ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་སྐད་གཏམ་བརྗོད་ཟློས་གར་《ཧམ་ལེ་ཀྲི།》

2021-11-17 སྔོ་ཁོ་བདེ་སྐྱིད་སྒྲོལ་མ། སྟོབས་ཚང་དཔལ་ལྡན་ཉི་མ།
ཀ +
          བོད་ཀྱི་སྒོར་བྲོའི་སྟངས་སྟབས་དང་དམངས་གླུའི་དབྱངས་སྙན་དང་འགྲོགས་ནས།   དབྱིན་ཇིའི་ཟློས་གར་གྲགས་ཅན་ཤག་སེ་ཕེར་གྱི་སྐྱོ་གར་བརྩམས་ཆོས་《ཧམ་ལེ་ཀྲི་》ཟེར་བ་དེ་ཉེ་ཆར་བོད་ཀྱི་སློབ་ཆེན་སློབ་མ་འགས་བོད་སྐད་ཀྱི་ལམ་ནས་བོད་རང་སྐྱོང་ལྗོངས་སུ་འཁྲབ་སྟོན་ཐེངས་ཤིག་བྱས་བྱུང་།   
          མི་སྟོང་ལ་ཧམ་ལེ་ཀྲི་སྟོང་ཡོད་ཟེར་བའི་དཔེ་བཞིན་དུ།   བོད་རིགས་སློབ་ཆེན་པའི་འཁྲབ་སྟོན་པ་དག་གིས་འཛམ་གླིང་ཟློས་གར་གྲགས་ཅན་འདི་ཉིད་འཛམ་གླིང་གི་ཡང་རྩེར་འབོད་པའི་བོད་ལྗོངས་སུ་ཁྱེར་ཡོང་བ་རེད།   
          ཧམ་ལེ་ཀྲིའི་མིང་དུ་གྲགས་པའི་ཆིག་ལབ་ཚིག་ཐུང་སྟེ།   གསོན་ནམ་ཡང་ན་འཆི་དགོས།   འདི་ནི་ངེས་པར་བསམ་གཞིགས་བྱེད་དགོས་པའི་གནད་དོན་ཞིག་རེད་ཅེས་པ་དེ་ཐེངས་དང་པོར་བོད་སྐད་ཀྱི་ལམ་ནས་ལྷ་སའི་ལྟད་མོ་བ་རྣམས་ཀྱི་སྙན་ལམ་དུ་དྲངས་པ་དང་།  བོད་སྐད་ཀྱི་ལམ་ནས་འཁྲབས་པས་དེ་ཉིད་ཁོ་ཚོའི་འཚོ་བ་དང་བར་ཐག་ཇེ་ཉེ་རུ་ཕྱིན་པའི་སྣང་བ་ཞིག་སྐྱེས་བྱུང་།   
          བོད་སྐད་ཀྱི་གཏམ་བརྗོད་ཟློས་གར་གསར་པ་《ཧམ་ལེ་ཀྲི་》ནི་ཧྲང་ཧེའི་ཟློས་གར་སློབ་ཆེན་འཁྲབ་སྟོན་སློབ་གླིང་གི་2017ལོའི་དངོས་གཞི་འཛིན་གྲྭའི་མཐར་ཕྱིན་སློབ་མ་22ཀྱིས་མཉམ་དུ་འཁྲབས་པ་ཞིག་རེད།  ཁོང་ཅག་སློབ་གླིང་དེའི་དངོས་གཞི་འཛིན་གྲྭའི་སློབ་མ་སྐབས་དང་པོ་ཡིན་ལ།  ད་ལོའི་དབྱར་ཀར་སློབ་གྲྭ་དེ་ནས་སློབ་མཐར་ཕྱིན་མ་ཐག་ཡིན།   
          ཀྲུང་གོའི་ཟློས་གར་པ་ཚོགས་པའི་ཀྲུའུ་ཞི་ཕུའུ་ཚུན་ཞིན་ནི་བོད་སྐད་ཀྱི་གཏམ་བརྗོད་ཟློས་གར་དེའི་འཁྲབ་ཁྲིད་པ་ཡིན་ལ།   ཁོང་ཡང་ད་ཐེངས་ལྷ་སའི་འཁྲབ་སྟོན་གྱི་ཡུལ་དངོས་སུ་ཕེབས་ཡོད།   
