ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལྷ་ཀླུ་འདམ་རར་སྤྲོ་འཆམ་དུ་བསྐྱོད་པ།

2021-11-17 ལྷ་མོ་སྒྲོལ་མ།
ཀ +
          དཔྱིད་འགོ་ཚུགས་ནས་ཡུན་རིང་མ་སོང་བར་ཁ་བ་ཐེངས་ཁ་ཤས་བབས་རྗེས་།   སྐྱ་ཐིང་ཐིང་དུ་གནས་པའི་ནེའུ་ཆུང་རི་དང་།   དགེ་འཕེལ་དབུ་རྩེ།   སྨིན་དྲུག་རྫ་རི་སོགས་ཀྱི་རི་མགོར་དཀར་ཞིང་གཙང་བའི་ཁ་བའི་གོས་ཆེན་བཀླུབས་པས།   དེང་རབས་ཅན་གྱི་འདུ་འཛི་རྒོད་པའི་གནའ་གྲོང་འདི་ལ་སྔར་ལས་ལྷག་པའི་དྲི་མེད་དྭངས་གཙང་གི་མཁའ་རླུང་རྒྱས་ཤིང་།   མཐོ་སྒང་གི་ཁྱད་ཆོས་ལྡན་ལ་སྐམ་ཤས་ཆེ་བའི་དགུན་དུས་ཀྱིས་མི་སེམས་ལ་སྦྱིན་པའི་ཚོར་བ་དེའང་རིམ་གྱིས་འཇགས།   
          དཔྱིད་ཀྱི་ཁ་བ་མི་ཡུལ་གྱི་ཞིང་ཁམས་སུ་ལྷབ་ལྷུབ་ཏུ་འབབ་དུས།   མི་རྣམས་ཀྱིས་བྲེལ་ཟིང་གི་འཚོ་བ་དང་ལས་ཀའི་བར་གླགས་ནས་ཁོམ་ལོང་རེ་བཙལ་ཏེ།   འཚང་ཁ་ཤིག་ཤིག་ངང་རང་བྱུང་ཁམས་ཀྱིས་བསྩལ་བའི་ལེགས་སྐྱེས་ཉམས་སུ་མྱོང་བར་བསྐྱོད།   “ང་ཚོ་ཡར་ཡར་འགྲོ་དུས།   །   ཁ་བ་མར་མར་བབས་བྱུང་།   །   ཁ་བ་བབས་པས་ཡག་བྱུང་།   །   ཁ་ཤུལ་ཉི་མ་དྲོ་བྱུང་།   །” ངང་པའི་སྒྲོ་དང་མཚུངས་པའི་འདབ་དྲུག་ཁ་བ་ལྷབ་ལྷུབ་ཏུ་འབབ་ཐེངས་རེ་རེར།   སྐྱེ་བོ་མང་པོས་རང་བཞིན་དུ་ལེན་སྲིད་པའི་དམངས་གཞས་དེ་ཉིད་བདག་གི་རྣ་ལམ་དུ་བྲག་ཅ་བཞིན་འཁོར་བྱུང་།   རེད་ཨང་།   གངས་ཅན་ལྗོངས་ཀྱི་གངས་ལ་བདག་གིས་རྟག་ཏུ་གཞན་དང་མི་འདྲ་བའི་བརྩེ་བ་བཅངས་ཡོད་ལ།   སེམས་དབུས་སུ་དགའ་བ་རབ་ཏུ་འཕེལ་འོངས།   
