བོད་ཀྱི་རི་ཆེན་བདུན་གྱི་ཡ་གྱལ་དང་། མདོ་སྟོད་ཁུལ་གྱི་རྩ་ཆེའི་གནས་རི་ཡིན་པའི་སྤུ་རྒྱལ་གངས་རིའམ་སྤུ་རྒྱལ་གནས་རི་ནི། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་སྦྲ་ཆེན་རྫོང་དང་། སོག་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་སྟེང་ཆེན་རྫོང་བཅས་རྫོང་གསུམ་གྱི་ས་འབྲེལ་མཚམས་སུ་གནས་ཡོད་པ་དང་། གནའ་དུས་ནས་བོད་ཀྱི་བན་བོན་གཉིས་ཀས་དེར་གསོལ་མཆོད་བྱེད་སྲོལ་ཡོད་ཅིང་། ལྷག་པར་དུ་བོན་ལུགས་པ་རྣམས་ཀྱིས་རི་བོ་དེ་ནི་བོན་ཆོས་སྲོལ་གཏོད་མཛད་པ་པོ་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་ངོ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་རི་བླ་ན་མེད་པ་ཞིག་ཡིན་པར་བརྩིས་ཏེ། གནའ་བོའི་གསོལ་མཆོད་བྱེད་པའི་སྲོལ་རྒྱུན་དེ་ད་ལྟའང་མུ་མཐུད་རྒྱུན་འཛིན་བྱས་དང་བྱེད་མུས་ཡིན་འདུག
གངས་རི་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་6328ཡོད་ཅིང་། ཤར་ལྷོ་ནུབ་བྱང་གང་ནས་མཇལ་ཡང་དབུ་རྩེའི་གངས་དཀར་ནི་དགུང་ལ་སྙེག་པའི་ཤེལ་དཀར་གྱི་མཆོད་རྟེན་ཞིག་དང་འདྲ། ཕྱོགས་ཚང་མར་འཁྱགས་རོམ་རིང་མོ་དར་དཀར་བརྐྱངས་འདྲས་མཛེས་པར་བརྒྱན་ཡོད་ལ། གང་སར་གཡུ་ཡི་མེ་ལོང་ལྟ་བུའི་མཚོ་དང་མཚེའུ་མང་པོས་བསྐོར་ཡོད་པས། མཐོང་བ་ཙམ་གྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་མཛེས་ལྗོངས་བརྗིད་ཆགས་ལྟ་ན་སྡུག་པ་ཞིག་འདུག ཕྱོགས་བཞིའི་རི་འདབས་སུ་སྤང་ལྗོངས་དང་ཤིང་ཕྲན་སོགས་སྔོ་ཁེབས་ཀྱིས་མཛེས་པར་བཀླུབས་ཤིང་། དེ་དག་གི་ཁྲོད་དུ་གནའ་བ་དང་། གླ་བ། གོང་མོ། ཁྲུང་ཁྲུང་། ངང་པ། གསའ། གཟིག དྲེད་མོང་ལ་སོགས་རི་སྐྱེས་སྲོག་ཆགས་ཅི་དགར་འཚོ་གནས་བྱེད་བཞིན་ཡོད། ད་དུང་སྤང་ལྗོངས་དང་ཤིང་ཕྲན་དག་གི་ཁྲོད་དུ་དབྱར་རྩྭ་དགུན་འབུ་དང་། སྙི་བ། སྲོ་ལོ་དམར་པོ་སོགས་སྨན་རྩྭ་ཡང་མང་པོ་ཡོད།
