ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“ནད་བཅོས་སྲོག་སྐྱོབ་ནི་ཁོ་བོའི་མི་ཚེ་བྱ་གཞག་ཡིན།”

2021-09-09 བླ་བཀྲས་བསྒྱུར།
ཀྲང་ཡུས།
          མི་གཞན་རྣམས་ཀྱིས་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་སླེབས་པ་ན་ཚེ་མཇུག་ཇི་ལྟར་རོལ་བ་ཁོ་ནར་བསམ་བློ་གཏོང་མོད། དངོས་གྲུབ་ནི་དེ་ལྟར་མ་ཡིན། 2005ལོར་ཁོང་གིས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་བོད་སྨན་ཁང་ནས་ལས་འཁྱུར་ངལ་གསོ་བྱས་རྗེས་སུ། ལས་གནས་ལས་ཐོན་ཀྱང་ལས་ཀ་མ་བསྐྱུར་བར་ཁྱིམ་ནས་སྨན་བཅོས་ཁང་བཙུགས་ཏེ་མུ་མཐུད་དུ་ནད་བཅོས་བྱ་བའི་རྒྱུན་བསྐྱངས། 
          དངོས་གྲུབ་ལགས་ནི་1951ལོར་སྐྱེས་པ་ཡིན་པས། ཁོང་གིས་དམངས་གཙོ་བཅོས་སྒྱུར་གོང་གི་མུན་ནག་གི་ལོ་ཟླ་མིག་གིས་མཐོང་བར་མ་ཟད། འབྲོག་ཁུལ་གྱི་སྤྱི་ཚོགས་རྙིང་པའི་དཀའ་སྡུག་ཀྱང་ཉམས་སུ་མྱངས་ཡོད། སྐབས་དེར་སྨན་པའི་ལས་རིགས་འདི་ཉིད་བདམས་པར་ཁོ་ལ་ཚོར་སྣང་ཟབ་མོ་ཡོད་དེ། “ནམ་རྒྱུན་གཉེན་ཉེ་རྣམས་ནད་ཀྱིས་མནར་བའི་སྣང་ཚུལ་མཐོང་དུས། ཁྱིམ་དུ་སྨན་པ་ཞིག་ཡོད་ན་ཅི་མ་རུང་སྙམ།”   
          དེར་བརྟེན། ཤན་རྩ་རྫོང་གིས་སྨན་པའི་ལས་རིགས་ནུས་རྩལ་གསོ་སྦྱོང་རྩ་འཛུགས་བྱེད་དུས་དངོས་གྲུབ་ཀྱིས་ཆེས་ཐོག་མར་མིང་ཐོ་བཀོད། 1974ལོར་ཁོ་རང་ཤན་རྩ་རྫོང་མི་དམངས་སྨན་ཁང་དུ་སླེབས་ཏེ་དངོས་སྦྱོང་སྨན་པ་བྱས་པ་ནས་བཟུང་། རྒྱུན་དུ་ཚན་ཁག་སོ་སོའི་སྨན་པའི་གམ་དུ་ཕྱིན་ཏེ་སློབ་སྦྱོང་དང་བཀའ་འདྲི་ཞུས། 1990ལོར། ཤན་རྩ་རྫོང་བོད་སྨན་ཁང་དུ་ལས་གནས་སྤར་རྗེས་ཡང་མྱུར་དུ་སྨན་པའི་རྗེས་སུ་འབྲངས་ཏེ་བོད་ཀྱི་གསོ་རིག་ལག་ཐབས་སྦྱངས་པ་དང་། ཟབ་སྦྱོང་གི་གོ་སྐབས་གང་ཡོད་དམ་འཛིན་སྒོས་སྔ་ཕྱིར་ཏཱ་ལེན་དང་གོར་མོ་སོགས་སུ་ཕྱིན་ཏེ་དངོས་སྦྱོང་བྱས་ཤིང་། རིམ་གྱིས་ཁོང་ནད་དང་། ཕྱི་ནད། མོ་ནད། བྱིས་ནད། བོད་སྨན་སོགས་ཀྱི་གསོ་རིག་གཞུང་ལུགས་ཁོང་དུ་ཆུད་པར་མ་ཟད། ད་དུང་ནད་རིགས་འདྲ་མིན་སྣ་ཚོགས་ལ་གཞིགས་ནས་རང་རྐྱ་འཕེར་བའི་ངང་ནད་གཞིར་བརྟག་ཐུབ་པར་གྱུར། 
