སྐེ་ཕྲ། ལྟོ་ལྡིར། རྐང་པ་སྦོམ། ཡུ་བ་གུག་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་ཞིང་། གཡུ་རྩི་དཀར་པོ་ཡིན་པ་གང་ཞིག་དཀར་རྐྱེན་གྱི་ཁའི་དབྱིབས་ནི་བན་ཞྭ་དང་གཉིས་སུ་མ་མཆིས།
ཧྲའན་ཞི་ཞིང་ཆེན་གྱི་ཆིན་ཧྲི་ཧོང་བང་སོ་རྟེན་རྫས་བཤམས་མཛོད་ཁང་རིག་དངོས་འགྲེམས་སྟོན་ཚོམས་ཆེན་དུ་“བོད་ནོར་མིག་གི་དགའ་སྟོན། —བོད་ལྗོངས་ཀྱི་རྩ་ཆེའི་རིག་དངོས་འགྲེམས་སྟོན་”ཞེས་པའི་བྱེད་སྒོ་ཞིག་སྤེལ་ཅིང་། མིང་རྒྱལ་རབས་ཀྱི་གོང་མ་ཞོན་ཏེའི་སྐབས་ཀྱི་བན་ཞྭའི་དབྱིབས་ཀྱི་དཀར་རྐྱན་གཡུ་རྩི་དཀར་པོ་སྟེང་དུ་བོད་ཡིག་ཅན་དེས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་ཕྲོགས།
མི་རྣམས་ཀྱིས་གོམ་ཁ་གློད་ནས་ཇ་སྣོད་དེའི་གཞན་དྲིང་མི་འཇོག་པའི་མཛེས་པར་བསྔགས་བརྗོད་བྱས་ཤིང་། ལྷད་ཀྱིས་མ་གོས་པའི་གཡུ་རྩི་དཀར་པོའི་ངོས་དང་། ཁྱད་དུ་འཕགས་པའི་བཟོ་རྩལ། བཀྲ་ཤིས་སྨོན་འདུན་མཚོན་པའི་བོད་ཡིག་བཅས་ལས་དེ་སྔོན་མི་རྣམས་ཀྱིས་རྒྱུས་མངའ་དེ་ཙམ་བྱུང་མེད་པའི་ལོ་རྒྱུས་ཤིག་ཡིད་ལ་ལྷང་ལྷང་དུ་འཆར་སྲིད།
ཟུར་མིག་འཕེན་ཐེངས་གཅིག་ལས་ལོ་ངོ་སྟོང་གི་ལོ་རྒྱུས་གསལ།
གནའ་དུས་སུ་བོད་ལ་བསྐྱོད་རྒྱུ་ནི་གནམ་ལ་འཛེག་པ་བཞིན་དཀའ་ཚེགས་ཆེ་བས་ན། ལོ་རྒྱུས་རིང་པོ་ལྡན་པའི་བོད་ཀྱི་དཀར་ཡོལ་རིག་གནས་ལ་ཀུན་གྱིས་དོ་སྣང་དེ་ཙམ་བྱུང་མེད།
དུས་རབས་20པའི་ལོ་རབས་80པའི་ནང་དུ། ཞིབ་འཇུག་པས་ས་སྐྱ་དགོན་པར་མིང་རྒྱལ་རབས་ཀྱི་གོང་མ་ཞོན་ཏེའི་སྐབས་ཀྱི་དཀར་ཡོལ་སྔོ་ཁྲ་ཚོན་ལྔ་ཅན་ཉར་ཚགས་བྱས་ཡོད་ཚུལ་ཁྱབ་བསྒྲགས་བྱས་པས། བོད་དུ་ཉར་ཚགས་བྱས་ཡོད་པའི་རྒྱལ་ནོར་རིམ་པའི་དཀར་ཡོལ་དག་ལ་ད་གཟོད་ཀུན་གྱིས་དོ་སྣང་བྱུང་ཡོད།
ས་སྐྱ་དགོན་པའི་དགེ་འདུན་པ་བློ་གྲོས་ཐོགས་མེད་ལགས་ཀྱིས་ས་སྐྱ་དགོན་ནི་1073ལོར་ཕྱག་བཏབ་ཅིང་། ཉར་ཚགས་བྱས་པའི་དཀར་ཡོལ་ཁོ་ན་ཁྱོན་2000ལ་ཉེ་བ་ཡོད་གཤིས། “གངས་ལྗོངས་ཀྱི་ཏུན་ཧོང་”ཞེས་པའི་མཚན་ཐོབ་ཡོད་ཚུལ་ངོ་སྤྲོད་གནང་བྱུང་།
