ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐར་ལྔའི་དར་དམར་ཇོ་རིའི་དབུ་རྩེར་བསྒྲེངས།

2021-09-09 ཆས་པ་བསྟན་འཛིན་གྱིས་བསྒྱུར།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་།
          1960ལོའི་ཟླ་5པར། ཇོ་མོ་གླང་མའི་རི་ཁུལ་དུ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་ཅིང་འཛམ་གླིང་སྐྱེ་བོ་ཀུན་ཧང་སང་བར་བྱེད་པའི་དོན་དག་རླབས་ཆེན་ཞིག་བྱུང་ཡོད་དེ། ཀྲུང་གོ་བ་ཇོ་མོ་གླང་མའི་བྱང་ངོས་བརྒྱུད་དེ་འཛམ་གླིང་གི་རི་བོ་མཐོ་ཤོས་དེའི་ཡང་རྩེར་འཛེགས་པ་རེད། 
          1960ལོའི་ཟླ་5པའི་ཚེས་24ཉིན། ཞོགས་པའི་ཉི་གཞོན་དལ་གྱིས་མཁའ་རུ་འཕགས་དུས། ཇོ་མོ་གླང་མའི་དབུ་རྩེར་གསེར་གྱི་ཅོད་པཎ་རང་བྱོན་ཞིག་མནབས་ཤིང་། རི་རྐེད་ཀྱི་སྤྲིན་ཕུང་ནི་གྱད་མི་སྟོབས་པོ་ཆེ་ཞིག་གི་མགུལ་ལ་བཀྲ་ཤིས་པའི་ཁ་བཏགས་ཡུག་གཅིག་སྒྲོན་པ་དང་འདྲ་བར་གསོན་ཉམས་རབ་ཏུ་ལྡན། པེ་ཅིང་དུས་ཚོད་ཀྱི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཏུ་ན་གཞོན་རི་འཛེག་རུ་མི་ཝང་ཧྥུའུ་ཀྲོའུ་དང་། ལིའུ་ལེན་མན། ཆུས་དབྱིན་ཧྭ། མགོན་པོ་བཅས་མི་བཞི་པོས་རི་འཛེག་ཁུག་མ་རྒྱབ་ཏུ་ཁུར་ཅིང་འཁྱག་འཇོར་ཐོགས་ནས་ཇོ་རིའི་ཡང་རྩེར་འཛེག་པའི་དཔུང་འཇུག་ཆེས་མཐའ་མ་བྱས་ཤིང་། ལམ་ལ་ཆས་ནས་ཡུན་རིང་མ་འགོར་བར་ཁོ་ཚོ་ཇོ་རིའི་དབུ་རྩེ་དང་ཐག་ཉེ་ས་སྟེ་སྐད་གྲགས་ཆོད་པའི་“བྲག་ཐེམ་གཉིས་པའི་”གམ་དུ་སླེབས། “བྲག་ཐེམ་གཉིས་པ་”ནི་བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི་30ཅན་གྱི་གཡང་གཟར་ཞིག་ཡིན་ཞིང་། བརྗིད་ཉམས་ལྡན་པའི་ལྕགས་རི་ཞིག་དང་འདྲ་བར་རི་རྩེར་སྙེག་པའི་ལམ་ཁར་ཀྲོང་ངེར་འགྱིངས་ཡོད་ལ། སྔོན་ཆད་དབྱིན་ཇིའི་མྱུལ་དཔྱད་རུ་ཁག་ཅིག་གནས་འདིར་སླེབས་རྗེས་རེ་ཐག་ཆད་ནས་ཕྱིར་ལོག་མྱོང་ཡོད། རུ་མི་ཚོ་བྲག་ཐེམ་བརྒྱུད་ནས་མདུན་གྱི་བྲག་ཤུར་ཞིག་གི་འདབས་སུ་འབྱོར་ཅིང་། ཁོ་ཚོས་བྲག་ཤུར་དེ་བརྒྱུད་ནས་བྲག་ཐེམ་གྱི་ཡང་སྟེང་དུ་འཛེག་རྒྱུའི་སེམས་ཐག་བཅད། ཁོ་ཚོས་བྲག་ལ་འཛེག་བྱེད་ཀྱི་ལག་ཆ་ཅི་ཡང་གྲ་སྒྲིག་བྱས་མེད་པས་གཡང་གཟར་ལ་འཛེག་དུས་སུ་དཀའ་ཁག་ཆེན་པོར་ཕྲད་ཅིང་། མདུན་དུ་གོམ་པ་གང་སྤོ་ནའང་དཀའ་ལས་ཧ་ཅང་ཆེན་པོ་རྒྱག་དགོས་ཀྱི་ཡོད་མོད། རྣམ་རིག་ཅུང་ཟད་ལྷོད་ཚེ་སླར་ཡང་སྔར་གནས་སུ་ཤུད་འགྲོ་གི་ཡོད། རུ་དཔུང་གི་ལམ་སྣ་འདྲེན་མཁན་ཆུས་དབྱིན་ཧྭ་ཡིས་རྐང་མགོར་རྣོ་སྡེར་ཅན་གྱི་རི་ལྷམ་གྱོན་ཡོད་ནའང་འདྲེད་བརྡབ་ཐེངས་མང་ཤོར། ཁོའི་མཚང་མིང་ལ་“ཏུན་གསུམ་དང་ཕྱེད་ཀ་”ཟེར་ཞིང་ནགས་ལས་བཟོ་པ་ཞིག་ཡིན། ཁོ་རང་ཆུང་དུས་ནས་ས་མཐོའི་ནགས་ཁུལ་འགྲིམས་མྱོང་ཞིང་དཀའ་ཁག་ལ་མགོ་མི་སྒུར་བའི་གཤིས་ཀ་བརྟན་པོ་ཞིག་ཡོད། བྲག་ཐེམ་ལ་འཛེག་མ་ཐུབ་པས་ཆུས་དབྱིན་ཧྭ་ཡིས་རི་འཛེག་ལྷམ་ཕུད་ཅིང་རྐང་འབོབ་ཁོ་ན་གྱོན་ནས་བྲག་རྡོའི་སྲུབ་ཀར་བརྫིས་ཏེ་ཡུན་གྱིས་འཛེག་འགོ་བརྩམས། དྲོད་ཚད་-30℃ལ་ལྷུང་ཞིང་རིམ་པ་5ནས་6ལ་སླེབས་པའི་གྲང་རླུང་གིས་རྣ་ལམ་དུ་འུར་སྒྲ་སྒྲོག     གྲང་ངར་ཧ་ཅང་ཆེ་བས་རྐང་པར་ན་ཟུག་སྐྱེད་ཅིང་རིམ་བཞིན་སྦྲིད་ནས་ཚོར་བ་ཉམས་པར་གྱུར་ཀྱང་། ཁོང་གིས་མདུན་སྐྱོད་ཀྱི་གོམ་ཁ་མཚམས་མ་བཞག   ཐེམ་པ་གཉིས་པའི་མཐའ་མའི་སྨི་3ལ་སླེབས་སྐབས་སུ་གཟར་ཚད་ཆེ་རུ་ཕྱིན་ཅིང་ཕལ་ཆེར་དྲང་འཕྱང་དུ་ཆགས་ཡོད། ལིའུ་ལེན་མན་གྱིས་ལག་ཟུང་བྲག་རིའི་བར་དུ་བཙུགས་ཤིང་རྐང་པ་གཉིས་ཀྱིས་བྲག་རྡོར་ཤུགས་ཀྱིས་བརྫིས་ནས་ཡར་ཐེངས་བཞིར་འཛེགས་མོད་འདྲེད་བརྡབ་ཤོར། ཁོ་རང་མེ་གསོད་རུ་ཁག་གི་རུ་མི་ཡིན་པས་ཁོས་གློ་བུར་དུ་མེ་གསོད་པའི་སྐབས་ཀྱི་“མི་སྐས་”བཟོ་ཐབས་དྲན་བྱུང་། ཁོ་རང་ཙོག་པུར་བསྡད་ནས་འཐབ་གྲོགས་ཚོ་རང་གི་ཕྲག་པར་རྐང་པ་སྤོ་རུ་བཅུག་རྗེས་རིམ་བཞིན་ཡར་ལངས་ནས་འཐབ་གྲོགས་ཚོ་རེ་རེ་བཞིན་མི་ཚོས་“གཤིན་རྗེའི་འཕྲང་ལམ་”དུ་འབོད་པའི་གཡང་གཟར་གྱི་སྟེང་དུ་བསྐྱལ། འཐབ་གྲོགས་གཡང་གཟར་གྱི་སྟེང་ལ་སྐྱེལ་སྐབས་སུ་ཁོ་རང་ཐང་ཆད་ནས་དབུགས་འཚང་ཞིང་མིག་ལམ་ཡང་རབ་རིབ་ཏུ་གྱུར་མོད། འོན་ཀྱང་ཁོས་ཅི་ཡང་མི་སྨྲ་བར་བཟོད་བསྲན་བྱས། 
          “ཐེམ་པ་གཉིས་པ་”ཡི་ཡང་སྟེང་དུ་སླེབས་དུས་ཉི་མ་ནུབ་ཕྱོགས་སུ་ཡོལ་ཟིན་ལ་ལྷག་རླུང་འུར་འུར་དུ་ལྡང་བཞིན་འདུག    རུ་མི་ཚོས་རྒྱབ་ཏུ་ཁུར་བའི་དབྱང་བུམ་གྱི་རླུང་གནོན་དཔྱད་ཆས་ཀྱི་སྟོན་ཁབ་ཆེས་ཆེར་ཆག་འདུག་པས་དབྱང་རླུང་མང་པོ་ལྷག་མི་འདུག    ཁོ་ཚོ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་8700ཡི་སར་སླེབས་སྐབས་སུ་དབྱང་རླུང་ཟད་ལ་ཉེ་ཞིང་། ལིའུ་ལེན་མན་ཐང་ཆད་དྲགས་ནས་ལུས་ཤུགས་ཀྱིས་ལྕོགས་དཀའ་བར་གྱུར་པས། རུ་མི་ཚོ་བྲག་རྡོ་ཆེན་པོ་ཞིག་གི་གམ་དུ་འདུས་ནས་ངལ་གསོས། ཝང་ཧྥུ་ཀྲོའུ་དང་། ལིའུ་ལེན་མན། ཆུས་དབྱིན་ཧྭ་གསུམ་གུང་ཁྲན་ཏང་ཡོན་ཡིན་པས། ཁོ་ཚོས་དེ་གར་ཛ་དྲག་ཆེ་བའི་ཏང་ཚོགས་ཆུང་གི་ཚོགས་འདུ་ཞིག་འཚོགས་ནས། མུ་མཐུད་མདུན་སྐྱོད་བྱེད་ཐུབ་མིན་གྱི་སྐོར་ནས་གྲོས་བསྡུར་བྱས། ཝང་ཧྥུ་ཀྲོའུ་ཡིས་ངར་ཤུགས་དང་བཅས་“རི་རྩེར་འཛེག་རྒྱུ་ནི་ཏང་གིས་ང་ཚོར་སྤྲད་པའི་ལས་འགན་ཡིན་པས། དབྱང་རླུང་ཟད་ཀྱང་མདུན་སྐྱོད་བྱེད་དགོས་”ཞེས་བཤད། ཆུས་དབྱིན་ཧྭ་ཡིས་“ང་རང་ཏང་ཡོན་ཞིག་ཡིན་པས། འདི་ནས་ཕྱིར་བཤོལ་བྱས་ཚེ་ཏང་ལ་ཐུག་པར་འགྲོ་ཅི་ལ་སྤོབས་”ཞེས་བཤད། ལིའུ་ལེན་མན་གྱིས་ཀྱང་རྟག་བརྟན་ཐེར་ཟུག་སྒོས་“འཛེག་མ་ཐུབ་ན་གོག་ནས་ཀྱང་རི་རྩེར་སླེབ་པ་བྱེད་དགོས་”ཞེས་བཤད། ལིའུ་ལེན་མན་གྱིས་དེ་སྔ་འཐབ་རོགས་ཚོ་གཡང་གཟར་ལ་ཐུག་དུས་ལམ་སྣ་དྲངས་པས་ད་ནི་ལུས་ཤུགས་ཟད་དེ་མུ་མཐུད་མདུན་སྐྱོད་བྱས་ན་འགོར་འགྱང་བཟོ་ཉེན་ཡོད་པས། ཏང་ཚོགས་ཆུང་གིས་ལིའུ་ལེན་མན་ལ་དེ་གར་སྒུག་ཏུ་འཇུག་རྒྱུའི་ཐག་གཅོད་བྱས་ཤིང་། ཝང་ཧྥུ་ཀྲོའུ་དང་། ཆུས་དབྱིན་ཧྭ། མགོན་པོ་གསུམ་མུ་མཐུད་དུ་མདུན་སྐྱོད་བྱས། 