          1970ལོར་རྐང་རྗེན་སྨན་པ་བྱས་པ་ནས་བརྩིས་ན། དངོས་གྲུབ་ཀྱིས་དུས་རབས་ཕྱེད་ཀ་ཙམ་ལ་སྨན་བཅོས་ལས་དོན་གཉེར་ཅིང་ནད་པ་གྲངས་མེད་ཅིག་གི་ཚེ་སྲོག་བསྐྱབས། ད་ལྟ་ཁོང་ལས་གནས་ལས་ཡོལ་ཟིན་ཀྱང་སྔར་བཞིན་ནད་པ་མི་ཉུང་བ་ཞིག་ཁོང་གི་གམ་དུ་ཡོང་གི་ཡོད། 
          “སྨན་པ་དངོས་གྲུབ་ལགས། དེ་རིང་ཁོམ་གསེང་ཞིག་འདུག་གམ། ངས་མོ་ཊ་མངགས་ནས་ཁྱེད་རང་བསུ་རུ་སླེབས་འོང་།”    ད་ལོའི་ཟླ་6པའི་ཉིན་ཞིག་ལ། འབྲོག་པ་འཆི་མེད་ཚེ་རིང་གི་ཕོ་བའི་ནད་གཞི་ཡང་བསྐྱར་ལངས་ཤིང་ན་ཟུག་བཟོད་ཐབས་བྲལ་བས། སྨན་པ་དངོས་གྲུབ་ལ་སྐྱབས་ཞུའི་ཁ་པར་འབྱོར། ཁོང་གིས་དེ་མ་ཐག་སྨན་རྫས་དང་ལག་ཆ་གྲ་སྒྲིག་བྱས་ནས་ལམ་ལ་ཆས། 
          “ཁྱོད་ལ་བད་ཀན་སྨུག་པོའི་ནད་ཕོག་འདུག་པ་དང་ནད་གཞི་ཅུང་ལྕི་བས། བཟའ་བཏུང་གི་ཐད་ལ་ངེས་པར་དུ་དོ་སྣང་བྱ་དགོས།”   དེ་ལྟར་སྨན་སྟེར་ཞོར་དུ་གླེང་མོལ་ཅུང་ཙམ་ཞིག་བྱས་རྗེས་སྨན་སྒམ་ཁུར་ཏེ་ཡང་བསྐྱར་ཁྱིམ་དུ་ལོག་པའི་ལམ་དུ་ཆས། 
          དེ་ལྟར་ཉིན་ཁ་ཤས་རེའི་མཚམས་སུ་ཕྱི་ལ་ནད་བཅོས་ཐེངས་རེར་འགྲོ་དགོས། ཁོང་གི་བུ་ཀརྨས་རྩོམ་པ་པོར་འདི་ལྟར་སྨྲས་བྱུང་སྟེ། ཨ་ཕ་ལ་ཁ་པར་གཉིས་ཡོད་པར་མ་ཟད་ཆུ་ཚོད་24རིང་རྒྱུན་དུ་ཁ་ཕྱེ་ཡོད་ལ། “ལས་འཁྱུར་ངལ་གསོ་བྱས་ཚུན་ནས་ཏག་ཏག་ལོ་ངོ་14ཡི་རིང་ལ་ནད་པ་གཅིག་གིའང་རེ་བའང་སྟོང་ཟད་མ་བཏང་བར་ནམ་ཡིན་རུང་དུས་ལྟར་སླེབས་ཀྱི་ཡོད་”ཟེར། 