ལོ་ངོ་སྟོང་ཕྲག་དུ་མའི་རིང་། མི་རྣམས་ཀྱིས་གནས་རི་དེར་དད་གུས་དང་། གསོལ་མཆོད། སྲུང་སྐྱོབ་ཞུ་བཞིན་ཡོད་ཅིང་། དེར་གནས་སྲོག་ཆགས་དང་སྐྱེ་དངོས་དག་རང་ཉིད་ཀྱི་དཔྲལ་བའི་མིག་ལྟར་གཅེས་འཛིན་བྱེད་བཞིན་ཡོད་པས། གནས་དེ་ནི་རི་ཀླུང་ཁོར་ཡུག་དང་སྐྱེ་དངོས་སྲོག་ཆགས་བཅས་ཞི་མཐུན་མཉམ་གནས་ཡིན་པའི་གནས་མཆོག་ཅིག་ཏུའང་མངོན།
2021ལོའི་སྤྱི་ཟླ་7པའི་ཟླ་སྟོད་དུ། ང་དང་དེ་སྔ་ནག་ཆུ་གྲོང་ཁྱེར་རིག་གནས་ཅུས་སུ་ཕྱག་ལས་ལོ་མང་གནང་མྱོང་ཡོད་པའི་གྲོགས་པོ་ཚེ་དབང་རྒྱལ་མཚན་སོགས་མི་ལྔ་སྔོན་ཚུད་ནས་གྲོས་མོལ་བྱས་པ་བཞིན། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཡག་ང་གྲོང་རྡལ་རོང་འགག་གྲོང་ཚོར་སྤུ་རྒྱལ་གངས་རིར་གསོལ་མཆོད་བྱེད་པའི་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་དང་པར་ལེན་པར་བསྐྱོད་པ་ཡིན། ཚེ་དབང་རྒྱ་མཚན་ནི་རོང་འགག་གྲོང་ཚོར་རྒྱུས་ཆེན་པོ་ཡོད་པར་མ་ཟད། དེའི་དམངས་སྲོལ་རིག་གནས་ལའང་དོ་སྣང་ཆེན་པོ་ཡོད་མཁན་ཞིག་རེད།
ལོ་ལྟར་བོད་ཟླ་6པའི་ཚེས་15ཉིན་ནི་རོང་འགག་གྲོང་ཚོས་སྤུ་རྒྱལ་གངས་རིར་གསོལ་མཆོད་བྱེད་པའི་དུས་ཚོད་ཡིན་པས། ང་ཚོ་དེའི་སྔ་ནུབ་ཏུ་ཡག་ང་གྲོང་རྡལ་དུ་ཕྱིན་ནས་ཞག་སྡོད་བྱས་ཤིང་། ཞོགས་པའི་ཆུ་ཚོད་དགུ་པ་ཙམ་ལ་གྲོང་ཚོ་དེར་འབྱོར། གྲོང་ཚོར་འབྱོར་བ་དང་གྲོང་ཚོའི་ནང་གི་མི་མང་པོས་ཚེ་དབང་རྒྱལ་མཚན་ངོ་ཤེས་ཏེ། ཡུན་རིང་མ་ཕྲད་པའི་གཉེན་ཉེར་ཕྲད་པ་ལྟར་ཁོང་ལ་དགའ་ཚོར་ཆེན་པོས་ཁམས་འདྲི་དང་ཁ་བརྡ་མང་པོ་བྱས་སོང་། དེའི་ཐོག་ནས་དེ་གའི་ཡུལ་མི་རྣམས་ནི་གཞུང་དྲང་གཤིས་བཟང་ཡིན་པར་མངོན། གྲོང་ཚོ་དེ་ནི་སྤུ་རྒྱལ་གངས་རིའི་ལྷོ་ངོས་སུ་ཆགས་འདུག་ཅིང་། གྲོང་ཚོ་ནས་སྤུ་རྒྱལ་གངས་རིར་གསོལ་མཆོད་བྱེད་པའི་མགོ་ཚུགས་མཛད་སྒོ་སྤེལ་ཡུལ་བར་ལམ་ཐག་སྤྱི་ལེ་བཞི་ལྔ་ཙམ་དང་། གཙོ་གནད་བྱེད་སྒོ་སྤེལ་ཡུལ་བར་ལམ་ཐག་སྤྱི་ལེ་བཅུ་ཙམ་ཡོད་ལ་རླངས་འཁོར་འགྲོ་ལམ་མེད་པས། ང་ཚོ་རྐང་ཐང་དུ་འགྲོ་རྒྱུ་བྱས་ཏེ་པར་ཆས་ལ་སོགས་ཡོ་བྱད་རྣམས་ཁུར་ནས་ལམ་ལ་ཆས་རྩིས་བྱེད་སྐབས། གྲོང་ཚོ་དེའི་གྲོང་དཔོན་གྱིས་ཁྱེད་ཚོ་རྐང་ཐང་ལ་ཕྱིན་ན་གྱེན་ལམ་ཤ་སྟག་ཡིན་པས་དུས་ཚོད་རིང་པོ་འགོར་ངེས་རེད་ལ་ཧ་ཅང་དཀའ་ལས་ཁག་པོ་ཡོང་བས། ང་ཚོས་འཕྲུལ་རྟ་བཀོད་སྒྲིག་བྱས་ཆོག་ཅེས་བཤད་དེ། འཕྲལ་དུ་ང་ཚོ་མི་རེ་རེ་བཞིན་དུ་གྲོང་ཚོའི་ནང་གི་འཕྲུལ་རྟ་གཏོང་མཁན་ཕོ་གཞོན་རེ་ལ་རྩིས་སྤྲད་དེ། ཁྱེད་ཚོས་ཁོང་རྣམས་བདེ་འཇགས་ངང་བྱེད་སྒོ་སྤེལ་ཡུལ་ཏེ་མཚོ་གྲིབ་འོག་མའི་སྤང་ཐང་ལ་སྐྱོལ་རོགས་ཞེས་མངགས་བཅོལ་ནན་པོ་བྱས་སོང་། དེ་ནས་ང་ཚོས་འཕྲུལ་རྟ་བཞོན་ནས་ཕྱིན་པ་ན་དུས་ཚོད་སྐར་མ་འགའ་ལས་མ་འགོར་བར་བྱེད་སྒོའི་མགོ་ཚུགས་མཛད་སྒོ་སྤེལ་ཡུལ་ཏེ་མཚོ་གྲིབ་འོག་མའི་སྤང་ཐང་དུ་བདེ་བླག་ངང་འབྱོར་སོང་།
མཚོ་གྲིབ་འོག་མའི་སྤང་ཐང་ནི་ཡུལ་ལྗོངས་མཛེས་ལ་རྩྭ་ཆུ་འཛོམས་པ་དང་། མེ་ཏོག་སྣ་ཚོགས་རྣམ་པར་བཞད་དེ་གོམ་པ་ཡང་སྤོ་མི་ཕོད་པ་ཞིག་ཏུ་མཐོང་ཞིང་། སྤང་ཐང་དེར་སླེབས་མ་ཐག་དྲི་འཛིན་དབང་པོ་མེ་ཏོག་གི་དྲི་བཟང་གིས་བཟི་བར་བྱེད་ཅིང་། མིག་གི་དབང་པོར་ཚོན་ཁྲའི་འཇིག་རྟེན་ཞིག་ལ་འབྱོར་བའི་འཕྲུལ་སྣང་ཞིག་ཀྱང་བསྐྱེད་བྱུང་། གྲོང་ཚོའི་མི་རྣམས་ལས་རེ་འགས་རྟ་ཕོར་བཞོན་པ་དང་། ལ་ལས་འཕྲུལ་རྟ་གཏོང་བ་སོགས་རྒན་བསྐྱོར་ཆུང་ཁྲིད་བྱས་ནས་གཅིག་རྗེས་གཉིས་མཐུད་དུ་སྤང་ཐང་དེར་འཛོམས་སོང་། དེ་ནས་ཡུལ་དེའི་འཁྲུངས་ཚང་ཞེས་པའི་བོན་པོ་དགོན་པའི་བླ་མ་ཡོན་ཏན་རྒྱ་མཚོས་སྲོལ་རྒྱུན་ལྟར་《སྤུ་རྒྱལ་གངས་རིའི་གསོལ་བསྟོད་དང་གནས་བདག་བརྔན་པ་》ཞེས་པའི་དཔེ་ཆ་ལྗགས་ཀློག་གནང་བ་དང་སྦྲགས་བསང་དང་གསེར་སྐྱེམས་ཕུལ་པས། དེར་འདུས་རྟ་པ་རྣམས་རང་འགུལ་ངང་བསང་གཏོང་སའི་ཕྱོགས་སུ་ཁ་འཁོར་ནས་རུ་སྟར་རིང་པོ་ཞིག་བསྒྲིགས་སོང་།