          ཁོང་གིས་གསུངས་རྒྱུར།   ཐེངས་འདིའི་གཏམ་བརྗོད་ཟློས་གར་《ཧམ་ལེ་ཀྲི་》ཡི་ནང་དུ་གཞས་དང་ཞབས་བྲོ་སོགས་བོད་ཀྱི་རིག་གནས་ཀྱི་ཆ་མང་པོ་འདྲེས་པར་བརྟེན།   གཏམ་བརྗོད་ཟློས་གར་འདིར་ལང་ཚོའི་གཟི་དཔལ་དེ་བས་མངོན་པར་གསལ།   བོད་ལྗོངས་ཀྱི་སློབ་མ་རྣམས་ཀྱིས་ཟློས་གར་འདི་ཉིད་ཁོ་ཚོའི་ཕ་སྐད་ཀྱི་ལམ་ནས་འཁྲབ་སྟོན་བྱེད་པར་དཀའ་ཁག་མི་ཉུང་བ་ཞིག་ཕྲད་བྱུང་།   ང་ཚོས་འདི་ཉིད་བོད་ཀྱི་རིག་གནས་དང་ཤག་སེ་ཕེར་རིག་གནས་ཀྱི་འབྲེལ་ལམ་ལེགས་པོ་ཞིག་ཏུ་འགྱུར་རྒྱུའི་རེ་བ་བཅངས་ཡོད།
          ཕུའུ་ཚུན་ཞིན་གྱིས།   གཏམ་བརྗོད་ཟློས་གར་འདིའི་ནང་དུ་བོད་ཀྱི་རིག་གནས་ཀྱི་ཆ་མང་པོ་འདྲེས་ཀྱང་ཟློས་གར་གྱི་མ་གཞིའི་མཚོན་དོན་ལ་འགྱུར་བ་གང་ཡང་བཏང་མེད།    དེ་ལས་ལྡོག་སྟེ།   དེ་དག་ལ་བརྟེན་ནས་ཟློས་གར་འདི་ཉིད་དེ་བས་ཀྱང་ངོ་མཚར་ལྡན་པ་ཞིག་ཏུ་བཏང་ཡོད་ཅེས་གསུངས།
          ཟློས་གར་འདིའི་འཁྲབ་སྟོན་པ་ནོར་བུ་བསམ་འཕེལ་གྱིས་བཤད་པ་ལྟར་ན།   བོད་འགྱུར་ཟློས་གར་འདི་ཉིད་འཁྲབ་པའི་ཉིན་དེར།   ཁོང་གི་གཉེན་ཉེ་དང་གྲོགས་པོ་ཁ་ཤས་ཀྱང་ཟློས་གར་ལ་བལྟ་བར་སླེབས།   ཁོས་རང་གི་གཉེན་ཉེ་རིང་དང་གྲོགས་པོ་རྣམ་པའི་མདུན་དུ་རང་གི་ཕ་སྐད་ཀྱི་ལམ་ནས་ཟློས་གར་འདི་འདྲ་བ་ཞིག་འཁྲབ་ཐུབ་པ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སོང་། ཁོས་ད་དུང་ང་ནི་འཁྲབ་སྟོན་པའི་ལས་རིགས་འདིར་ཧ་ཅང་དགའ་ལ།   རང་ཉིད་ཀྱི་ཕུགས་བསམ་ནི་མ་འོངས་པར་མུ་མཐུད་དུ་འཁྲབ་སྟོན་པའི་ལམ་ཁ་འདིར་ཞུགས་ཏེ་མི་སྣ་མང་པོ་ཞིག་འཁྲབ་ཐུབ་པའི་རེ་བ་ཡོད་ཟེར།   
          ཧྲང་ཧེའི་ཟློས་གར་སློབ་ཆེན་འཁྲབ་སྟོན་སློབ་གླིང་གི་དགེ་རྒན་ཆེན་པོ་གཞོན་པ་ཝང་དབྱང་ལ་མཚོན་ན།   བོད་ལྗོངས་ནི་ངོ་མཚར་ཆེ་ལ་མཛེས་སྡུག་ལྡན་པའི་ཡུལ་ཁམས་ཤིག་ཡིན།   ཁོས་བཤད་རྒྱུར།   ཤག་སེ་ཕེར་དང་བོད་ཀྱི་རིག་གནས་ཟུང་འབྲེལ་བྱས་པ་བརྒྱུད།   ང་ཚོར་དེ་རིང་གར་སྟེགས་འདིའི་སྟེང་དུ་རིག་གནས་སྣ་མང་ལས་གྲུབ་པའི་འཁྲབ་སྟོན་ཡིད་དུ་འོང་བ་ཞིག་ལ་རོལ་བའི་སྐལ་བ་བཟང་པོ་ཐོབ་བྱུང་ཟེར།   