མིང་ཞོན་ཏེའི་སྐབས་ཀྱི་དཀར་ཡོལ་སྔོ་ཁྲ་ཚོན་ལྔ་ཅན་དང་དཀར་ཡོལ་ཞབས་རིང་ཅན་གྱི་ཐོག་ཏུ་དཀར་ཡོལ་སྔོ་ཁྲ་ཚོན་ལྔའི་པད་རྫིང་ངང་རིས་ཅན་བཀོད་ཡོད་ཅིང་། ཞབས་མཐིལ་དུ་“མིང་ཆེན་མོའི་ཞོན་ཏེའི་ལོ་ལ་བཟོས་”ཞེས་པའི་སྤྱི་ཐམ་བརྒྱབ་ཡོད་པ་དང་། དཀར་ཡོལ་གྱི་ཁའི་མཐའ་ལ་བོད་ཡིག་བྲིས་ཡོད་ལ། དེ་ནི་ད་ལྟའི་བར་དུ་རྙེད་སོན་བྱུང་བའི་བཟོ་དུས་སྔ་ཤོས་དང་། ཉར་ཚགས་ཡག་ཤོས་བྱུང་བའི་ཞོན་ཏེའི་སྐབས་ཀྱི་དཀར་ཡོལ་སྔོ་ཁྲ་ཚོན་ལྔ་ཅན་ཡིན་ཞིང་། དེའང་མིང་ཀྲུང་དབྱང་གིས་ས་སྐྱ་དགོན་པར་གནང་བའི་དངོས་རྫས་ཀྱི་དཔང་རྟགས་ཤིག་རེད།
པེ་ཅིང་གི་གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་གླིང་ཡོ་བྱད་པུའུ་རྫ་དཀར་ཚོ་ཆུང་གི་ཞིབ་འཇུག་པ་སྐུ་གཞོན་ལིའུ་ཝེ་ཡིས་རྩོམ་ཡིག་ཅིག་ཏུ་“ཕོ་བྲང་ནང་གི་གངས་ལྗོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་དཀར་ཡོལ་དག་ནི་བོད་རྒྱ་རིག་གནས་སྤེལ་རེས་ལས་ཐོན་པ་ཡིན། སྤེལ་རེས་དེའི་རིགས་ཐང་རྒྱལ་རབས་ཀྱི་དུས་ནས་བཟུང་འགོ་ཚུགས་ཤིང་ལོ་ངོ་1000ལྷག་རིང་ལ་རྒྱུན་ཆད་མྱོང་མེད་”ཅེས་བཀོད་ཡོད།
སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་དུས་རབས་15པར་མཛད་པའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ཡི་ནང་དུ་དཀར་ཡོལ་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ཅན་དུམ་བུ་ཞིག་བཀོད་ཡོད།
བོད་ཀྱི་རྒྱལ་ཐོག་36པ་བཙན་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོས་དངོས་སུ་སྲིད་སྐྱོང་བཞིན་པའི་སྐབས། རྒྱལ་པོར་སྙུང་གཞི་དྲག་པོ་ཞིག་ཐེབས་པས་བློན་ཆེན་དག་ཅི་བྱ་གཏོལ་མེད་དུ་གྱུར་བར། སྟབས་ལེགས་པ་ཞིག་ལ་ བྱ་ཞིག་གིས་ཤིང་ལོ་ཞིག་ཕོ་བྲང་གི་ཁར་ཁྱེར་ཡོང་བ་མཐོང་། རྒྱལ་པོས་དེ་ཞལ་དུ་བཞེས་པས་རོ་མཆོག་ཏུ་སྣང་ཞིང་སྙུང་གཞིར་ཕན་ཐོགས་མངོན་གསལ་བྱུང་། དེ་འཕྲལ་མི་མངགས་ནས་ཤིང་ལོ་འཚོལ་དུ་བཏང་བས་དཀར་ཡོལ་གྱི་ཡོང་ཁུངས་རྒྱ་ནག་ནས་ཡིན་པ་ཤེས་རྟོགས་བྱུང་བས། དེར་སླར་ཡང་བང་ཆེན་མངགས་ནས་དཀར་ཡོལ་འཚོལ་དུ་བཏང་མཐར་རྒྱ་ནག་རྒྱལ་པོས་ལག་རྩལ་མི་སྣ་བོད་དུ་མངགས། དུས་དེ་ནས་བཟུང་། དཀར་ཡོལ་བོད་དུ་དར་ཁྱབ་བྱུང་ཞིང་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཞང་ཐང་པོ་ཆེ་གྲོང་ཚོར་ངག་རྒྱུན་དུ་སོལ་ནག་ཐང་པོ་ཆེ་ཞེས་འབོད་སྲོལ་ཡོད། གྲོང་ཚོ་དེའི་ནང་གང་སར་སོལ་བ་ནག་པོ་སྤུངས་ནས་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན་ལ། སྐབས་དེ་དུས་ཡུལ་འདི་དཀར་ཡོལ་བཟོ་ར་ཡིན་སྐད་འདུག
བོད་ལྗོངས་འདི་ཉིད་ཡོན་རྒྱལ་རབས་ཀྱི་སྐབས་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གི་ཆབ་འོག་ཏུ་བསྡུས་རྗེས། རིག་གནས་མཉམ་འདྲེས་དང་དམངས་ཁྲོད་འགྲོ་འོང་སྔར་བས་དར་རྒྱས་བྱུང་བས་ཡོལ་དཀར་སྔོ་ཁྲ་ཅན་འབོར་ཆེན་བོད་དུ་སླེབས་ཡོད།
ཕོ་བྲང་པོ་ཏ་ལའི་ནང་ལ་ཉར་ཚགས་བྱས་པའི་ཡོན་རྒྱལ་རབས་ཀྱི་བུམ་པ་སྔོ་ཁྲ་ཁྱུང་རིས་པདྨ་ཅན་དེ་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རེད།
ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་སྐུ་གཞོན་བསོད་ནམས་དབང་ལྡན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ཅིང་ཏེ་ཀྲེན་དཀར་ཡོལ་བཟོ་རས་བོད་ལྗོངས་དང་རིག་གནས་སྤེལ་རེས་བྱེད་སྐབས་བོད་ཀྱི་སྲོལ་རྒྱུན་མཛེས་དཔྱོད་དང་སྟུན་གང་ཐུབ་བྱས་ཡོད་པས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་དང་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཡོ་བྱད་དཔེ་གསར་ཅན་ཁག་གཅིག་ཐོན་ཡོད་དེ། དཔེར་ན། ཇ་སྣོད་གདོང་མོའི་དབྱིབས་ཅན་དང་ཇ་སྣོད་བན་ཞྭའི་དབྱིབས་ཅན་སོགས་དང་། མཛེས་རིས་སུ་བཀྲ་ཤིས་རྟགས་བརྒྱད་དང་། པད་འདབ་གྲུ་བཞི་ཅན། བོད་ཡིག་དང་ལེགས་སྦྱར་གྱི་ཡི་གེ་སོགས་བཀོད་པ་མང་།