          དྲན་གསལ་ལ་ དཔྱིད་ཟླ་གསུམ་པའི་ཟླ་དཀྱིལ་དུ།   ལྷ་སར་ཁ་བ་ཆེན་པོ་ཞིག་བབས་པས།   གྲོང་ཁྱེར་གྱི་སྤྱི་གླིང་ངམ།   ལམ་ངོགས་སམ།   ཡང་ན་གྲོང་ཁྱེར་ཉེ་འཁོར་གྱི་གྲོག་ཤུར་སོགས་གནས་གང་སར།   རྩེ་མོ་འབུས་མ་ཐག་པའི་རྒྱ་ལྕང་དང་།   སྦྱར་པ།   ཡོ་འབོག་བཅས་དང་།   ཐིའུ་རིམ་པ་བཞིན་བཏང་བའི་འོམ་བུ་དང་།   ཧའེ་ཐང་མེ་ཏོག ཁམ་བུའི་མེ་ཏོག་སོགས་གངས་དཀར་འདབ་མའི་རམ་བུའི་འོག་ཏུ་དེ་བས་སྣུམ་ཞག་དོད་པར་གྱུར།   དཔྱིད་ཀྱི་ཕོ་ཉ་དེ་དག་གིས་རྒྱ་ལམ་སྟེང་གི་འགྲུལ་པ་མི་རེ་ངོ་རེ་དང་།   འཕུར་འོངས་པའི་བྱ་བྱེའུ་ཡི་ཚོགས་སམ།   ཐག་མི་རིང་བའི་ས་ན་ད་དུང་ཡང་རྩྭ་སྐྱ་ཟ་བཞིན་པའི་ལུག་ཁྱུའི་ཚོགས་ལ་འཚམས་འདྲི་ཞུ་བཞིན་མཆིས།   
          རྒྱང་ལྟ་རེ་རེ་དང་།   རེ་སྒུག་རེ་རེའི་ཁྲོད་དུ་རི་རྩེའི་གངས་རྣམས་ག་ལེ་ག་ལེར་བཞུས་ཟིན་དུས།   དཔྱིད་དཔལ་གྱི་དྲོད་སྣང་དང་གྲང་རེག་རེས་མོས་ཀྱིས་བསྣམས་འོངས་པའི་དཔྱིད་ཀྱི་བུ་མོ་ཡང་དབྱར་གྱི་དུས་ཚིགས་སུ་གོམ་ཁ་བསྒྱུར།   དྲོད་རླུང་དལ་བུར་ལྡང་བས།   དུས་ཚིགས་ཀྱི་རུམ་ཁ་ནས་སྐྱེ་དངོས་མཐའ་དག་ལ་གཅིག་རྗེས་གཉིས་མཐུད་དུ་བཀྲག་མདངས་རྒྱས་ཤིང་།   གྲང་ངད་དང་རིམས་ནད་ཀྱིས་མནན་པའི་སེམས་ཁམས་ཀྱང་ནམ་མཁའི་སྤྲིན་ལྟར་ཡལ་བར་གྱུར།   རང་ཁྱིམ་གྱི་སྒོ་རའི་ནང་གི་ཀུ་ཤུའི་མེ་ཏོག་དང་།   ལི་ཤིའི་མེ་ཏོག་དང་།   མེ་ཏོག་ཡུས་ཅིན་ཞང་སྔ་རྗེས་སུ་བཞད་ཁ་ཕྱེ་ཞིང་།   ལོ་འདབ་སྟུག་པོས་བཏུམས་པའི་སྡོང་མགོར་དཀར་དམར་སེར་གསུམ་གྱི་རྒྱ་སེ་མེ་ཏོག་མང་པོ་ཕན་ཚུན་གཅིག་ལ་གཅིག་འགྲན་དུ་བཞད་པ་མཐོང་དུས།   བདག་གི་ཡིད་ལ་རྣམ་ཀུན་ཁོམ་དུས་སུ་ལྗོངས་རྒྱུར་རོལ་སའི་སྤྱི་གླིང་སྟེ།   ལྷ་ཀླུ་འདམ་ར་འཁོར་བྱུང་།   
          ལྷ་ཀླུ་ཞེས་པའི་མིང་གི་འབྱུང་ཁུངས་སྐོར་ལ།   བོད་རིག་པའི་མཁས་པ་ཚེ་རིང་གཡང་འཛོམས་ཀྱིས་རྩོམ་སྒྲིག་གནང་བའི་《བོད་ཀྱི་སྐུ་དྲག་ཁྱིམ་རྒྱུད་》ཅེས་པའི་ནང་དུ་ཡབ་གཞིས་ཀྱི་སྐོར་གླེངས་ཡོད་པར་མ་ཟད།   