          དོན་གྲུབ་ཚེ་རིང་ནི་ཟློས་གར་འདིའི་མི་སྣ་གཙོ་བོ་ཧམ་ལེ་ཀྲིའི་འཁྲབ་སྟོན་པ་ཡིན།   ཁོས་བཤད་རྒྱུར།   ཟློས་གར་འདི་ཉིད་ལོ་ངོ་400རིང་གི་སྔོན་དུ་དར་བ་ནས་ད་ལྟའི་བར་དུ་རྒྱུན་མ་ཆད།   ད་ཐེངས་བོད་སྐད་ཀྱི་ལམ་ནས་རང་གི་ཕ་ཡུལ་དུ་འཁྲབ་ཐུབ་པ་བྱུང་བ་ནི་མི་ཚེ་འདིའི་ནང་དུ་ཆེས་བརྗེད་པར་དཀའ་བའི་དོན་དག་ཅིག་ཏུ་འགྱུར་སྲིད་ཟེར།   ཁོས་ངོ་སྤྲོད་བྱས་པར་གཞིགས་ན།   《ཧམ་ལེ་ཀྲི་》ནི་དགྲ་ཤ་ལེན་པའི་གཏམ་རྒྱུད་ཅིག་ཡིན་ལ།   དེའི་ནང་གི་མི་སྣ་ཧམ་ལེ་ཀྲི་ནི་གཤིས་ཀ་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་པས།   རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་འཁྲབ་སྟོན་བྱེད་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན་ཞིང་།   ལྷག་པར་དུ་བོད་སྐད་ཀྱི་ལམ་ནས་འཁྲབ་རྒྱུ་ནི་དེ་བས་ཀྱང་དཀའ།   
          འཁྲབ་སྟོན་སློབ་མ་མང་ཆེ་བའི་གཅིག་མཐུན་གྱི་ལྟ་ཚུལ་ལྟར་ན།   ད་ཐེངས་གཏམ་བརྗོད་ཟློས་གར་འདིའི་བོད་འགྱུར་མའི་མི་སྣའི་ངག་ཚིག་རྣམས་ཧ་ཅང་ཡག་པོ་བསྒྱུར་འདུག་སྟེ།   བོད་འགྱུར་མས་ཤག་སེ་ཕེར་གྱི་རྩོམ་རིག་སྒྱུ་རྩལ་དེ་ཡག་ཐག་ཆོད་མཚོན་པར་བྱས་འདུག་ཟེར།   སློབ་མ་རྣམས་ཀྱིས་ཚིག་དེ་དག་ངག་སྦྱོང་གཏོང་བའི་གོ་རིམ་ཁྲོད་དུ་དཀའ་ཁག་མི་ཉུང་བ་འཕྲད་མོད།   མཇུག་མཐར་ཁོ་ཚོས་དཀའ་ངལ་མཐའ་དག་ཁྱད་དུ་བསད་དེ་ལེགས་འགྲུབ་བྱུང་སོང་།   
          《ཧམ་ལེ་ཀྲི་》བོད་འགྱུར་མའི་ལོ་ཙཱ་བ་ནི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཟློས་གར་ལོ་ཙཱ་བ་རྒན་ཉི་མ་དོན་གྲུབ་ལགས་རེད།   ཁོང་གིས་ཤག་སེ་ཕེར་གྱི་ཟློས་གར་གྱི་སྐད་ཆར་སྙན་ངག་གི་ཉམས་ཀྱིས་ཕྱུག་པས།   ལོ་ཙཱ་བྱེད་དུས་མ་ཡིག་གི་རྩོམ་ལུགས་སོར་བཞག་པའི་རྨང་གཞིའི་ཐོག་ནས་བོད་རིགས་ལྟད་མོ་བ་རྣམས་ལ་གོ་བརྡ་ལེགས་པོ་སྤྲོད་རྒྱུར་དཀའ་ཁག་ངེས་ཅན་འདུག    སྐབས་རེར་ཚིག་རེ་གཉིས་ལོ་ཙཱ་བྱེད་པར་ཡང་ཉིན་ཤས་རིང་བསམ་བློ་གཏོང་དགོས་འདུག་གསུངས།
