——ཞ་ལུ་དགོན་པའི་ཆིང་རྒྱལ་རབས་སྐབས་འཚེམ་དྲུབ་བྱས་པའི་གྲུབ་ཐོབ་བརྒྱད་ཀྱི་ཀ་འཕན་དམར་པོ།
ཀྲན་ལི་ཏན།
རྒྱ་བོད་གཉིས་ཀྱི་རིག་གནས་བརྗེ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བོད་ལྗོངས་ཀྱི་ཞ་ལུ་དགོན་པའི་ཁྱད་དུ་འཕགས་པའི་བཟོ་སྐྲུན་གྱི་བཀོད་པ་དང་། ཕུལ་དུ་བྱུང་བའི་ལྡེབ་རིས་ཀྱིས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཕན་ཚུན་གཅིག་ལ་གཅིག་འདྲེས་ཡིན་པའི་ལོ་རྒྱུས་ར་སྤྲད་ཡོད།
ཞ་ལུ་དགོན་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཁུལ་དུ་ཆགས་ཤིང་། 1087ལོར་ཕྱག་བཏབ། དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་ཁྱོན་ཡོངས་ནས་དབང་སྒྱུར་བྱས་རྗེས་སུ། དམངས་དུད་ཀྱི་གྲངས་ཀར་རྩིས་བཤེར་དང་། ཁྲི་སྐོར་བཅུ་གསུམ་དང་འཇའ་མོ་གསར་འཛུགས། དམག་དང་དཔྱ་ཁྲལ་བསྡུ་རུབ། དཔོན་རིགས་བསྐོ་གཞག་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས། བོད་ལྗོངས་ས་གནས་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། དེའི་སྐབས་སུ་བྱུང་བའི་ཞ་ལུ་ཁྲི་སྐོར་སྒར་ནི་ཞ་ལུ་དགོན་པའི་ནང་དུ་བཙུགས་ཡོད། འོན་ཀྱང་ཞ་ལུ་དགོན་པ་དང་ནང་སའི་བར་གྱི་འབྲེལ་བ་ནི་སྔ་མོ་ནས་བྱུང་ཡོད།
ཧ་ལམ་1329ལོར། རང་བྱུང་གནོད་འཚེ་ཡི་དབང་གིས་ཞ་ལུ་དགོན་པར་གཏོར་བརླག་ཆེན་པོ་ཐེབས། (ཁ་ཅིག་གིས་ཤྭ་འོད་ཡིན་པ་དང་ཁ་ཅིག་གིས་ས་ཡོམ་དྲག་པོ་ཡིན་པར་བཤད་མོད་གང་ཡིན་མ་འཚལ།) སྐབས་དེར་ཞ་ལུ་ཁྲི་དཔོན་སྐྱིད་ཚེ་ལགས་ཡོན་རྒྱལ་རབས་ཀྱི་རྒྱལ་ས་ཏ་ཏུའུ་རུ་བཞུགས་ཡོད། ཡོན་གོང་མས་དངུལ་སྒོར་དང་རྒྱུ་དངོས་འབོར་ཆེན་གནང་ནས་ཞ་ལུ་དགོན་པ་སླར་ཡང་ཞིག་གསོ་བྱེད་པར་སྐུལ་མ་གནང་བར་བརྟེན། 1333ལོར་སྐྱིད་ཚེ་ལགས་ཀྱིས་ནང་སའི་ལས་བཟོ་པ་མང་པོ་གདན་དྲངས་པ་དེ་དག་གིས་བོད་ལྗོངས་ས་གནས་རང་གི་ལས་བཟོ་པ་དང་མཉམ་དུ་ཞ་ལུ་དགོན་པ་ཞིག་གསོ་བྱས་པས་གཞི་ནས་ད་ལྟའི་རྣམ་པ་དང་གཞི་ཁྱོན་འདི་འདྲ་གྲུབ་པ་རེད། ཕྱིའི་རྣམ་པ་དང་ནང་གི་བཟོ་བཀོད་གང་གི་ཆ་ནས་བལྟས་ཀྱང་། རང་རེའི་མཐོང་སྣང་དུ་ཡོད་པའི་ཞ་ལུ་དགོན་པ་འདི་ནི་བོད་ལྗོངས་དང་ནང་སའི་ལས་བཟོ་པས་མཉམ་ལས་བྱས་ནས་གྲུབ་པའི་སྒྱུ་རྩལ་གྱི་ཉིང་ཁུ་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ལྡན་པ་ཞིག་ཀྱང་རེད།
“ཡོན་རྒྱལ་རབས་སྐབས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་འགྲེམ་སྟོན་”ནི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་2020ལོར་གཙོ་གནད་དུ་བཟུང་ནས་བཏོན་པའི་འགྲེམ་སྟོན་ཞིག་ཡིན། འགྲེམ་སྟོན་དེའི་སྟེང་དུ་ཞ་ལུ་དགོན་པའི་རིག་དངོས་33བཤམས་སྟོན་བྱས། དེའི་ཁྲོད་ཀྱི་སྡེ་ཚན་གཉིས་པ་སྟེ། “རྒྱ་བོད་ཟུང་སྦྲེལ། གཅིག་འབྲེལ་གྱི་དཔེ་མཚོན་”ཞེས་པའི་ཁྲོད་དུ་གྲུབ་བརྒྱད་རིས་སུ་འཁོད་པའི་ཚེམ་དྲུབ་ཀྱི་ཀ་འཕན་ཁ་དོག་དམར་པོ་ཅན་ཞིག་ཡོད་ཅིང་། དེའི་སྟེང་གི་ཁ་དོག་རྣམ་པར་བཀྲ་ཞིང་ཞིབ་ཚགས་ལྡན་པའི་ཚེམ་དྲུབ་ཀྱིས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད།
ཀ་འཕན་ནི་རང་རྒྱལ་གྱི་གནའ་བོའི་ས་གནས་རིག་གནས་ཀྱི་ཁྲོད་དུ་དར་ཆ་ལ་གོ ཡིན་ཡང་ནང་བསྟན་ཀྲུང་་གོར་དར་ཁྱབ་བྱུང་རྗེས་སུ། ཕྱི་ནས་དར་བའི་རིག་གནས་དང་རང་སའི་རིག་གནས་གཉིས་ཕན་ཚུན་མཉམ་འདྲེས་བྱུང་བས་ཀ་འཕན་གྱི་གོ་དོན་ལའང་སྔར་དང་མི་འདྲ་བའི་འགྱུར་ལྡོག་བྱུང་། བེད་སྤྱོད་ཡུལ་མི་གཅིག་པའི་དབང་གིས་དགོན་པའི་ཀ་སྟེང་དུ་བཀལ་བའི་གདུགས་ཀྱི་རིང་ཐུང་དང་ཆེ་ཆུང་གི་ཚད་གཞིའང་མི་འདྲ་སྟེ། ལ་ལ་རིང་ཞིང་ལ་ལ་ཐུང་བ་དང་། གདུགས་ཀྱི་ཁ་དོག་དང་རི་མོ་སོགས་ཀྱང་རྣམ་པ་སྣ་ཚོགས་ཡོད། ཡིན་ཡང་དེ་རྣམས་ཀ་འཕན་གྱི་བྱེ་བྲག་པ་ཞིག་ལས་མ་འདས།