ལྷ་ཀླུ་ཁྱིམ་རྒྱུད་ཀྱི་མིང་གི་འབྱུང་ཁུངས་ཞིབ་ཕྲ་བཀོད་ཡོད་དེ།   ཁྱིམ་རྒྱུད་འདིའི་གཞིས་ཤག་གཙོ་བོ་ནི་ཕོ་བྲང་པོ་ཏ་ལའི་བྱང་འདབས་ཀྱི་སྤྱི་ལེ་2ཀྱི་མཚམས་སུ་གནས་ཡོད།   སྔོན་གྱི་དུས་སུ།   དེ་གར་ནགས་སྟུག་ཅིང་།   ཆེ་ཆུང་མི་འདྲ་བའི་རྫིང་བུ་སྐར་ཚོགས་བཀྲམ་པ་ལྟར་ཡོད་པ་དང་།   སྤང་རྩྭ་སྟུག་ཅིང་སྔོ་ལ།   ཡུལ་ལྗོངས་ཉམས་དགའ་ཞིང་ལྟ་ན་སྡུག་པས།   མི་རྣམས་ཀྱིས་“ལྷ་དང་ཀླུ་ཡི་གཞོན་ནུ་ཕོ་མོ་རྩེད་འཇོར་རོལ་སའི་དགའ་ཚལ་”ཞེས་སུ་འབོད་པ་དང་།   བསྡུས་མིང་ལ་“ལྷ་ཀླུ་དགའ་ཚལ་”ཞེས་སུ་གྲགས།   ལྷ་ས་རུ་“ལྷ་ས་ལྷ་ས་སྐྱིད་པ།   །   དེ་ལས་ལྷ་ཀླུ་སྐྱིད་པ།  ”ཞེས་པའི་གཞས་ཤིག་ཀྱང་གཏོང་སྲོལ་ཡོད་ཅིང་།   གཞས་དེ་ལས་ལྷ་ཀླུ་ནི་ད་བར་དུ་མི་རྣམས་ཡིད་སྨོན་འཆོར་སའི་མཛེས་སྡུག་གི་གནས་མཆོག་ཅིག་ཡིན་པ་ཤེས་ཐུབ།   
          དེང་གི་ཆར།   “ལྷ་སའི་གློ་བ་”ཡི་མཚན་སྙན་ལྡན་པའི་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་སྤྱི་གླིང་ནི་གནའ་གྲོང་ལྷ་སའི་ནུབ་བྱང་གི་གྲོང་འདབས་སུ་གནས་ཡོད།   ལྟེ་བའི་རྒྱ་ཁྱོན་སྤྱི་ཆིང་སྟོང་ལ་ཉེ་བ་ཟིན་པའི་འདམ་ར་དེར་རྩྭ་ཆུ་ཀུན་ནས་འཛོམས་པས།   ལོ་ཁོར་མོ་ཡུག་ཏུ་འདབ་ཆགས་དང་ཆུ་གནས་སྲོག་ཆགས་སྣ་ཚོགས་བདེ་བར་འཚོ་བཞིན་ཡོད།   སྟོན་མཇུག་ནས་ཕྱི་ལོའི་དཔྱིད་མགོ་མའི་བར་གྱི་ལོ་ཕྱེད་ཙམ་གྱི་རིང་ལ་ཕྱི་ལོགས་སུ་སྒོ་འབྱེད་མཚམས་འཇོག་པ་ཕུད།   དེ་མིན་གྱི་དུས་ལ་མི་རྣམས་ཉིན་ལྟར་གནས་དེར་སྤྲོ་གསེང་དུ་བསྐྱོད་ནས་ལྗོངས་རྒྱུར་རོལ་ཆོག 