          རུ་མི་རྣམས་ཀྱིས་བྲག་རྡོ་དང་ལ་གཟར་རེ་རེ་བཞིན་བརྒལ་ནས་མུ་མཐུད་དུ་མདུན་སྐྱོད་བྱས། ས་གཞི་ག་ལེར་མུན་པས་གཡོགས་པ་དང་བསྟུན་ནས་བརྗིད་ཉམས་ལྡན་པའི་ཇོ་མོ་གླང་མའི་གཟུགས་བརྙན་ནི་གནམ་སའི་བར་མཚམས་སུ་འགྲེངས་པའི་རི་རབ་ཀྱི་ཀ་བ་ཞིག་དང་འདྲ། ཁོ་ཚོས་དེ་སྔོན་མུན་མ་རུབ་གོང་རི་རྩེར་སླེབ་ཐུབ་པར་སྙམ་སྟེ་གློག་ཞུ་སོགས་ཉེར་མཁོའི་ཡོ་བྱད་ཅི་ཡང་བཟུང་མེད་པས། མུན་ནག་ནང་ལ་ལག་སྙོབ་བྱེད་པ་ལྟར་མུ་མཐུད་དུ་མདུན་ཕྱོགས་སུ་གོག་བགྲོད་བྱས་ཤིང་། གངས་རིའི་ལྡོག་འཕྲོ་ལ་བརྟེན་ནས་ཁ་ཕྱོགས་ངོས་འཛིན་བྱས། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་8830ཡས་མས་ཀྱི་སར་སླེབས་སྐབས་སུ་ཁོ་ཚོའི་དབྱང་རླུང་ཡོངས་སུ་རྫོགས་པས་གོམ་པ་གང་རེ་སྤོས་རྗེས་དུས་ཡུན་རིང་པོར་ངལ་གསོ་མི་བྱེད་ཐབས་མེད་བྱུང་ལ། མཐོ་ཚད་སྨི་གཅིག་ལས་མེད་པའི་བྲག་རྡོ་ལ་འགོ་བར་ཡང་ཕལ་ཆེར་ཆུ་ཚོད་ཕྱེད་ཀ་ལྷག་འགོར། ཁོ་ཚོས་རྒྱབ་ཏུ་ཁུར་བའི་དབྱང་དབུགས་ཤེལ་དམ་གཡུགས་ཤིང་དབུགས་ཆད་པའི་སྲོག་ཉེན་ལ་མི་འཛེམ་པར་མདུན་དུ་བསྐྱོད། ལ་དུག་གིས་མགོ་ན་བ་དང་། མིག་རབ་རིབ་ཏུ་གྱུར་པ། དབུགས་འཚང་བ། རྐང་ལག་ལ་ཤུགས་མེད་པར་གྱུར་པ་སོགས་ཀྱི་དཀའ་ངལ་མཐའ་དག་གདོང་གིས་བསུས་ནས་ཕན་ཚུན་སྐུལ་ལྕག་དང་རོགས་རམ་བྱེད་བཞིན་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཉེན་ཁ་དང་དཀའ་ཚེགས་ཆེ་ཤོས་ཀྱི་བགྲོད་ལམ་དུ་བསྐྱོད་ཅིང་། གངས་ཀྱི་ཕུང་པོས་བརྒྱན་པའི་བྲག་གཟར་ཞིག་བརྒྱུད་མཐར་ཝང་ཧྥུ་ཀྲོའུ་དང་། ཆུས་དབྱིན་ཧྭ། མགོན་པོ་གསུམ་གཞི་ནས་ཇོ་མོ་གླང་མའི་ཡང་རྩེར་སླེབས། སྐབས་དེར་ཁོ་ཚོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་རྩེ་རེ་རེ་རྡོག་འོག་ཏུ་མནན་ཡོད་པས་མགོ་ཐོག་ན་སྐར་ཚོགས་ཁོ་ན་ལས་ཅི་ཡང་མེད་པར་གྱུར། ཆུ་ཚོད་19ལྷག་ལ་འབད་བརྩོན་བྱས་པ་བརྒྱུད་ཁོ་ཚོ་གཞི་ནས་རི་རྩེར་འབྱོར། དེ་དུས་ཝང་ཧྥུ་ཀྲོའུ་དང་ཆུས་དབྱིན་ཧྭ་གཉིས་ཀྱི་རྐང་ལག་ལ་འཁྱགས་རྨས་ཚབས་ཆེན་ཕོག་ཡོད་མོད། འོན་ཀྱང་རྒྱལ་ཁའི་སྤྲོ་སྣང་གིས་རང་ལུས་ཀྱི་ན་ཟུག་དང་ཕྱི་རོལ་གྱི་སྨག་རུམ་ཡོད་ཚད་བརྗེད་དེ་སྤྲོ་སྣང་དང་ངར་ཤུགས་ཀྱིས་བརྟས། ཁོ་ཚོས་བརྙན་ཕབ་འཕྲུལ་ཆས་བཟུང་ཡོད་མོད་ས་རུབ་ཟིན་པས་རི་རྩེའི་རྣམ་པ་བརྙན་དུ་འབེབས་ཐུབ་མེད། ཁོ་ཚོས་ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་རྒྱལ་ཁར་དྲན་གསོ་ཞུ་ཆེད་མའོ་ཀྲུའུ་ཞིའི་སྐུ་བརྙན་ཆུང་ཆུང་ཞིག་སྐར་ལྔའི་དར་དམར་གྱིས་བཏུམས་ནས་བྲག་རྡོའི་གསེབ་ཏུ་སྦས་ཤིང་། རྒྱལ་སྤྱིའི་རྒྱུན་སྲོལ་ལྟར་ཝང་ཧྥུ་ཀྲོའུ་ཡིས་མི་གསུམ་གྱི་ཚབ་བྱས་ཏེ་ཉིན་ཐོ་འབྲི་དེབ་ཀྱི་ངོས་ལ་“ཝང་ཧྥུ་ཀྲོའུ་སོགས་མི་གསུམ་ཇོ་མོ་གླང་མའི་རྩེ་ལ་འཛེགས་ཟིན། 1960ལོའི་ཟླ་5པའི་ཚེས་25ཉིན་གྱི་ཆུ་ཚོད་4དང་སྐར་མ་20ཡི་སྟེང་”ཞེས་བྲིས་རྗེས་ཤོག་བུ་དེ་བལ་གྱི་ལག་ཤུབས་ནང་དུ་བཅུག་ནས་བྲག་རྡོའི་བར་དུ་བཅུག
          དཔའ་ངར་ལྡན་པའི་ཀྲུང་གོ་བ་ལ་རྒྱལ་ཁ་ཐོབ་པ་རེད། འཛམ་གླིང་གི་རི་འཛེག་ལོ་རྒྱུས་ཐོག་ཏུ་ཀྲུང་གོའི་རི་འཛེག་ལུས་རྩལ་པ་ཚོས་ཇོ་མོ་གླང་མའི་བྱང་ངོས་ནས་རི་རྩེར་འཛེག་པའི་རྒྱལ་ཁའི་བགྲོད་ལམ་ཞིག་བཏོད་པ་དང་། དེ་ནི་མིའི་རིགས་ཇོ་མོ་གླང་མའི་བྱང་གི་རི་ངོས་ནས་རི་རྩེར་འཛེག་ཐེངས་ཐོག་མ་ཡིན་ལ། མིའི་རིགས་ཀྱིས་ཐེངས་དང་པོར་སྨི་8830ཡི་མཐོ་ཚད་དུ་དབྱང་རླུང་སྒྲིག་ཆས་ལ་མ་བརྟེན་པར་རི་རྩེར་འཛེགས་པའི་ལོ་རྒྱུས་བཏོད་པ་རེད།
འབྲེལ་ཡོད་རྩོམ་ཡིག