ཞ་ལུ་དགོན་པའི་ཀ་འཕན་དེ་ནི་ཆིང་རྒྱལ་རབས་ཀྱི་སྐབས་ཏེ། དུས་རབས་19པའི་ནང་དུ་བཟོས་ཤིང་། ཀ་འཕན་དེར་གདུགས་དབུ་དང་། གདུགས་ངོས། གདུགས་ཀྱི་གཡས་གཡོན་གྱི་དར་ལྕོག་བཅས་གྲུབ་ཆ་གསུམ་ཡོད་ལ། གདུགས་གཡས་གཡོན་གཉིས་ཡོད་པ་དེ་གཉིས་ཅུང་ཆེ་བར་སྣང་སྟེ། ཆ་སྙོམས་ཀྱི་རིང་ཚད་ལ་ལི་སྨི་375དང་། ཞེང་ལ་ལི་སྨི་80ཡོད།
ཀ་འཕན་གྱི་དབུ་ནི་ཡིད་བཞིན་ནོར་བུའི་དབྱིབས་སུ་བྱས་ཡོད་པ་དང་དེའི་དཀྱིལ་དུ་གཅན་གཟན་སྣ་ལེབ་ཀྱི་རྣམ་པ་འཚེམ་དྲུབ་བྱས་ཏེ་བཟོས་ཡོད། ཡིད་བཞིན་ནོར་བུའི་རི་མོ་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཐད་ནས་བཤད་ན་བཀྲ་ཤིས་པའི་རྟགས་མཚན་ཞིག་ཡིན་ལ། དེ་ནི་སྲོལ་རྒྱུན་གྱི་བཀྲ་ཤིས་རྫས་ཏེ་ཡིད་བཞིན་ནོར་བུ་ལས་ཚུར་བླངས་པར་སྙམ། མི་རྣམས་ཀྱིས་དེ་ཉིད་ཡིད་འོང་གི་མཚོན་དོན་དང་སྨོན་འདུན་གྱི་ཚབ་མཚོན་དུ་བརྩིས་པས། དེའི་དབྱིབས་དང་རྣམ་པའང་རིམ་གྱིས་ཀོ་ཤའི་རྣམ་པ་ཅན་དང་། སྤྲིན་གྱི་རྣམ་པ་ཅན། སྙིང་གི་རྣམ་པ་ཅན་སོགས་སུ་འཕེལ་འགྱུར་བྱུང་། དེ་ནི་རྒྱན་སྤྲས་ཀྱི་ངོ་བོ་ལྡན་པའི་བརྐོས་རིས་ཡིན་པའི་ཆ་ནས་ནམ་རྒྱུན་ཁང་པ་དང་། རྫས་དངོས། གྱོན་གོས་སོགས་ཀྱི་ངོས་སུ་སྤྱོད།
གཅན་གཟན་སྣ་ལེབ་ཅེས་པར་《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ་འདི་ལྟར་འགྲེལ་བ་བརྒྱབ་འདུག་སྟེ། “དེ་ནི་རྟོག་བཏགས་ཀྱི་གཅན་གཟན་ཞིག་ཡིན། མགོ་བོ་རི་ཞུམ་དང་འདྲ་ཞིང་། སྣ་ལེབ་ལེབ་ཡིན་པས། རྒྱའི་ཡུལ་སྲོལ་རྙིང་པའི་ཁྲོད་ཀྱི་ལམ་མདོའི་རྡོ་རིང་སྟེང་བསྐོས་པའི་གཅན་གཟན་དང་འདྲ་པོ་ཡོད། བོད་ལུགས་བཟོ་བཀོད་ཀྱི་ཁྲོད་དུ་ཀ་མགོའི་སྟེང་དུ་གཅན་གཟན་སྣ་ལེབ་འདི་རིས་སུ་ཕབ་པའི་སྲོལ་ཡོད་ལ། ཀ་འཕན་གྱི་སྟེང་དུ་རི་མོར་ཕབ་པའི་སྲོལ་ཡང་མཆིས།” ཀ་འཕན་གྱི་ངོས་སུ་མངོན་པའི་གཅན་གཟན་སྣ་ལེབ་ལ་འཇིགས་སུ་རུང་བའི་ངོ་གདོང་དང་། ཆེས་ཆེར་བགྲད་པའི་མིག་ཟུང་། རྣ་ཅོག་གཉིས་ཀྱི་འགྲམ་དུ་རྭ་སྐྱེས་པ། འབྲུག་གི་བཟོ་ལྟ་དང་འདྲ་བའི་ཁ་སྤུ་འཁྱིལ་མ། མིའི་བཟོ་ལྟ་དང་འདྲ་བའི་ལག་ཟུང་གིས་ཁ་སྤུ་སྣོག་པ། ཁ་ལས་རིན་པོ་ཆེ་སྐྱུག་པའི་སྣང་བརྙན་བཅས་འདུག རིག་གཞུང་ཉམས་ཞིབ་པ་ཁ་ཤས་ཀྱིས་གཅན་གཟན་སྣ་ལེབ་ཀྱི་གདོད་མའི་རྣམ་པ་ནི་རྒྱ་གར་གྱི་ལྷ་ཁང་རྣམས་སུ་མཐོང་རྒྱུ་ཡོད་པའི་སེང་གདོང་གི་རྣམ་པ་ཡིན་ལ། དེ་ཉིད་བོད་དུ་དར་རྗེས་སུ་རྒྱའི་ལྷ་སྒྲུང་ཁྲོད་ཀྱི་འབྲུག་གི་ཁྱད་གཤིས་དང་གཅིག་དུ་འདྲེས་ཏེ། རྒྱ་བོད་རིག་གནས་བརྗེ་རེས་ཁྲོད་ཀྱི་སྒྱུ་རྩལ་གྱི་བསྡུས་གཟུགས་ཤིག་ཏུ་གྱུར་པ་རེད་ཟེར། སྲི་གནོན་དང་། དཔའ་ངར། ཅི་བསམ་ལྷུན་གྲུབ་བཅས་ཀྱི་མཚོན་རྟགས་ཡིན་པས། གཅན་གཟན་སྣ་ལེབ་ནི་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་སྒྱུ་རྩལ་གྱི་ཁྲོད་དུ་ནམ་རྒྱུན་མཐོང་དུ་ཡོད་པའི་རི་མོ་ཞིག་ཏུ་གྱུར་ཡོད་ལ། ཞ་ལུ་དགོན་པའི་འཛུགས་སྐྲུན་ཁྲོད་ཀྱི་རྫ་གཡམ་ཐུར་འགོ་དང་ཝ་ཁ་སོགས་སུ་གཅན་གཟན་སྣ་ལེབ་ཀྱི་བརྐོས་བརྙན་མང་དུ་མཐོང་ཐུབ།
ཀ་འཕན་གྱི་ངོས་ནི་གོང་འོག་ཆ་ཤས་གཉིས་སུ་བགོས་ཡོད་ཅིང་། གྲུ་བཞི་ནར་དབྱིབས་སུ་གྲུབ་ཡོད། གོང་གི་ཆ་ཤས་ནི་གོས་དམར་པོས་བཟོས་པ་དང་། དཀྱིལ་གྱི་ཆ་ཤས་ནི་གོས་སྐུད་ཁམ་མདོག་དང་། སྔོན་པོ། སྔོ་སྐྱ། ཟིང་སྐྱ། ལྗང་མདོག་སོགས་ཀྱིས་གྲུབ། དེར་ཁབ་སྐུད་སྙོམ་ལེན་དང་། གསེར་ཚོན་འདིང་བ། འབྲུ་རིས་འདེབས་པ་སོགས་ཀྱི་ལག་རྩལ་སྤྱད་ནས་གྲུབ་ཐོབ་བརྒྱད་ཀྱི་གཙོ་འཁོར་བཞེངས་ཡོད།
གྲུབ་ཐོབ་བརྒྱད་ཅེས་པ་ནི་ཀྲུང་གོའི་ཏའོ་ལུགས་པའི་ལྷ་སྒྲུང་ཁྲོད་ཀྱི་ལྷ་བརྒྱད་ལ་གོ་སྟེ། དེ་དག་རེ་རེས་ཕོ་དང་། མོ། རྒན་པ། གཞོན་པ། ཕྱུག་པོ། སྐུ་དྲག དབུལ་པོ། གཡོག་པོ་བཅས་མཚོན། གྲུབ་ཐོབ་བརྒྱད་ནི་བདེ་ཐང་དང་ཚེ་རིང་གི་མཚོན་རྟགས་ཤིག་ཡིན་པས། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དམངས་ཁྲོད་དུ་“གྲུབ་ཐོབ་བརྒྱད་ཀྱིས་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་”དང་“གྲུབ་ཐོབ་བརྒྱད་ཀྱིས་མཚོ་མོ་བརྒལ་བ་”སོགས་བརྗོད་བྱར་བྱས་པའི་རི་མོ་མང་དུ་བྱུང་ཡོད། གདུགས་ངོས་ཀྱི་རི་མོ་ལ། གཙོ་བོ་གྲུབ་ཐོབ་བརྒྱད་དང་། ཁྲུང་ཁྲུང་། སྤྲེའུ་དཀར་པོ། ཤྭ་བ། ཁམ་བུ་སོགས་བཀྲ་ཤིས་ཤིང་ཚེ་རིང་བའི་བསྟན་དོན་མཚོན་བྱེད་ཀྱི་རི་མོ་རྣམས་འཚེམ་དྲུབ་བྱས་ཡོད་ལ། གྲུབ་ཐོབ་བརྒྱད་རྣམས་ཡའོ་ཁྲི་མཚོ་མོར་ཕེབས་ནས་ནུབ་ཕྱོགས་ཀྱི་འཕགས་མོའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་རྣམ་པ་འཁོད་ཡོད།
གཡས་ཕྱོགས་གདུགས་ངོས་ཀྱི་སྟེང་ནས་འོག་ཏུ་རིམ་བཞིན་ཀྲང་ཀུའོ་ལའོ་དང་། ལུའེ་ཏུང་པིན། ལན་ཚའེ་ཧོ། ཧོ་ཞན་ཀུའུ་བཅས་དང་། གཡོན་ཕྱོགས་ཀྱི་སྟེང་ནས་འོག་ཏུ་རིམ་བཞིན་ཧན་ཀྲུང་ལི་དང་། ཚའོ་ཀུའོ་ཅིའུ། ཧན་ཞང་ཙི། ཐིའེ་ཀོའེ་ལི་བཅས་རིས་སུ་ཕབ་ཡོད། དེ་དག་ལས་ཀྲང་ཀའོ་ལའོ་ནི་དབུ་སྐྲ་དང་སྨ་ར་དུང་ལྟར་དཀར་བ་དང་། ལུས་ལ་ཕྱུ་བ་མནབས་པ། ཕྱག་ཏུ་ཉ་རྔ་བསྣམས་པ། བོང་བུ་བཞོན་པའི་བཟོ་ལྟར་བཞེངས་ཡོད་པ་དང་། ལུའེ་ཏུང་པིན་ནི་ལུས་ལ་ཏའོ་ལུགས་ཀྱི་ལྭ་རིང་གྱོན་པ་དང་། ཕྲག་པར་རལ་གྲི་འཁུར་བ། ཕྱག་ཏུ་རྡུལ་རྡུང་ཡོ་ཆས་བསྣམས་ཤིང་ལྕང་མའི་རྣམ་ཤེས་ཀྱིས་ལམ་ཁྲིད་པའི་རྣམ་པ་འདུག ལན་ཚའེ་ཧོ་ནི་སྐྲ་ཐོར་ཅོག་བྱས་པ་དང་། ཕྱུ་བ་སྔོན་པོ་མནབས་པ། ཕྱག་གཡས་པར་མེ་ཏོག་སི་ར་བཟུང་ཞིང་། ཕྱག་གཡོན་པར་རྡུལ་རྡུང་ཡོ་ཆས་ཐོགས་པ་དང་། ཤྭ་བ་གྲོགས་སུ་བྱས་པའི་རྣམ་པར་འདུག ཧོ་ཞན་ཀུའུ་ནི་སྟོད་གོས་ཟིང་སྐྱ་གྱོན་ཞིང་། ལག་ཏུ་མེ་ཏོག་པདྨ་ཐོགས་པ་དང་། ཁམ་བུ་འཁྱེར་བའི་སྤྲེའུ་དང་ཕན་ཚུན་རྒྱང་ལྟ་བྱེད་པའི་བཟོ་ལྟར་བཞེངས་འདུག ཧན་ཀྲུང་ལི་ནི་ཕུ་རིང་ཕྱུ་བ་མནབས་པ་དང་། བྲང་དང་ཕོ་བ་རྗེན་པར་མངོན་པ། ཕྱག་གཡས་པས་ཁམ་བུ་ཐོགས་པ་དང་། ཕྱག་གཡོན་པས་ཕུར་མ་ཐོགས་པ། གཅན་གཟན་ཆིབས་རྟ་རུ་བྱས་པ་ཞིག་འདུག ཚའོ་ཀུའོ་ཅིའུ་ནི་ལུས་ལ་དཔོན་ལྭ་མནབས་པ་དང་། དབུ་ལ་དཔོན་ཞྭ་གྱོན་པ། ལག་ཏུ་གཡང་ཊིའི་པང་ལེབ་ཐོགས་པ། གཅན་གཟན་ཆིབས་རྟ་རུ་བྱས་པའི་སྣང་བརྙན་དུ་བཞེངས་འདུག