          ད་ལྟའི་དུས་ཚིགས་འདིར།   མཛེས་སྡུག་ཡིད་དུ་འོང་བའི་ལྷ་ཀླུ་འདམ་ར་ནི་ལྗོངས་རྒྱུར་འགྲོ་ས་འཆུག་མི་རུང་བ་ཞིག་ལགས་པས།   ལས་ཐག་བཅད་རྗེས།   གྲོགས་མོ་དང་དུས་བཏབ་ནས་ལྷ་ཀླུ་འདམ་རར་འཆམ་འཆམ་དུ་སོང་བ་ཡིན།   ལྷ་ཀླུ་འདམ་རར་འཛུལ་སྒོ་བཞི་ཡོད་པ་ལས།   དབུ་རྩེ་རི་གཤམ་གྱི་བྱང་སྐོར་ལམ་ཁའི་འཛུལ་སྒོའམ།   ལྷ་ཀླུ་ཟམ་པ་དང་ཐག་མི་རིང་བའི་སར་ཡོད་པའི་ལྷོ་སྒོ་གང་ནས་འཛུལ་རུང་།   ཤིང་ལས་བཟོས་པའི་ར་སྐྱོར་ཞིག་གམ་ཡང་ན་རྡོ་གཡམ་གཅལ་དུ་བཏིང་བའི་ལམ་ཕྲན་བརྒྱུད་ནས་ཁྱེད་ཉིད་གང་དེའི་ལྟེ་བར་བསྐྱོད་ཆོག 
          མཐོ་ནམ་མཁའི་མཐོངས་སུ་སྤྲིན་དཀར་ཚོམ་བུ་དང་ཚོམ་བུར་འབྲེལ་བ་དང་།   ཕྱོགས་བཞིར་ས་འཛིན་གྱི་ཚོགས་རྣམས་མུ་ལ་མུ་ཁྱུད་དུ་འབྲེལ།   ཉེ་བའི་སར་འདམ་རྩྭ་ཡུག་དང་ཡུག་འབྲེལ་ཞིང་།   རྫིང་བུ་དང་རྫིང་བུ་ཡང་གཅིག་ལ་གཅིག་སྦྲེལ་དུ་ཆགས་འདུག སྔོ་ལྗང་གི་རླབས་རིས་འདྲེན་བྱེད་ཀྱི་ལམ་དུ་འཆར་དུས།   རང་ཉིད་ཀྱང་འཇག་རྩྭ་ཞིག་ཏུ་གྱུར་ནས་དུས་ཀྱི་འཁོར་ལོའི་དམའ་ས་ཞིག་ཏུ་སྐྱི་བསེར་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཅི་དགར་གཡོ་བའི་ཉམས་སྣང་འཆར།   ཉེ་འཁོར་དུ་སྐད་དང་སྒྲ་གང་ཡང་མེད་པར་འཇམ་ཐིང་ངེར་གནས།   དབེན་འཇམ་དེས་རྩྭ་ལོ་རླུང་བུས་གཡོ་བའི་སྒྲ་དང་།   བྱེའུ་ཆུང་གིས་མཁའ་རླུང་ཁྲོད་གཤོག་ཟུང་སྒྱུར་བའི་སྒྲ།   ཉི་འོད་དང་རྒྱུག་ཆུ་གཞི་གཅིག་ཏུ་འདྲེས་པའི་སྒྲ་རླབས་བཅས་ཐོས་ཐུབ་ཅིང་།   སྐད་སྒྲ་དེ་དག་ནི་འཇམ་ཐིང་ཐིང་ཤ་སྟག་ཡིན་པས།   རང་ལུས་དུས་ཀྱི་ཕ་རོལ་དུ་ཆགས་པའི་གསང་བའི་གནས་མཆོག་ཅིག་ཏུ་འཕོས་པ་དང་གཉིས་སུ་མ་མཆིས།   ཟབ་སར་སྐྱོད་སྐབས་སུ་སྐྱེ་དངོས་རེ་རེ་ལས་ཕྱུང་པའི་དབུགས་རྒྱུན་ལ་ཉི་འོད་ལས་བསྐྱེད་པ་མ་ཡིན་པའི་འོད་མདངས་འཕྲོས་འོངས་ཤིང་།   འོད་མདངས་འདི་ནི་དབྱར་གྱི་མཚན་དགུང་དུ་བབས་པའི་སྦྲང་ཆར་གྱིས་བདག་གི་ཚེ་སྨད་ཀྱི་སྟོང་ཆ་གོ་མེད་ཚོར་མེད་དུ་བསྐངས་པ་དང་ཉེ་བར་མཚུངས།   