རགས་རྩིས་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་གནའ་བོའི་དཀར་ཡོལ་གྱི་བསྡོམས་འབོར་ཁྲི་ལས་བརྒལ་ཡོད་ཅིང་། དེའི་ཡོང་ཁུངས་གཙོ་བོ་ནི་ཀྲུང་དབྱང་སྲིད་གཞུང་སྐབས་རིམ་བྱུང་གིས་བོད་ཀྱི་སྐྱེས་ཆེན་བླ་མ་དང་དགོན་སྡེར་གསོལ་རས་དང་ལེགས་སྐྱེས་སུ་གནང་བའི་རིགས་དང་། བོད་ཀྱི་མཐོ་རིམ་སེར་སྐྱ་རྣམས་ཀྱིས་མངག་བཟོ་བྱས་པ་དང་རྒྱ་བོད་ས་གནས་གཉིས་ཀྱི་དམངས་ཁྲོད་ཉོ་འཚོང་ཐོན་རྫས་སོགས་ཚུད་ཡོད། དེའི་ནང་ཅིང་ཏེ་ཀྲེན་ནས་བཟོས་པའི་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་དཀར་ཡོལ་མང་ཤོས་ཡིན་ཞིང་། མང་ཆེ་བ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། དེ་བཞིན་ས་སྐྱ་དགོན་དང་བཀྲ་ཤིས་ལྷུན་པོ་སོགས་སུ་ཉར་ཚགས་བྱས་ཡོད།
བོད་སྐྱོང་མཐའ་བརྟན།
ཐང་དང་སུང་རྒྱལ་རབས་ཀྱི་སྐབས་ནས་བྱུང་ཞིང་མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་དར་རྒྱས་བྱུང་བའི་ཇ་རྟའི་གནའ་ལམ་ཐོག་ཏུ་ཇ་དང་དར་གོས་དང་དཀར་ཡོལ་སོགས་ཅ་ལག་བཀལ་བའི་བདལ་རྟ་ཚོ་ཁྱུ་བསྒྲིགས་ཤིང་། དུས་ཡུན་ལོ་གཅིག་ལྷག་གི་འགྲུལ་བཞུད་བརྒྱུད་ནས་གངས་ལྗོངས་ས་མཐོར་བསྐྱོད་ཡོད།
གནའ་ལམ་འདི་བརྒྱུད་དེ་སྤུས་ཀ་ལེགས་ཤིང་གས་ཆག་འཆོར་སླ་བའི་དཀར་ཡོལ་གྱི་ཅ་དངོས་དག་ལེ་དབར་སྟོང་གི་རི་ཀླུང་བརྒྱུད་དེ་བོད་ལྗོངས་སུ་བསྐྱོད་མྱོང་བ་ནི་མི་ཚོའི་བློ་ཡུལ་ལས་འགོངས་པ་ཞིག་རེད།
ཚད་ལྡན་གྱི་ཡིག་ཆའི་ནང་དུ་བཀོད་པ་ལྟར་ན། ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་ཁྱབ་ཁོངས་ཤིག་ཡིན་པའི་ཆ་ནས། ལྷ་སའི་སྨོན་ལམ་ཆེན་མོ་དང་། དུས་ཆེན། དགོན་སྡེ་གསར་བཞེངས་སོགས་ཀྱི་དུས་ཚིགས་གལ་ཆེན་གྱི་སྐབས་ལ་གོང་མ་ཚང་ནས་གསོལ་རས་དང་བསྙེན་བཀུར་གྱ་ནོམ་པ་གནང་གིན་ཡོད་ལ། ཅིང་ཏེ་ཀྲེན་ནས་ཐོན་པའི་དཀར་ཡོལ་ནི་གསོལ་རས་ཀྱི་རིམ་པ་མཐོ་གྲས་ཡིན། གསོལ་རས་ཐོབ་མཁན་གྱི་སྤྱི་ཚོགས་ཀྱི་གོ་གནས་ཀྱང་མཚོན་པས། “ལེགས་སྐྱེས་”རྩ་ཆེན་དུ་བརྩི།