          དངོས་གྲུབ་ཀྱིས་རྒྱུན་པར་མོ་ཊ་བཏང་སྟེ་“སྒོ་རྩར་ནད་བཅོས་བྱེད་དུ་འགྲོ་”ཞིང་། རང་ཉིད་ཀྱིས་མོ་ཊ་བཏང་སྟེ་སོང་ན་དུས་ཡུན་ཐུང་ཐུང་གི་ནང་ལ་ནད་པ་མང་པོ་ཞིག་གི་དཀའ་ངལ་སེལ་ཐུབ་ཟེར། འབྲོག་ཁུལ་དུ་དགུན་དུས་གྲང་ངར་ཆེ་བས་མི་དར་མ་ཞིག་གིས་ཀྱང་བཟོད་དཀའ་བར་སྣང་མོད། དངོས་གྲུབ་ཀྱིས་ལོ་ན་རྒས་པའི་གཟུགས་པོ་ལ་མི་འཛེམ་པར་སྙིང་རུས་ཆེར་བསྐྱེད་ཀྱིས་ནད་བཅོས་བྱས་པས། སྨན་སྒམ་ཁུར་བའི་རྒན་པོ་ཞིག་གིས་མོ་ཊ་བཏང་སྟེ་མཐའ་ཡས་པའི་རྩྭ་ཐང་བརྒལ་ནས་བསྐྱོད་པ་དེ་ནི་མི་མང་པོ་ཞིག་གིས་རྒྱུན་དུ་མཐོང་ཐུབ་པའི་སྣང་བརྙན་རེད། 
          སྡོད་ལོང་མེད་པར་དུས་རྒྱུན་དུ་གཞི་རིམ་ལ་སྐྱོད་པའི་སྨན་པ་ཞིག་གི་ཆ་ནས། དངོས་གྲུབ་ལ་མཚོན་ན་གྲོང་ཚོའི་མི་དམངས་ཀྱི་བདེ་ཐང་གི་གནས་ཚུལ་མཐའ་དག་ནི་ལག་མཐིལ་གྱི་རི་མོ་ལྟར་གསལ་ཆ་ལྡན། སྔར་འབྲོག་ཁུལ་དུ་མང་ཚོགས་རྣམས་ཀྱིས་སྨན་བཏུངས་ནས་དྲག་སྐྱེད་ཅུང་ཙམ་བྱུང་རྗེས་མུ་མཐུད་དུ་ནད་བཅོས་མི་བྱེད་པའི་སྣང་ཚུལ་ཞིག་རྒྱུན་འབྱམས་སུ་ཡོད། དངོས་གྲུབ་ཀྱི་ཁུག་མའི་ནང་དུ་ཟིན་བྲིས་དེབ་ཅིག་ཡོད་ཅིང་། དེའི་ཐོག་ལ་ནད་པ་རེ་རེའི་ནད་གཞི་དང་སྨན་འཐུང་ཚད། བསྐྱར་བརྟག་ཐེངས་གྲངས་སོགས་བྲིས་ཡོད་པ་དང་། ནད་པ་གང་ཞིག་བསྐྱར་བརྟག་གི་དུས་ལ་སླེབས་པ་ན་ཁོང་གིས་སྔོན་ལ་བརྡ་གཏང་ངེས་པར་མ་ཟད་སྒོ་རྩར་བསྐྱོད་དེ་ཞབས་ཞུ་བྱ་བའི་གྲ་སྒྲིག་བྱེད་སྲིད། 
          “སྔར་དང་བསྡུར་ན་ད་ལྟའི་ཆ་རྐྱེན་ཧ་ཅང་བཟང་།”    དངོས་གྲུབ་ཀྱིས་དགོད་ཞོར་དུ་ན་རེ། སྔོན་ཆད་ནམ་གུང་སྒོ་རྡུང་མཁན་ཞིག་བྱུང་ཚེ་མྱུར་དུ་མལ་ལས་ལངས་ཤིང་མཚན་བརྒྱབ་སྟེ་རྟར་བཞོན་ནས་འགྲོ་དགོས། 
          ཁོང་གིས་ཕྱིར་དྲན་བྱས་པ་ལྟར་ན། 1975ལོའི་ཟླ་12པའི་མཚན་མོ་ཞིག་ལ། ཤན་རྩ་གྲོང་རྡལ་གྲོང་ཚོ་4པའི་མིང་ལ་ཚེ་རིང་དོན་གྲུབ་ཟེར་བའི་འབྲོག་པ་ཞིག་གློ་བུར་དུ་ལུས་ལ་རྔུལ་ཆུ་ཐོན་ཅིང་བཤལ་སྐྱུག་བྱུང་བས། བཟའ་མི་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་དངོས་གྲུབ་ལ་ནད་བཅོས་བྱ་རྒྱུའི་རེ་བ་ཞུས། དངོས་གྲུབ་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྨན་ཁུག་དང་ཅ་དངོས་ཁུར་ནས་རྟ་བཞོན་ཏེ་ལམ་ལ་ཆས། 