ལྗང་རྩྭ་རྙིད་ནས་རྩྭ་སྐྱར་གྱུར་པའི་གོ་རིམ་ཁྲོད་ཀྱི་བཟོད་སྒོམ་དང་།   སྤྲིན་དཀར་ཚོམ་བུ་དྭངས་གཙང་གི་ཆུ་ཕྲན་བརྒྱུད་ནས་འཕྱོ་བའི་ལྷིང་འཇགས།            བསིལ་རླུང་འདམ་རྩྭའི་ཁྲོད་དུ་རྒྱུ་བའི་དབེན་འཇམ།   ད་དུང་ཆུ་ཁར་གཡེངས་པའི་བྱ་བྱེའུ་ཡི་ཚོགས་དང་།   རྩྭ་གསེབ་ཏུ་འཕུར་བའི་འབུ་སྲིན།   དམའ་སར་ཆགས་པའི་གྲོག་ཚང་ལས་ཡར་འཛུལ་མར་འཛུལ་བྱེད་པའི་གྲོག་མ་སོགས།   སྒྲོན་མེ་ཆུང་ཆུང་འདི་དག་ཚང་མས་བདག་གི་མདུན་ཕྱོགས་ཀྱི་ཐལ་རྡུལ་དང་ལྟག་རྒྱབ་ཀྱི་གཡང་གཟར་གསལ་བས།   རང་ཉིད་སྔར་བཞིན་སྙིང་སྟོབས་ཀྱི་གོ་ཆ་སྤྲས་ཤིང་དུང་བ་ཟབ་མོས་མི་ཡུལ་དུ་འཚོ་ཆོག 
          ལྷ་ཀླུ་འདམ་རར་ཐེངས་དང་པོར་སྐྱོད་མཁན་ཞིག་ཡིན་ཚེ།   སྣང་འཇོག་བྱས་ན་གང་དེར་དེ་བས་ཟབ་པའི་རྒྱུས་མངའ་འབྱུང་སྲིད།   ར་སྐྱོར་གྱི་ཟུར་དུ་བཙུགས་པའི་ཤིང་བྱང་ངོས་སུ་རྒྱ་བོད་དབྱིན་གསུམ་གྱི་ཡི་གེའི་ལམ་ནས་ང་ཚོར་ལྷ་ཀླུ་འདམ་རའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་འདུག ཤིང་བྱང་ངོས་ཀྱི་ངོ་སྤྲོད་དུ་འདི་ལྟར་འཁོད་ཡོད་དེ།   ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འདམ་རའི་རྩི་ཤིང་རིགས་སྣ་ཚོགས་ཡོད་པས།   དེ་ནི་མཚོ་བོད་མཐོ་སྒང་གི་གྲོང་ཁྱེར་ནང་དུ་གནས་པའི་རྙེད་དཀའ་བའི་དངོས་རིགས་གཞི་རྒྱུའི་བང་མཛོད་གལ་ཆེན་ཞིག་ཡིན།   འདམ་རའི་ནང་ད་ཡོད་མཐོ་རིམ་གྱི་རྩི་ཤིང་ཚན་ཁག་37དང་།   ཁོངས་140དང་།   རིགས་332ཙམ་ཡོད་པ་དང་།   རི་སྐྱེས་རྩི་ཤིང་གཙོ་བོ་འདམ་རྩྭའི་སྡེ་དང་གླ་སྒང་སྡེའི་རྩི་ཤིང་ཡིན་པ་དང་།   ད་དུང་རྩྭ་རིགས་སྐྱེ་དངོས་21ཡོད།   འདམ་རའི་ནང་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ།   རྒྱལ་ཁབ་རིམ་པའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་བྱ་རྒོད་དང་།   བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་ཀྱི་རི་སྐྱེས་སྲོག་ཆགས་ངུར་བ་སོགས་ཡོད།   