ཧན་ཞང་ཙི་ནི་དབུ་སྐྲ་ཐོར་ཅོག་གཉིས་སུ་བྱས་པ་དང་། ལུས་ལ་ཕྱུ་བ་སྔོན་པོ་མནབས་པ། ཕྱག་གིས་གླིང་བུའི་ཁུང་བུ་མནན་ཞིང་། ཁ་ནས་གླིང་བུ་འབུད་པ་དང་། ལྷ་བྱ་ཁྲུང་ཁྲུང་ཆིབས་པར་བྱས་པ་ཞིག་ཏུ་བཞེངས་འདུག ཐིའེ་ཀོའེ་ལི་ནི་དབུ་ལ་གསེར་གྱི་འཆིང་ཐག་བསྐོན་ཅིང་། གཟུགས་སྒུར་ཙམ་ཡོད་པ་དང་། ཕྱག་གཉིས་ཀྱིས་ཀ་བེད་བཟུང་བ། སྡིག་སྲིན་རྐང་འོག་ཏུ་མནན་པའི་སྣང་བརྙན་དུ་བཞེངས་འདུག
སྤྱིའི་ཆ་ནས་བལྟས་ན། གྲུབ་ཐོབ་བརྒྱད་ཀྱི་ངོ་གདོང་གསལ་ཞིང་དྭངས་པ་དང་། རྣམ་འགྱུར་ཕན་ཚུན་མི་འདྲ་བ། སོ་སོའི་ཕྱག་ཏུ་ཡོ་ཆས་བསྣམས་པ། སྣང་བརྙན་གསོན་ཉམས་ལྡན་པ་བཅས་མངོན་དུ་ཕྱུངས་འདུག གྲུབ་ཐོབ་བརྒྱད་ཀྱི་ཕྱོགས་མཚམས་ཀུན་ཏུ་ཡིད་བཞིན་སྤྲིན་ཕུང་དང་ཕ་ཝང་གི་རི་མོའི་འཚེམ་དྲུབ་ཡོད་པ་དང་། དེའི་ཞབས་སུ་མཚོ་ཆུ་དང་བྲག་རྡོའི་འཚེམ་དྲུབ་བྱས་ནས། བསམ་དོན་ཡིད་བཞིན་འགྲུབ་ཅིང་བདེ་སྐྱིད་ལྡན་པ་དང་། བདེ་སྐྱིད་རི་ལྟར་བརྟན་པ་དང་ཚེ་ཚད་རྒྱ་མཚོ་ལྟར་གཏིང་ཟབ་པ་སོགས་ཀྱི་རྟེན་འབྲེལ་མཚོན་པར་བྱས་ཡོད་པས། སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་བརྗོད་སྙིང་འབུར་དུ་ཐོན་འདུག
ཀ་འཕན་གྱི་ཞོལ་ནི་ཨིནྡྲ་ནི་ལའི་མདོག་ཅན་གྱི་གོས་ཆེན་གཏིང་གདན་དུ་བྱས་པ་དང་། དར་སྐུད་གསེར་མདོག་དང་། དམར་པོ། ཟིང་སྐྱ། དངུལ་མདོག སྔོན་པོ་བཅས་སྤྱད་ཅིང་། ཁབ་སྐུད་སྙོམ་ལེན་དང་གསེར་ཚོན་འདིང་བའི་ལག་རྩལ་སྤྱད་ནས་འབྲུག་གཉིས་ཀྱིས་མུ་ཏིག་རྩེད་མོར་གཡེང་བའི་རྣམ་པ་རི་མོར་ཕབ་འདུག་ལ། གསེར་སྐུད་མཉམ་སྡེབ་ཀྱི་འཚེམ་དྲུབ་ལག་རྩལ་སྤྱད་ནས་འཚེམ་དྲུབ་བྱས་པའི་འབྲུག་ཚོགས་གཉིས་སྣང་བ་དང་། འབྲུག་གི་གཟུགས་གཞི་རིང་ཞིང་འཁྱོག་པས་འཁྱོག་ཐིག་གི་མཛེས་པ་ཕྱིར་མངོན་ཡོད། འབྲུག་གི་མགོ་ཅུང་ཆུང་ལ། ཁ་གདངས་ཤིང་མིག་བགྲད་པ་དང་། མཆེ་བ་ཕྱིར་ཐོན་ཅིང་ལྕེ་བསྣར་ཡོད་ཅིང་། ལུས་སྟེང་དུ་མེ་ལྕེའི་རིས་དབྱིབས་དང་ཉ་ཁྲབ་ཀྱི་རིས་དབྱིབས་ཕབ་པས་དྲ་དབྱིབས་སུ་གྲུབ་ཡོད། འབྲུག་གི་སྡེར་མོ་ནི་སྡེར་ལྔ་ཅན་དང་། གྲུ་མོའི་འོག་ཏུ་གཤོག་སྒྲོ་ཡོད་པ། མཇུག་མ་ནར་དབྱིབས་ཡིན་པ་བཅས་སུ་བཞེངས་སྐྲུན་བྱས་འདུག