          ཁོང་གི་བོད་འགྱུར་མའི་དུམ་མཚམས་འགའ་དཔེར་དྲངས་ན་འདི་ལྟ་སྟེ།   “སྡུག་རུས་བྱས་ནས་ལས་དབང་གི་དུག་མདའ་གཟེད་དགོས་སམ།   ཡང་ན་བློ་ཁོག་ཆེན་པོས་གྱེན་ལོག་བྱས་ཏེ་རྒྱ་མཚོའི་མཐའ་དང་མཉམ་པའི་སྡུག་བསྔལ་འདི་མཇུག་སྒྲིལ་དགོས་སམ།   བྱ་སྤྱོད་འདི་གཉིས་ལས་གང་ཞིག་ཕོ་རབ་ཀྱི་བྱེད་སྟངས་ཡིན་ནམ།   ཤི་ན།   གཉིད་ཤོར་བ་རེད།   ག་རེ་ཡིན་ནའང་ཡོད་མ་རེད།   གལ་སྲིད་ནམ་ཡང་གཉིད་ལ་ཤོར་ནས་སེམས་ནང་གི་རྨ་ཁ་ཡོད་ཚད་དང་ཤ་ཁྲག་ལུས་པོའི་ཕོག་ཐུག་ཡོད་ཚད་མེད་པར་གྱུར་ན་འདི་ནི་ང་ལ་དགོས་པའི་མཇུག་འབྲས་ཡག་ཤོས་དེ་རེད།   ཤི་ན།   གཉིད་ཤོར་པ་རེད།   ཡིན་ནའང་རྨི་ལམ་གཏོང་སྲིད་གི་རེད།   ཨིན།   གནད་འགག་ཚང་མ་འདི་ལ་ཐུག་འདུག    གལ་སྲིད་མི་ཡུལ་འདིའི་ཁྲིམས་ཆད་ཡོད་ཚད་ལས་ཐར་ནས་འཇིག་རྟེན་ཕ་རོལ་གྱི་གཉིད་མོ་ཆེ་ཉལ་བའི་དུས་ཚོད་ནང་ང་ཚོས་རྨི་ལམ་ག་རེར་བཏང་ཡོང་།    གནད་དོན་འདིར་ངས་སོམ་ཉི་དང་ཐེ་ཚོམ་བྱེད་དགོས་བྱུང་།   མི་རྣམས་ཡུན་རིང་དཀའ་སྡུག་གི་ཁྲོད།   སུས་ད་དུང་མི་ཡུལ་གྱི་ཟུར་ཟ་དང་འཕྱ་དམོད།   གཉའ་གནོན་པའི་བརྙས་བཅོས།   ཁེངས་དྲེགས་ཅན་གྱི་སྡང་མིག   བརྩེ་དུང་གི་ཡིད་ཆད་དང་དཔོན་ངན་གྱི་དབང་ཡོད་བཅས་འཁྱེར་འདོད་བྱེད།   དངོས་གནས་བྱས་ན་གྲི་ཆུང་གཅིག་གིས་མི་ཚེ་འདི་མཇུག་བསྒྲིལ་ན་འགྲིག འགན་འཁྲི་ལྕི་པོ་འདི་འདྲ་སུས་འཁུར་འདོད་བྱེད་དམ།   ཤི་ཚར་བའི་རྗེས་ལ་འཇིགས་སྣང་ག་རེ་ཡོད་དམ།   འགྲོ་བ་སུ་ཡང་ལོག་ཡོང་མྱོང་མེད་པའི་རྒྱལ་ཁམས་དེ་འཇིགས་སྣང་གང་འདྲ་ཞིག་ཡོད་དམ།   འཇིགས་སྣང་འདིས་ང་ཚོའི་སྙིང་རུས་ལ་སྦྲིད་སྨན་བཏབ་ནས་ང་ཚོ་མིག་མདུན་གྱི་སྡུག་བསྔལ་མཐའ་དག་ལ་སྡུག་རུས་བྱས་ནས་སྡོད་པ་ལས།   ལྐོག་གྱུར་གྱི་སྡུག་བསྔལ་དེ་པང་དུ་ལེན་ཕོད་པ་མ་རེད།”   