          ལོ་ལྟར་དགུན་ཟླ་བཅུ་གཅིག་པའི་ནང་ནས་ལོ་རྗེས་མའི་དབྱར་ཟླ་བཞི་པའི་བར་དུས་བྱ་མང་པོ་འདམ་རར་དགུན་དུས་སྐྱེལ་བར་ཡོང་གི་ཡོད་པ་སྟེ།   དཔེར་ན།   འཇོལ་མོ་དང་།   ཅོ་ཀ  ངུར་པ།   བྱ་ལོང་།   ཁྲུང་ཁྲུང་མགོ་ཁྲ།   རྒོད།   སྐྱར་མོ་རྐང་རིང་།   ཁྲུང་ཁྲུང་སྐེ་ནག་སོགས་ཧ་ལམ་བྱ་བྱིའུ་5000ལྷག་ཙམ་ཟིན་གྱི་ཡོད།   ལོ་འཁོར་མོར་འདམ་རའི་ནང་འཚོ་སྡོད་བྱེད་པའི་འདབ་ཆགས་རིགས་43དང་།   ཆུ་གནས་སྲོག་ཆགས་རིགས་142ཙམ་དང་།   འབུ་སྲིན་རིགས་101བཅས་ཡོད།   
          དེས་མི་ཚད་ར་སྐྱོར་གྱི་མཚམས་མཚམས་སུ་སྲོག་ཆགས་རིགས་ཀྱི་པར་རིས་དང་དེའི་ངོ་སྤྲོད་བཀོད་ཡོད་པས།   ང་ཚོས་མཛེས་ལྗོངས་ཉམས་སུ་མྱོང་བ་དང་ཆབས་ཅིག   དེ་སྔོན་རྩ་བ་ནས་མཐོང་མྱོང་མེད་པའི་སྲོག་ཆགས་དེ་དག་ལ་རྒྱུས་ལོན་བྱེད་ཆོག དཔེར་ན།   བྲག་བྱ་ནི་རྒྱུན་དུ་མཐོང་བའི་མཐོ་སྒང་གི་བྱེའུ་རིགས་ཤིག་ཡིན་ལ།   དེའི་གཟུགས་པོ་ལ་ལི་སྨི་13ནས་16ཙམ་ཡོད་ཅིང་།   སྡོང་ཐུང་ཐར་ཐོར་དུ་སྐྱེས་པའི་བྲག་གསེབ་དང་མཐོ་སྒང་གི་རྩྭ་ཐང་དུ་འཚོ་སྡོད་བྱེད་པར་དགའ།   ལྷ་ཀླུ་འདམ་རར་བྲག་བྱ་མཐོང་བ་ནི་མྱོང་བ་གསར་པ་ཞིག་ཡིན་ཞིང་།   བདག་ལྟ་བུ་དུས་ཚོད་ཕལ་མོ་ཆེ་གྲོང་ཁྱེར་ནང་དུ་ཟད་ཅིང་།   གོ་མེད་ཚོར་མེད་ངང་ནས་ཆོ་མེད་ཀྱི་འཚོ་བ་རོལ་བའི་མི་ལ་གློ་བུར་དུ་སྨྲ་བསམ་བརྗོད་འདས་ཀྱི་དགའ་སྣང་དང་བློ་ཡིད་ཚིམ་པའི་ཚོར་སྣང་སྦྱིན་འོང།   
          ཡ་མཚན་གྱི་བསམ་པས་ཀུན་ནས་བསླངས་ཏེ།   བདག་དང་གྲོགས་མོ་ར་སྐྱོར་དང་ཁ་བྲལ་ནས་འཇག་རྩྭའི་དཀྱིལ་དུ་འགྲོ་རྩིས་བྱེད་སྐབས།   རྒྱབ་ཕྱོགས་ནས་ལམ་སེང་བཀག་འགོག་གི་སྐད་སྒྲ་ཐོས་བྱུང་།   ངེད་གཉིས་དེ་མ་ཐག་ཁ་ཕྱིར་འཁོར་ནས་སྐད་སྒྲ་གྲགས་སའི་ཕྱོགས་སུ་ལྟ་སྐབས།   ཐག་མི་རིང་བའི་སར་སྟོད་གོས་ལི་ཁྲིའི་མདོག་ཅན་གྱོན་པའི་སྐོར་སྲུང་བ་གཉིས་ཀྱིས་ངེད་གཉིས་ཀྱི་ཕྱོགས་སུ་ལྟ་བཞིན་ཡོད་པ་མཐོང་།   ངེད་གཉིས་ཉེ་སར་བཅར་ནས་ཁོ་གཉིས་ལ་དགོངས་དག་ཞུས་པ་དང་སྦྲགས་རྒྱུ་མཚན་སྐད་ཆ་དྲིས།   ལོ་50ལྷག་ཙམ་ལ་སོན་པའི་ལས་བཟོ་པ་ཞིག་གིས་ང་ཚོར།   འདམ་རར་གང་བྱུང་དུ་རྡོག་རྫི་གཏོང་མི་རུང་།   འདམ་རའི་ཕྱོགས་གང་སར་འདམ་གཞོང་མང་བས།   སྣང་མེད་ཏོག་ཙམ་ཤོར་ན་བློ་ཡུལ་ལས་འདས་པའི་ཉེན་ཁ་དང་དོན་རྐྱེན་འབྱུང་སྲིད་ཅེས་འགྲེལ་བཤད་བརྒྱབ་བྱུང་།   ཁོང་གི་འགྲེལ་བཤད་ལ་ཉན་རྗེས་སུ།   ངས་གད་མོ་དགོད་བཞིན་དུ་ད་བྱེད་དུས་ཁྱེད་ཚོས་ནན་པོ་དེ་འདྲ་སྲུང་བར་ཁག་མི་འདུག་ཅེས་བརྗོད།   ཁོང་གིས་འདི་གར་ཁྱོན་ལས་དོན་མི་སྣ་54ཡོད་ཅིང་།   ཚོགས་ཆུང་འགའ་རུ་བགོས་ནས་རེས་མོས་སུ་སྐོར་སྲུང་བྱེད་ཀྱི་ཡོད་ཅེས་བརྗོད།   གླེང་མོལ་ཐུང་ཐུང་ཞིག་བྱས་རྗེས།   ང་ཚོ་ཕན་ཚུན་ལ་གྱེས་བརྡ་བཏང་ནས་མུ་མཐུད་དུ་རང་རང་སོ་སོའི་ལམ་དུ་བསྐྱོད།   
          “ལྷ་ས་མ་ཆགས་ལྷ་ས་ཆགས།   །   ལྷ་ས་རྒྱ་མཚོའི་སྟེང་ལ་ཆགས།   །”  དེང་གི་ཆར་གནའ་གྲོང་ལྷ་སར་སྔར་བཞིན་ཉིན་ལྟར་འཕོ་འགྱུར་འགྲོ་བཞིན་མཆིས་ལ།   གྲོང་ཁྱེར་གྱི་འཕེལ་རྒྱས་ལམ་བུ་ཡང་སྔར་བཞིན་ཟམ་མི་འཆད་པར་རྒྱ་སྐྱེད་བཞིན་ཡོད།   དགའ་འོས་པ་ཞིག་ལ་ལྷ་ཀླུ་འདམ་ར་འདི་ནི་གྲོང་ཁྱེར་གྱི་མཁའ་རླུང་སྙོམས་སྒྲིག་བྱེད་པའི་འཕྲུལ་ཆས་ལྟ་བུ་དང་།   མི་རྣམས་ཀྱིས་སྐྱེ་དངོས་སྣ་ཚོགས་ཤེས་རྟོགས་བྱེད་པའི་མེ་ལོང་དུ་གྱུར་ཞིང་།   ལྷ་ཀླུ་འདམ་ར་བརྒྱུད་ནས་མི་དང་རང་བྱུང་ཁམས་ཕན་ཚུན་དབར་ལ་མྱོང་རྟོགས་བྱས་པ་ལས།   མིའི་རིགས་ཆགས་ས་རྟེན་སའི་རང་བྱུང་ཁམས་ཙམ་མ་ཟད་ཐ་ན་འཇིག་རྟེན་ཁམས་ལའང་ཐོག་མཐའ་བར་གསུམ་དུ་སྙིང་ཉེ་ཞིང་གུས་ཞབས་ཀྱི་བསམ་པ་ཞིག་བསྐྱེད་ཐུབ།   