བསང་དང་གསེར་སྐྱེམས་འབུལ་བའི་ཆོ་ག་བསྒྲུབས་ཚར་རྗེས། བླ་མས་རྟ་པ་རྣམས་ལ་བྱེད་སྒོའི་ནང་བདེ་འཇགས་ཡོང་བའི་ཆེད་དུ་རབ་གནས་སམ་དྲན་སྐུལ་གནང་གྲུབ་རྗེས་སྐད་གསང་མཐོན་པོས། འོ། ད་ནི་སྤུ་རྒྱལ་གངས་རིར་ལྷ་བསང་འབུལ་བར་ཕེབས་རོགས་ཞེས་གསུངས་སོང་བས། རྟ་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྤུ་རྒྱལ་གངས་རི་དང་ཁ་སྤྲོད་ཡིན་པའི་སྤང་ཡུལ་རི་འགོ་ཞེས་པར་ཁ་ཕྱོགས་ནས་རྟ་རྒྱུག་གཏོང་བཞིན་ལག་ནས་རླུང་རྟ་དགུང་ལ་གཏོར་ཅིང་ངག་ནས་ཀི་སྒྲ་བསྒྲགས་ཏེ་ཤར་རེར་བཤར་སོང་བས། ང་དང་ཚེ་དབང་རྒྱལ་མཚན་ཡང་བྱེད་སྒོ་ཧྲིལ་པོ་པར་དུ་ལེན་ཆེད་རྐང་ཐང་དུ་རྟ་པ་རྣམས་ཀྱི་རྗེས་སུ་ཨུ་ཚུགས་ཀྱིས་བསྙེགས་ནས་ཕྱིན་པ་ཡིན།
སྤང་ཡུལ་རི་མགོར་སླེབས་རྗེས་རྟ་པ་ཚང་མ་རྟ་ལས་བབས་ཏེ་བསང་གཏོང་བ་དང་། དར་ལྕོག་འཛུགས་པ། སྤུ་རྒྱལ་གངས་རི་ལ་ཁ་ཕྱོགས་ནས་སྐད་གསང་མཐོན་པོས་ལྷ་གསོལ་འཐེན་པ། ངག་སྒོ་ལེགས་པར་ཕྱེ་སྟེ་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། རྒྱལ་ཁམས་བདེ་ལ་འཁོད་པ། ཡུལ་ལ་བདེ་སྐྱིད་འབྱུང་བ་བཅས་ཀྱི་སྨོན་ལམ་འདེབས་པ་སོགས་བྱས་སོང་། དེའི་ཐོག་ནས་དེ་གའི་མི་རྣམས་ཀྱི་རང་བྱུང་ཁམས་ལ་དགའ་ཞེན་དང་། རང་བྱུང་ཁམས་ལ་དད་གུས། རང་བྱུང་ཁམས་ལ་གཅེས་སེམས་བཅས་བྱེད་པའི་འདུ་ཤེས་མཚོན་བཞིན་འདུག་ལ། ཁོང་ཚོའི་འདོད་དོན་དང་ཕུགས་འདུན་ཡང་མངོན་བཞིན་འདུག དེ་ནས་རྟ་པ་རྣམས་ཐད་ཀར་ཉིན་དེའི་གཙོ་གནད་བྱེད་སྒོ་སྤེལ་ཡུལ་ཏེ་མཚོ་གོང་སྤང་ཐང་ཞེས་པའི་ཕྱོགས་སུ་བཤར་སོང་བས། ངེད་གཉིས་ཀྱང་མུ་མཐུད་ཨུ་ཚུགས་མཐའ་སྐྱེལ་གྱིས་ཁོང་ཚོའི་རྗེས་སུ་རྒྱུག་མ་འདུར་གྱིས་ཕྱིན།
