ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

《བོད་རིག་པའི་འཆད་ཁྲིད་གཅེས་བཏུས་》ཞེས་པའི་དེབ་པར་དུ་བསྐྲུན་པ།

2021-08-18 ཚེ་རིང་སྐྱིད།


          《བོད་རིག་པའི་འཆད་ཁྲིད་གཅེས་བཏུས་》ཞེས་པའི་དེབ་འདི་ནི་2010ནས་2014བར་རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་པ་བདུན་གྱིས་སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དུ་རིག་གཞུང་འཆད་ཁྲིད་ཐེངས་བཅོ་ལྔར་གནང་བ་དག་སྒྲིག་བྱས་ནས་གྲུབ་པ་ཞིག་ཡིན་ཏེ། འཆད་ཁྲིད་གནང་མཁན་ལ་རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་པ་ཆེན་མོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་དང་། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཟུར་པ་ཁྲ་ལུར་ཟི་རན་བྷོ་ལགས། འཇར་མན་དུ་བཞུགས་པའི་བོད་རིག་པའི་མཁས་པ་ཆེན་མོ་རྡོ་རྗེ་དབང་ཕྱུག་ལགས། ཉི་ཧོང་ཨོ་ཐ་ཎི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཡུང་དྲུང་ཕུན་ཚོགས་ལགས་སོགས་ཆེད་མཁས་བདུན་ཡོད་ཅིང་། འཆད་ཁྲིད་ཀྱི་ནང་དོན་ཐད་བོད་ཀྱི་ཆོས་ལུགས་དང་། བོད་ཀྱི་ལོ་རྒྱུས་འབྲི་སྟངས། བོད་སོག་རིག་གནས་བར་གྱི་འབྲེལ་བ། བོད་ཀྱི་གསོ་བ་རིག་པ་དང་སྨན་སྦྱོར་རིག་པ། བོད་ཀྱི་ཡུལ་སྲོལ་གོམས་གཤིས། བལ་ཡུལ་གྱི་བོད་ཡིག་ཡིག་ཆ་སོགས་ཕྱོགས་སྣ་མང་པོ་ཞིག་འདུས་འདུག དེར་མ་ཟད་དཔེ་དེབ་འདི་དག་ནི་གོང་གསལ་མཁས་པ་དག་གི་གསུང་བཤད་སྒྲ་ཕབ་བྱས་པའམ་ཡིག་སྒྱུར་བྱས་ཏེ་གྲུབ་པ་ཞིག་ཡིན་པས་གོ་སླ་ཞིང་རྟོགས་བདེ། མདོར་ན་དཔེ་དེབ་འདི་བརྒྱུད་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ཁ་ཕྱོགས་དང་། གནས་བབ། ཐབས་ལམ་སོགས་ལ་རྒྱུས་ལོན་ཟུར་ཙམ་བྱེད་ཐུབ།


          དཔེ་དེབ་འདི་ཉིད་དག་སྒྲིག་དང་པར་སྐྲུན་བྱེད་པའི་གོ་རིམ་ཁྲོད་སྒྲིག་པ་པོ་གཡང་མོ་མཚོ་དང་བཙུན་པོ་དོན་འགྲུབ་གཉིས་ཀྱིས་རྒྱ་ཆེའི་ཀློག་མཁན་རྣམས་ལ་འཆད་ཁྲིད་ཀྱི་ནང་དོན་གསལ་པོར་སྟོན་ཆེད། དཀའ་ལས་མང་པོ་མྱངས་ནས་བོད་སྐད་དུ་འཆད་ཁྲིད་གནང་བ་ཁག་ནི་སྒྲ་ཐག་ལ་ཞིབ་ཏུ་མཉན་ཏེ་ཡི་གེར་ཕབ་འདུག་པ་དང་། དབྱིན་སྐད་ཀྱི་ལམ་ནས་འཆད་ཁྲིད་བྱས་ཤིང་རྒྱ་སྐད་དུ་དུས་ཐོག་སྐད་སྒྱུར་བྱས་པ་ཁ་ཅིག་ནི་བོད་ཡིག་ཏུ་ལོ་ཙཱ་གནང་བར་མ་ཟད་འགྱུར་ཡིག་ལ་ཞུས་དག་ནན་ཏན་བགྱིས་འདུག དེས་ན་དཔེ་དེབ་འདི་ཉིད་ཀྱིས་བོད་རིག་པའི་རིག་གཞུང་འཆད་ཁྲིད་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད་པས། གཞོན་སྐྱེས་སློབ་གྲྭ་ཆེན་མོ་བ་དང་། བོད་ཀྱི་རིག་གནས་ལ་སློབ་གཉེར་གནང་མཁན་སོགས་ལ་ཞིབ་འཇུག་གི་ཁ་ཕྱོགས་དང་།  གནས་བབ། ཐབས་ལམ་སོགས་ཀྱི་ཐད་ནས་རིག་ལམ་ཡང་དག་པ་རེ་རྙེད་པར་ཕན་ངེས་པར་བསམས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་ལགས། ཞེས་དཔེ་སྐྲུན་འགན་འཁུར་པ་ཚེ་རིང་སྐྱིད་ཀྱིས་ཕུལ་བ་དགེའོ། ། 
འབྲེལ་ཡོད་རྩོམ་ཡིག