞིན་ཡོད་པས། བཀའ་བསྟན་གསེར་བྲིས་གླིང་གི་མཚན་སྙན་ཡང་སྔར་ལས་ཆེས་ཆེར་རྒྱས་བཞིན་ཡོད།
གསུང་རབ་གསེར་བྲིས་མ།
        བཀའ་བསྟན་གསེར་བྲིས་གླིང་གི་སྦྱིན་བདག་བརྩོན་འགྲུས་ཀྱིས་བཤད་རྒྱུར། ང་ཚོ་སྤྱི་གཉེར་ཁང་གིས་སྤྱི་ཚོགས་ཀྱི་ལས་རིགས་སམ་མི་ཚོགས་ག་གེ་མོ་ཞིག་ལ་སྒོར་ཁྲི་ཕྲག་འགས་རོགས་སྐྱོར་བྱས་ཀྱང་། དེ་ནི་གནས་སྐབས་ཀྱི་གནད་དོན་ཐག་བཅད་པ་ཙམ་ལས་མ་འདས་པས། གལ་ཏེ་མི་ཞིག་ལ་ལག་རྩལ་ཡག་པོ་ཞིག་བསླབས་ཏེ། རང་གི་ལག་ཟུང་ལ་བརྟེན་ནས་ཡོང་སྒོ་འཚོལ་བའི་ནུས་པ་ཡོད་པ་ཅན་ཞིག་ཏུ་སྐྱེད་སྲིང་བྱ་ཐུབ་ཚེ། དེ་ནི་ད་གཟོད་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་སྙམ་པས། ཁོས་བཀའ་བསྟན་གསེར་བྲིས་གླིང་ལ་ཡིག་གཟུགས་ཆེད་མཁས་པ་གང་མང་གདན་དྲངས་ཏེ། སྤྱི་གཉེར་ཁང་དུ་ཡོང་མཁན་རྣམས་ལ་ཡིག་གཟུགས་ལག་རྩལ་གསོ་སྦྱོང་བྱས་པས། རང་མི་རིགས་ཀྱི་གསེར་བྲིས་ཡིག་གཟུགས་རིག་གནས་ལ་བརྟེན་ནས་ཡོང་སྒོ་འཚོལ་ཐུབ་མཁན་གང་མང་སྐྱེད་སྲིང་བྱེད་ཐུབ་ཡོད་པ་དེ་ནི་རང་གི་ནུས་པས་རང་གི་ཕ་ཡུལ་དང་། མི་རིགས། རྒྱལ་ཁབ་ལ་བཞག་པའི་ལག་རྗེས་ཆུང་ཆུང་ཞིག་ཏུ་བསམས་ཡོད།
ལས་བཟོ་པའི་མཉམ་པར།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ནི་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་གི་བླ་སྲོག་ཡིན་ལ། རིག་གནས་དར་ན་རྒྱལ་ཁབ་རྒྱས་པ་དང་། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན། ཚད་མཐོ་བའི་རིག་གནས་ཀྱི་རང་རྟོན་མེད་ན། རིག་གནས་དར་ཞིང་རྒྱས་མི་སྲིད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་ཡོད་མི་སྲིད་ཅེས་གསུངས་པ་ནང་བཞིན། ཁོང་ཚོས་ཀྱང་རང་མི་རིགས་རིག་གནས་ཀྱི་ཡིད་རྟོན་ཇེ་དྲག་དང་། རིག་གནས་ཀྱི་རང་རྟོགས་ལ་ཤུགས་བསྣན་ཏེ། མི་རིགས་ཧྲིལ་པོའི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་རྒྱས་སུ་བཅུག་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་ཁྲོད་བྱས་རྗེས་འཇོག་དགོས། །
འབྲེལ་ཡོད་རྩོམ་ཡིག