ང་ཚོ་དང་མཉམ་དུ་ཡོང་བའི་གྲོགས་པོ་གཞན་རྣམས་ནི་གྲོང་ཚོ་དེའི་རྒན་རྒོན་དང་ཕྲུ་གུ་སོགས་རྐང་ཐང་དུ་འགྲོ་མཁན་རྣམས་དང་མཉམ་དུ་ལུང་ཤུར་བརྒྱུད་ནས་ཐད་ཀར་མཚོ་གོང་སྤང་ཐང་དུ་ཕྱིན་འདུག་ལ། ངེད་གཉིས་མཚོ་གོང་སྤང་ཐང་དུ་འབྱོར་སྐབས་སུ་གྲོང་ཚོ་ཡོངས་ཀྱི་རྟ་པ་རྣམས་དང་། འཕྲུལ་རྟ་ཞོན་མཁན། རྐང་ཐང་དུ་སྐྱོད་མཁན་ཚང་མ་སྔ་ས་ནས་གནས་དེར་སླེབས་ཟིན་ཏེ་འཇམ་ཁྲིག་གེར་གནས་འདུག་ཅིང་། ཉིན་དེའི་གཙོ་གནད་བྱེད་སྒོ་ཁག་སྤེལ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ནས་མགོ་འཛུགས་རྒྱུར་སྒུག་བཞིན་བསྡད་འདུག
དེ་ནས་ཉིན་དེའི་གཙོ་གནད་བྱེད་སྒོ་རྣམས་མགོ་ཚུགས་ཤིང་། དང་ཐོག་གྲོང་ཚོའི་ཕོ་གཞོན་དང་མོ་གཞོན་རྣམས་ཀྱིས་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབས་སོང་། ཞབས་བྲོ་འཁྲུག་ཆ་དོད་ལ་འཕགས་ལྡིང་ཆེ་བ་དང་། གཞས་གདངས་འགྱུར་ཁུག་སྙན་ལ་གདངས་ཚིག་གསལ་བ། ཕོ་གཞོན་རྣམས་ནི་སྐབས་ལ་ལར་བྱ་གླག་དགུང་ནས་བཅུམ་པ་དང་འདྲ་ལ། མོ་གཞོན་རྣམས་ནི་ཐང་དཀར་ཀླད་ནས་ལྡིང་བ་དང་མཚུངས། ཡང་སྐབས་ལ་ལར་ཕོ་གཞོན་རྣམས་ནི་གླ་བ་གྱེན་ལ་འཕག་པ་དང་འདྲ་ལ། མོ་གཞོན་རྣམས་ནི་ཉ་མོ་ཆུ་ལ་འཁྱུག་པ་དང་ཡོངས་སུ་མཚུངས། ཁོང་ཚོས་དེར་འདུས་མི་རྣམས་ལ་ཞབས་བྲོའི་ལེའུ་མིག་གི་བདུད་རྩི་དང་། གླུ་ཡི་འགྱུར་ཁུག་རྣ་བའི་བུ་རམ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་བྱིན་སོང་།
གོ་རིམ་གཉིས་པ་ནི་རྟ་རྒྱུག་འགྲན་སྡུར་ཡིན་འདུག རྒྱུག་མགོ་ཚུགས་པའི་མེ་མདའི་སྒྲ་གྲགས་པ་དང་དུས་མཚུངས་སུ། གྲོང་ཚོ་ཡོངས་ལ་རྟ་པ་ཉི་ཤུ་ལྷག་ཙམ་ཞིག་འདུག་པ་རྣམས་གཅིག་ཤོར་གཉིས་ཤོར་ངང་མཚོ་གོང་སྤང་ཐང་ལ་བང་རྒྱུག་འགྲན་ཏེ་སྐོར་བ་གསུམ་བརྒྱབ་ཅིང་། འགྲན་སྡུར་ཨང་རིམ་དང་པོ་ནས་གསུམ་པའི་བར་ཐོབ་མཁན་ལ་བྱ་དགའ་ཁ་བཏགས་རེ་ལས་གཞན་དག་དངོས་པོའི་བྱ་དགའ་གང་ཡང་མི་འདུག་མོད། རྒྱུག་བཞིན་པའི་ཁྲོད་དུ་རྟའི་སྒ་ཆས་དང་། རྟ་ཕོའི་གོམ་འགྲོས། རྟ་པའི་གོས་རྒྱན་སོགས་ལ་ལྟད་མོ་བའི་བསྔགས་བརྗོད་ཀྱི་སྐད་སྒྲ་དང་ཀི་སྒྲ་ཐོབ་ན་དེས་ཡིད་སེམས་ལེགས་པར་འཚིམ་བཞིན་འདུག