མཚན་མོའི་ཆུ་ཚོད་གསུམ་པ་དང་བཞི་པ་ཙམ་ལ་ད་གཟོད་ནད་པའི་ཁྱིམ་དུ་འབྱོར། “སྐབས་དེར་ནད་པས་ཕོ་བ་སྐྱོར་ཞིང་གདོང་ལ་ན་ཟུག་གི་ཉམས་ཤིག་མངོན་འདུག་ལ། བརྟག་དཔྱད་བྱས་རྗེས་རྒྱུ་མའི་གཉན་ཚན་གྱི་དྲག་ནད་ཕོག་ཡོད་པ་ཐག་ཆོད།”    དེ་ནས་དངོས་གྲུབ་ཀྱིས་མྱུར་དུ་ཆིང་མེ་སུའུ་སྨན་ཁབ་བརྒྱབ་པར་མ་ཟད་གཟེར་འཇགས་སྨན་འཐུང་དུ་བཅུག    ཕྱི་ཉིན་ཞོགས་པར་དངོས་གྲུབ་ཀྱིས་རྟར་བཞོན་ཅིང་ནད་པ་ཁྲིད་དེ་སྨན་ཁང་དུ་སླེབས་ནས་གཤག་བཅོས་བྱས་པ་དང་། དུས་ཡུན་རིང་ཙམ་གྱི་རྗེས་སུ་ཚེ་རིང་དོན་གྲུབ་ཕྱིར་སད་རྗེས་ཐོག་མར་བཤད་པའི་སྐད་ཆ་ནི་“གལ་ཏེ་མདང་དགོང་ཁྱེད་རང་སླེབས་མེད་ཚེ། ང་རང་འཆི་བར་ངེས་”ཞེས་པ་དེ་ཡིན། སྐབས་དེར་དངོས་གྲུབ་ཀྱང་སྔ་མོ་ནས་ངལ་ཞིང་དུབ་ནས་གཉིད་དུ་ཡུར་འདུག 
          “དེ་དུས་འགྲིམ་འགྲུལ་སྟབས་བདེ་མིན་ལ། བརྡ་འཕྲིན་ཡང་ད་ལྟ་བཞིན་དུ་མེད་པས། དེ་ལྟ་བུའི་བརྒྱུད་རིམ་ཧ་ཅང་མང་།”   དངོས་གྲུབ་ཀྱིས་དེ་སྐད་སྨྲས་ཤིང་། ལས་འཁྱུར་ངལ་གསོ་བྱས་པ་ནས་བཟུང་ཁོ་རང་ཕྱི་རུ་ནད་བཅོས་ལ་ཐེངས་ག་ཚོད་ཕྱིན་པ་མི་དྲན་ཡང་། སྔ་ཕྱིར་སྦག་སྦག་འཁོར་ལོ་གཉིས་བཞོན་ནས་ཆག་སྐྱོན་ཅན་དུ་གྱུར། ད་ལྟ་ཁོ་རང་ལོ་ན་མཐོ་ཞིང་རྐང་པའང་བདེ་པོ་མེད་པས་སྦག་སྦག་གཏོང་ཐབས་མེད་གཤིས། ཕེ་ཁཱ་རླངས་འཁོར་ཞིག་ཉོས་ནས་མུ་མཐུད་དུ་ནད་བཅོས་ལ་འགྲོ་བཞིན་ཡོད། 
          དངོས་གྲུབ་ཀྱིས་ནད་ལ་བརྟག་སྐབས་དངུལ་གྱི་མང་ཉུང་ཙམ་ལ་མི་ལྟ་སྟེ། ན་ནིང་གི་ཟླ་བདུན་པ་དང་བརྒྱད་པའི་ནང་དུ་ཤན་རྩ་རྫོང་གི་ཡིག་ཚགས་དང་ཁཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པའི་ལོ་ན་60ལྷག་ལ་སོན་པའི་སྤོ་བོ་ཞིག་རྒྱུན་དུ་ཚ་བ་རྒྱས་པ་དང་གློ་ལུ་རྒྱག་ཀྱང་སྨན་པ་སྟེན་བྱེད་ཀྱི་དངུལ་མེད་པས། ནར་འགྱངས་སུ་ལུས་ཏེ་མཐར་གློ་བའི་གཉན་ཚད་དུ་གཏན་ཁེལ་བྱུང་། ཁ་པར་འབྱོར་རྗེས་དངོས་གྲུབ་ཀྱིས་མྱུར་དུ་སྨན་སྒམ་ཁུར་ནས་ལམ་ལ་ཆས་ཤིང་། ཉིན་ཁ་ཤས་ཀྱི་རིང་ལ་སྨན་ཁབ་བརྒྱབ་པ་དང་སྨན་བསྟེན་པ་བརྒྱུད་སྤོ་བོའི་ལུས་ཕུང་རིམ་གྱིས་སླར་གསོ་བྱུང་། 
          ཁོང་གི་བཟའ་མི་ཚོས་སྨན་རིན་རྩིས་རྒྱག་སྐབས་ཁྱོན་བསྡོམས་སྒོར་100ཡང་མི་དགོས་པས། “རྫོང་སྨན་ཁང་དུ་སོང་ནའང་བརྒྱ་ཉིས་བརྒྱ་ཤིག་དགོས་ལ། སྒོ་བསྟེན་ཁང་ཆུང་ཆུང་ནི་ལྷག་ཏུ་གོང་མཐོ་སྟེ་ཕལ་ཆེར་སྒོར་500ནས་700ཙམ་དགོས་ཤ་སྟག་རེད། ཁྱོད་ཀྱི་སྨན་བཅོས་ཀྱི་རིན་གོང་འདི་འདྲའི་དམའ་མོ་ཞིག་ཡིན་དོན་ཅི་ཡིན་ནམ།”   བཟའ་མི་ཚོས་བཀའ་དྲིན་ཞུ་ཞོར་དུ་དེ་ལྟར་སེམས་ཀྱི་དོགས་གཞི་ཡང་བཤད་སོང་། 
          དངོས་གྲུབ་ལགས་དགོད་ཙམ་བྱས་ཏེ་གླེང་གཞི་གཞན་དུ་བསྒྱུར་ཐབས་བྱས། ཁོ་ན་རེ། སྐབས་རེར་དབུལ་ཕོངས་མང་ཚོགས་ལ་སྨན་བཅོས་བྱེད་སྐབས་སུ་གླ་ཆ་སྐར་མ་གང་ཡང་མི་ལེན་པར་མ་ཟད། ནམ་རྒྱུན་རོགས་རམ་གང་ཐུབ་བྱས་པ་ཡིན་ཞེས་བཤད། 
          དེ་ལྟ་བུའི་གནས་ཚུལ་ག་ཚོད་བྱུང་མྱོང་བ་སུས་ཀྱང་མི་ཤེས་ལ། དེ་ལྟ་བུའི་གནས་ཚུལ་ད་དུང་ཅི་ཙམ་འབྱུང་རྒྱུ་ཡིན་པའང་སུ་ཞིག་གིས་བཤད་ཐབས་བྲལ། ཡིན་ཡང་ཁོང་གིས་རྒྱུན་དུ་ནད་པ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཟུང་ཞིང་ནད་པ་དག་གི་འགྲོ་སོང་གྲོན་ཆུང་གི་ཕྱིར་དུ་རི་ཆུ་ལུང་གསུམ་བརྒལ་ཏེ་བསྐྱོད་པ་མང་ཚོགས་ཀྱིས་གསལ་པོར་ཤེས། ད་ལྟ་དངོས་གྲུབ་ལགས་དགུང་གྲངས་བདུན་ཅུར་སོན་ཡོད་ལ། གཟུགས་གཞི་ཡང་སྔར་དང་རྩ་བ་ནས་མི་འདྲ། ཡིན་ཡང་མང་ཚོགས་ལ་རེ་འདོད་ཅི་ཞིག་ཡོད་ཀྱང་ཁོང་གིས་ནུས་ཤུགས་ཡོད་རྒུ་འདོན་སྲིད་པ་དང་། བཟའ་མི་ཚོས་ཁོང་ལ་“ཁྱེད་རང་ལོ་ན་རྒས་པས་རང་ཉིད་ཀྱི་གཟུགས་གཞིར་འཕྲོད་བཞེས་གང་ལེགས་གནང་དགོས་”ཞེས་བསྐུལ་ཀྱང་། ཁོང་གིས་“ནད་བཅོས་སྲོག་སྐྱོབ་ནི་ཁོ་བོའི་མི་ཚེའི་བྱ་གཞག་ཡིན་”ཞེས་རྗོད་དོ། །
འབྲེལ་ཡོད་རྩོམ་ཡིག