          ངེད་གཉིས་ཆུ་མིག་ལམ་དུ་གནས་པའི་སྒོ་ཆུང་ནས་ཕྱིར་ཐོན་དུས་ས་སྲོས་སུ་བསླེབས།   གློ་བུར་དུ་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་གླུ་སྐད་ཅིག་ལྗོན་ཤིང་གི་གསེབ་ནས་གསལ་ལ་མི་གསལ་དུ་གྲགས་འོངས།   གྲོགས་མོས་ཉེ་འགྲམ་གྱི་ཐང་ཆེན་དུ་མི་རྣམས་ཀྱིས་སྒོར་བྲོ་འཁྲབ་ཀྱིན་ཡོད་པ་གཏན་ཁེལ་རེད་ཅེས་ཟེར།   གྲོགས་མོས་བཤད་པ་ལྟར།   རྡོ་གཡམ་གཅལ་དུ་བཏིང་བའི་ཐང་ཆུང་ཆུང་དེ་ཉིད་སྔ་ས་ནས་མི་ཡིས་ཁེངས་ཟིན།   སྒོར་བྲོ་འཁྲབ་མཁན་མི་ཚོགས་ནང་རོལ་གྱི་སྐོར་ཆུང་དེའི་ནང་ན་ཁམས་ཆས་སྤྲས་པའི་ཁམས་མོ་ཁ་ཤས་ཡོད་པ་དེ་དག་གིས་འཁྲབ་པའི་ཞབས་བྲོ་ཉམས་འགྱུར་དོད་ལ་ཡིད་དབང་འཕྲོག་པ་ཞིག་འདུག ཕྱི་ལོགས་སུ་བསྐོར་པའི་མི་རྣམས་ཀྱིས་མ་བགྲོས་རང་མཐུན་དུ་མིག་མདངས་ཁོ་ཚོའི་ཕྱོགས་སུ་འཕེན་བཞིན་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཞབས་བྲོ་འཁྲབ་བཞིན་འདུག    ད་དུང་རྒན་རྒོན་དང་བྱིས་པའི་ཚོགས་འགའ་ཞིག་རྡོ་སྐས་སྟེང་དུ་བསྡད་ནས་རྩྭ་ཐང་ནས་དར་བའི་ཞབས་བྲོ་དེར་ལྟད་མོ་ལྟ་བཞིན་མཆིས།   མཚམས་དེར།   གཅིག་བྱས་ན་གནམ་མཐའི་མཚམས་སྤྲིན་ཁོ་ཚོའི་བཞིན་ལ་འཕྲོས་པ་ཡིན་སྲིད་ལ།   གཅིག་བྱས་ན་བདེ་སྐྱིད་འཚོ་བས་ཁོ་ཚོའི་མ་འོངས་པའི་ལམ་བུ་གསལ་བ་ཡིན་སྲིད།   གང་ལྟར་ཚང་མའི་བཞིན་ལ་དགའ་སྐྱིད་ཀྱི་འོད་མདངས་འཁྱིལ་འདུག་ཅིང་།   འོད་མདངས་དེ་དག་ནི་དབྱར་གྱི་མཚན་མོའི་རླུང་བུ་ལྟར་འཇམ་ཞིང་མཉེན་ལ།   ལུང་ཤུར་ནང་གི་རི་སྐྱེས་མེ་ཏོག་བཞིན་བབ་ཆགས་པ་ཞིག་འདུག་གོ །   
ལྕང་བུ་ཆུང་གིས་བསྒྱུར།
འབྲེལ་ཡོད་རྩོམ་ཡིག