“ལེགས་སྐྱེས་”རྩ་ཆེ་ཤོས་དག་ལ་ངེས་པར་དུ་བློ་གྲོས་རྩལ་དུ་སྤྲུགས་ནས་སྲུང་སྐྱོབ་བྱེད་དགོས།
དཀར་བུམ་ནང་དུ་ས་བླུགས་ཤིང་གྲོ་བཏབ་སྟེ་མྱུ་གུ་རྒྱས་པར་བྱས་ན་ཆག་སྐྱོན་མི་ཡོང་བར་ཕན་པ་དང་། ཡང་ན་དཀར་ཡོལ་ལ་ཆེད་དུ་སོ་མ་རཱ་ཛ་དང་། སྦ་ཤིང་། ཀོ་བ། ཟངས་ཚག བཀྲག་ཤིང་སོགས་ཀྱི་ཤུབས་བཟོས་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད། འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་ཞིབ་འཇུག་པ་སྐུ་གཞོན་ཟླ་སྒྲོན་ལགས་ཀྱིས་“བྱ་ཐབས་དེ་རིགས་ལ་བརྟེན་ནས་དཀར་ཡོལ་འབོར་ཆེན་ཞིག་ཆག་སྐྱོན་ཅི་ཡང་མེད་པར་གངས་ལྗོངས་ས་མཐོར་དབོར་ཐུབ་ཡོད་”ཅེས་གསུངས།
དུས་ཀྱི་ལོ་ཟླ་དཀར་ཡོལ་སྔོ་ཁྲའི་སྟེང་ནས་འཆར། དཀར་ཡོལ་སྔོ་ཁྲར་ལོ་རྒྱུས་རྗེས་ཤུལ་ཝ་ལེར་གསལ།
“ང་ཚོའི་འདིར་ཡ་མོན་ཞིག་ཡོད་ཅིང་། ལོ་རྒྱུས་ཐོག་ཏུ་གོང་མས་གནང་བའི་གསོལ་རས་རྣམས་ཡ་མོན་གྱིས་གོང་མའི་ཚབ་ཏུ་བསྐྱེལ་ཡོང་གི་ཡོད་ལ། གསོལ་རས་སུ་གནང་བའི་དངོས་པོ་རྣམས་དགོན་པའི་ནང་གི་རྒྱ་ནག་ལྷ་ཁང་གིས་གཅིག་གྱུར་སྒོས་དོ་དམ་བྱེད་ཀྱི་ཡོད། གསོལ་རས་དེ་དག་མང་ཆེ་བ་ནི་གསེར་ཡིག་དང་། གསེར་ཐམ། སྐུ་བརྙན། དར་གོས་སོགས་ཡིན་པར་མ་ཟད། ད་དུང་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པར་གནང་བའི་ཐང་ག་དང་མེ་ཏོག་བུམ་པ་སོགས་ཀྱང་ཡོད།”
གོང་སྨྲས་ནི་བཀྲ་ཤིས་ལྷུན་པོའི་དགུང་ལོ་80ལ་ཕེབས་པའི་དགེ་འདུན་པ་རྒན་གྲས་ཐོན་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཁོང་གི་སློབ་དཔོན་གྱི་བཀའ་མོལ་དུམ་བུ་གཅིག་དྲན་གསོ་གནང་བ་དེ་ཡིན། ཁོང་གིས་སློབ་དཔོན་གྱི་ལག་རྩལ་རྒྱུན་འཛིན་བྱས་ཏེ་དཀར་ཡོལ་ལ་ཞིབ་འཇུག་གཏིང་ཟབ་གནང་ཡོད། ཁོང་གིས་མཁྱེན་གསལ་ལྟར་ན། ཡོན་རྒྱལ་རབས་ཀྱི་སྔོན་ནས་བཟུང་། བོད་དུ་དཀར་ཡོལ་བཟོ་བའི་སོ་ཁང་ཡོད་ཅིང་། དཀར་ཡོལ་ལ“བོད་དཀར” ཞེས་འབོད་ཀྱི་ཡོད། ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ཅིང་ཏེ་ཀྲེན་གྱི་ལག་ཤེས་པ་གཞིས་ཀ་རྩེའི་ས་སྐྱའི་“བར་ཀ་”སོ་ཁང་དུ་དཀར་ཡོལ་བཟོ་བར་མཛུབ་ཁྲིད་བྱེད་པར་མངགས་མྱོང་། སྐབས་དེ་དུས་བོད་ལྗོངས་ལྷོ་ཁ་གྲ་ནང་ལའང་“གྲ་དཀར་” སོགས་ས་གནས་དེ་གའི་དཀར་ཡོལ་སོ་ཁང་ཡོད།
ཟླ་སྒྲོན་ལགས་ཀྱིས་“ལོ་རྒྱུས་ལ་བལྟས་ཚེ། ཅིང་ཏེ་ཀྲེན་གྱི་དཀར་ཡོལ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་ཀྱིས་རྒྱ་བོད་མི་རིགས་གཉིས་ཀས་ཕན་ཚུན་སློབ་སྦྱོང་བྱས་ཤིང་། མཉམ་འདྲེས་ཁྲོད་ཡར་རྒྱས་བྱུང་ནས་ཀྲུང་ཧྭའི་སྣ་མང་གཞི་གཅིག་གི་རིག་གནས་འཕེལ་རིམ་ལ་བདེན་དཔང་གཏིང་ཟབ་བྱས་ཡོད་པ་དང་། ཅིང་ཏེ་ཀྲེན་གྱི་དཀར་ཡོལ་ནི་ཤེས་དཔལ་མཉམ་འདྲེས་དང་རིག་གནས་སྤེལ་རེས་ཀྱི་རྟེན་གཞི་ཞིག་ཡིན་པར་མ་ཟད། རྒྱ་བོད་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་གྱི་བདེན་དཔང་ཡང་རེད་”ཅེས་གསུངས།
ཆུ་དང་འོ་མ་བཞིན་འདྲེས་པ།
ལྷ་སའི་གླིང་སྐོར་དུ་གནས་པའི་ཅིང་ཏེ་ཀྲེན་དཀར་ཡོལ་ཆེད་ཚོང་ཁང་ཞིག་གི་ཚོང་ཧ་ཅང་བྲིན་པོ་ཡོད་ཅིང་། སྨི་གྲུ་བཞི་མ་བརྒྱ་ཙམ་ཡོད་པའི་ཚོང་ཁང་ཧྲིལ་པོར་དཀར་ཡོལ་བསྒྲིགས་ཡོད་པས། དེ་དཀར་ཡོལ་ཉོ་བར་ཡོང་མཁན་བོད་རིགས་མང་ཚོགས་མཚམས་ཆད་ཀྱིན་མེད།
སྦྱིན་བདག་ཀྲོའུ་ཧྭ་ཡུང་ནི་ཅང་ཞི་ཅིང་ཏེ་ཀྲེན་ནས་ཡིན་པ་དང་། ད་ལོ་ལོ་ན་45ལ་སླེབས་ཤིང་། བོད་ལྗོངས་སུ་དཀར་ཡོལ་གྱི་ཚོང་བརྒྱབ་ནས་ལོ་ངོ་15ཙམ་སོང་ཡོད། དཀར་ཡོལ་གྱིས་བོད་རིགས་མང་ཚོགས་ཀྱི་སེམས་སུ་གོ་གནས་ག་འདྲ་ཞིག་ཟིན་ཡོད་ཚུལ་ཁོང་ལ་རྒྱུས་ཟབ་མོ་ཡོད། “ཇ་བསྲུབས་མ་འཐུང་བར་སྤྱོད་པའི་ཇ་ཕོར་བྲིན་ཆེ་ཞིང་། ཇ་མངར་མོ་འཐུང་བར་སྤྱོད་པའི་ཕོར་པར་སྔར་བས་དང་དོད་བྱེད་”ཅེས་བཤད།
“དཀར་ཡོལ་དཀར་གཙང་གཅིག་ལ། ། རི་མོ་བཀྲ་ཤིས་རྟགས་བརྒྱད། ། དེ་འདྲའི་དཀར་ཡོལ་འཁྲུང་བཀྱགས། ། རེ་སྨོན་འགྲུབ་ས་མ་རེད། ། ……”ཅེས་པའི་དམངས་ཁྲོད་ཀྱི་གླུ་གཞས་དེའི་ཐོག་ནས་བོད་རིགས་མང་ཚོགས་ཚོས་དཀར་ཡོལ་ལ་བཅངས་པའི་དགའ་ཞེན་མཚོན་ཡོད།
ཕོ་བྲང་པོ་ཏ་ལའི་འདབས་ཀྱི་རིག་གནས་ཐོན་རྫས་ཉམས་ཞིབ་ཁང་དུ་“པད་མ་ཕུང་ལྔ་”ཞེས་པའི་དཀར་ཡོལ་ལུགས་གསར་ཞིག་གིས་རྒྱ་བོད་མི་རིགས་དབར་གྱི་གནའ་ནས་གཅིག་རྒྱུན་གཅིག་གིས་འཛིན་པའི་ལོ་རྒྱུས་རིག་གནས་ཀྱི་རྒྱུན་བསྐྱངས་ཡོད། ཚོང་ཁང་དེའི་ལས་དོན་མི་སྣ་པ་སངས་གཡུ་སྒྲོན་ལགས་ཀྱིས་ཐོན་རྫས་དེའི་གསར་རྩོམ་བློ་སྒོ་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་ནུབ་མའི་དབུས་ཀྱི་སྟེང་ཕྱོགས་སུ་བཀལ་ཡོད་པའི་གོང་མ་ཆན་ལུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་གནང་བའི་སྒོ་བྱང་གསེར་བྲིས་མ་ལས་བྱུང་བ་ཡིན་ཚུལ་ངོ་སྤྲོད་གནང་བྱུང་། བོད་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་རིག་གནས་ཐོན་རྫས་ཉམས་ཞིབ་ཁང་གིས་འདྲ་བཟོ་བྱས་པའི་གོང་མ་ཆན་ལུང་གིས་ཉར་ཚགས་གནང་བའི་དཀར་ཡོལ་སྔོ་ཁྲའི་སྟེང་དུ་ཚེ་བསོད་སྐྱེས་འཕེལ་གྱི་རི་མོ་བཀོད་པ་ཆ་ཚང་གཅིག་ཡོད་པ་དེ་ནི་ཅིང་ཏེ་ཀྲེན་གྱི་ལག་ཤེས་པས་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་བཟོས། ཁྲོམ་རར་བཏོན་མ་ཐག་ཏུ་ཀུན་གྱིས་རྩོད་ཉོ་བྱས་ཏེ་ལྷག་མེད་དུ་གྱུར།
ཀྲོའུ་ཧྭ་ཡུང་གི་ཚོང་ཁང་ནང་གི་ཅིང་ཏེ་ཀྲེན་དཀར་ཡོལ་ནི་གཙོ་བོ་ཇ་ཕོར་དང་། ཕོར་པ། སྡེར་མ་བཅས་ཡིན་ཞིང་། ད་དུང་བུམ་པ་དང་། མཆོད་ཆས་ཀྱང་ཡོད་ལ། ཁོང་གིས་ཧི་མ་ལ་ཡ་བརྒལ་ནས་བལ་པོ་དང་རྒྱ་གར་གྱི་སྐུ་མགྲོན་ཚོར་ཚོང་ཟོག་མཁོ་འདོན་བྱེད་ཀྱི་ཡོད།
ཁོང་གིས་“ང་ནི་ཚོང་པ་ཞིག་ཡིན་ལ། དུས་རབས་གསར་པའི་རིག་གནས་ཀྱི་ཕོ་ཉ་ཞིག་ཀྱང་ཡིན། ངས་དཀར་ཡོལ་གྱི་རིག་གནས་ཁྱབ་གདལ་གཏོང་གི་ཡོད་ལ། དེ་བས་ཀྱང་ཀྲུང་ཧྭ་མི་རིགས་སུ་ཕན་ཚུན་འགྲོ་འོང་དང་། སྤེལ་རེས་དང་། མཉམ་འདྲེས་བཅས་ཐུབ་པར་བདེན་དཔང་དང་སྐུལ་འདེད་ཀྱང་བཏང་ཡོད་”ཅེས་བཤད།
གཡང་ལགས་ཀྱིས་བསྒྱུར།