          དོན་གྲུབ་ཚེ་རིང་ཡང་འཁྲབ་སྟོན་པ་བྱེད་རྒྱུར་ཧ་ཅང་དགའ།   ཁོས་གར་སྟེགས་སྟེང་དུ་གཅིག་པུར་ལུས་སྐབས་ཀྱི་ཚོར་སྣང་དེར་དེ་བས་ཀྱང་དགའ་ཟེར།   ཁོ་ལ་མཚོན་ན།   ཟློས་གར་ནི་འཚོ་བའི་མེ་ལོང་ཞིག་དང་འདྲ་བར།   འཁྲབ་སྟོན་གྱི་གོ་རིམ་ཁྲོད་དུ་འཚོ་བའི་ཁྲོད་ཀྱི་དོན་དག་དང་གནས་ལུགས་མང་པོ་རྟོགས་ཡོང་།   
          “ངའི་རེ་བ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཟློས་གར་ཚོགས་པའི་ནང་དུ་ལས་ཀ་ཞིག་རྙེད་རྒྱུ་དེ་ཡིན།   དེ་ལྟར་བྱུང་ཚེ་མ་འོངས་པར་འཁྲབ་སྟོན་པའི་ལམ་འདི་བརྒྱུད་ནས་རང་གི་འཁྲབ་སྟོན་གྱི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ།”   
          དབྱང་ཅ་ནི་ཧྲང་ཧེའི་ཟློས་གར་སློབ་ཆེན་འཁྲབ་སྟོན་སློབ་གླིང་གི་2017ལོའི་དངོས་གཞི་འཛིན་གྲྭའི་འཛིན་གཙོ་ཡིན།   ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ནས།   སློབ་གླིང་འདིས་1949ལོ་ནས་བཟུང་བོད་རིགས་སློབ་མ་བསྡུ་འགོ་བརྩམས་པ་དང་།   ད་བར་དུ་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་སོགས་ལ་གར་སྟེགས་འཁྲབ་སྟོན་པ་100ལྷག་གསོ་སྐྱོང་བྱས།   
          དབྱང་ཅ་ན་རེ།   2017ལོར།   སློབ་གླིང་འདིས་སློབ་ཡུན་ལོ་བཞི་ཡིན་པའི་དངོས་གཞིའི་སློབ་མ་22ཐོག་མར་བསྡུས་ཤིང་།   ད་ལྟ་ཁོ་ཚོ་ཡོངས་སུ་སློབ་མཐར་ཕྱིན་ཏེ།  མང་ཆེ་བས་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ནང་དུ་ལས་ཀར་ཞུགས་རྒྱུ་ཡིན་ཟེར།
          འདི་ནི་ཧྲང་ཧེའི་ཟློས་གར་སློབ་ཆེན་གྱི་དངོས་གཞིའི་འཁྲབ་སྟོན་འཛིན་གྲྭ་དང་པོ་ཡིན་པས།   སྤྱི་ཚོགས་ཡོངས་ཀྱིས་འཛིན་གྲྭ་འདིར་དོ་སྣང་བྱེད་པོ་བྱེད་ཀྱིན་ཡོད་དེ།   འཛིན་གྲྭའི་ནང་གི་སློབ་མ་དག་ལ་སྤྱི་ཚོགས་ཐོག་གི་མི་རྣམས་ཀྱི་རོགས་རམ་དང་རྒྱབ་སྐྱོར་མི་ཉུང་བ་ཐོབ་མྱོང་ཡོད་པས།   ཁོ་ཚོས་ནམ་ཡང་བཀའ་དྲིན་སྙིང་ལ་བཅངས་ནས་སློབ་སྦྱོང་དང་འཚོ་བ་རོལ་བཞིན་ཡོད་ཅེས་མོས་མུ་མཐུད་དུ་བཤད་བྱུང་ངོ་།།   
འབྲེལ་ཡོད་རྩོམ་ཡིག