བཟོ་དབྱིབས་ཀྱི་ཐད་ནས། འབྲུག་ཚོགས་གཉིས་ཕན་ཚུན་ཁ་གཏད་ནས་རིན་པོ་ཆེའི་རྩེད་མོར་གཡེང་བཞིན་ཡོད་ལ། རིན་པོ་ཆེ་དེ་ཉིད་མེ་ཕུང་ཞིག་དང་ཀུན་ནས་མཚུངས་པར་འདུག དེ་ནི་ཕལ་ཆེར་མེས་པོ་རྣམས་ཀྱིས་ཉི་མར་དད་མོས་བྱས་པའི་མངོན་རྟགས་སུ་མཐོང་། རི་མོ་སྤྱི་ལ་བལྟས་ན། མཁའ་ན་འཁྱུག་བཞིན་པའི་འབྲུག་གི་གསེབ་ཏུ་ཕ་ཝང་དང་། སྤྲིན་ཕུང་། ཕྱེ་མ་ལེབ། མེ་ཏོག་བུམ་པ་སོགས་ཀྱི་རི་མོ་སྤེལ་མར་ཡོད་པས། བརྗིད་ཉམས་རྣམ་པར་ལྡན་ཞིང་ལྟ་ན་སྡུག
དར་ལྕོག་ནི་ཀ་འཕན་གྱི་གཡས་གཡོན་དུ་སྤྲས་པའི་དཔྱང་ཐག་ལ་ཟེར་ཏེ། ཀ་འཕན་དེའི་དར་ལྕོག་ནི་མེ་ཏོག་ཚོན་མདོག་ལྗང་གུ་ཅན་དང་། དར་གོས་ཚ་ལུ་མའི་མདོག་ཅན་གྱིས་གྲུབ་ཅིང་། དར་ལྕོག་གི་སྣེ་མོར་སྔོ་མདོག་དང་ལྗང་མདོག་གི་སྙེ་མའི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་ཡོད།
ཀ་འཕན་དེའི་ངོས་སུ་གྲུབ་ཐོབ་བརྒྱད་ཀྱིས་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། འབྲུག་གཉིས་ཀྱིས་མུ་ཏིག་རྩེད་མོར་གཡེང་བ། གཙང་པོ་དང་གཡའ་བྲག་བཅས་བརྗོད་བྱར་བྱས་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་གྱི་གཅན་གཟན་སྣ་ལེབ་ཀྱི་རི་མོ་རང་ཤུགས་སུ་མཉམ་འདྲེས་བྱས་ཏེ། སོ་སོའི་དགེ་མཚན་འབུར་དུ་ཐོན་ཡོད་ལ། ཇུས་འགོད་ཞིབ་ཚགས་ལྡན་པས་རྗེས་རབས་པས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཐད་ཀྱི་འགྲོ་འོང་དང་། སྤེལ་རེས་དང་། མཉས་འདྲེས་བཅས་ལ་ཞིབ་འཇུག་བྱེད་པར་གསོན་ཉམས་ལྡན་པའི་དངོས་ཡོད་དཔེ་མཚོན་མཁོ་འདོན་བྱས་ཡོད་ཅིང་། ཀ་འཕན་དེ་སུ་ཞིག་གིས་ཇུས་འགོད་བྱས་པ་དང་། རྒྱུ་རྐྱེན་ཅི་ཞིག་གི་དབང་གིས་ཞ་ལུ་དགོན་པར་གདན་དྲངས་པ་སོགས་ཀྱི་གཏམ་རྒྱུད་ལ་ཡང་འཚོལ་ཞིབ་བྱེད་པའི་རིན་ཐང་ཆེན་པོ་ལྡན་ནོ། །