གོ་རིམ་གསུམ་པ་ནི་གྲོང་ཚོ་ཡོངས་ཀྱི་ཕོ་གཞོན་ཚོས་རྒྱུག་ཤར་འགྲན་སྡུར་རེད། རྒྱུག་ཤར་གྱི་རྒྱུག་མགོ་འཛུགས་སར་ཤན་འབྱེད་པས་“རྒྱུགས་”ཞེས་པའི་སྐད་བརྡ་བཏང་བ་དང་ཆབས་ཅིག ཕོ་གཞོན་རྣམས་གཙོད་ཁྱུ་དང་དགོ་ཁྱུ་ཐང་ལ་རྒྱུག་པ་ལྟར་སྐད་ཅིག་ཉིད་དུ་རྒྱུག་རྟིང་གཏད་སར་སླེབས་སོང་། མཚོ་གོང་སྤང་ཐང་གི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་5000མ་ཟིན་ཙམ་ཡོད་པས། ང་ཚོ་རོང་ཁུལ་ནས་ཡོང་བའི་མི་རྣམས་ནི་གོམ་པ་ཅུང་ཟད་མགྱོགས་ཙམ་སྤོས་ནའང་དབུགས་ཧལ་ཧལ་དང་མགོ་བོ་འཁྱོམ་འཁྱོམ་བྱེད་མོད། ས་གནས་དེ་གར་འཚར་ལོངས་བྱུང་བའི་ཕོ་གཞོན་རྣམས་ཐག་རིང་དེ་འདྲར་རྒྱུག་ཐུབ་པར་ང་ཚོ་ཧང་སངས་ཤིང་ཡིད་སྨོན་སྐྱེས་སོང་།
གོ་རིམ་བཞི་པར་ཆུ་ཕྲན་ལ་མཆོང་བརྒལ་བྱ་རྒྱུའི་འགྲན་སྡུར་རེད། མཚོ་གོང་སྤང་ཐང་གི་དཀྱིལ་དུ་ཧ་ལམ་སྨི་8ཡས་མས་ཀྱི་ཁ་ཞེང་ཡོད་པའི་ཆུ་ཕྲན་ཞིག་བཞུར་བཞིན་འདུག གྲོང་ཚོའི་ནང་གི་མཆོངས་རྒྱུག་གི་རྩལ་ལེགས་པའི་ཕོ་གཞོན་རྣམས་ཆུ་ཕྲན་དེའི་འགྲམ་དུ་ཕྱིན་ཏེ་ཡང་ཆས་སྤྲས་པ་དང་། དེ་ནས་མི་རེ་རེ་བཞིན་ཆུ་ཕྲན་ལས་སྨི་8ཙམ་འགྱངས་པའི་ས་ནས་རྒྱུག་ཤར་འཐེན་ཏེ། ཆུ་ཕྲན་གྱི་ངོགས་སུ་སླེབས་འཕྲལ་འཕག་མཆོང་བྱས་ཏེ་ཆུ་ཕྲན་གྱི་ཕ་རོལ་ཏུ་མཆོང་ཐུབ་པ་བྱེད་དགོས་ཀྱི་འདུག བྱེད་སྒོ་དེ་ནི་ཡུལ་བབ་དང་བསྟུན་ནས་མང་ཚོགས་ཚོས་གསར་གཏོད་བྱས་པ་ཞིག་ཡིན་འདུག་ཅིང་། དངོས་གནས་མི་རྣམས་ལ་བཞད་གད་སློང་ལ། ཧ་ལས་ཤིང་ཧང་སང་དགོས་པའི་བྱེད་སྒོ་ཞིག་ཀྱང་རེད། དེ་ཡང་ཕོ་གཞོན་ལ་ལ་ཆུ་ཕྲན་ལས་སྨི་8ཙམ་འགྱངས་པའི་ས་ནས་རྒྱུག་ཤར་འཐེན་ནས་ཤུགས་ཀྱིས་མཆོངས་ཀྱང་མཆོངས་ཤུགས་ཀྱིས་མ་འདངས་ཏེ་ཐད་ཀར་ཆུའི་དཀྱིལ་དུ་ལྷུང་འགྲོ་གི་འདུག་པ་དང་། ཡང་ཕོ་གཞོན་ལ་ལ་ནི་གདེང་ཚོད་ཡོད་མདོག་གིས་མཆོང་ཐེངས་གཅིག་གིས་ཆུ་ཕྲན་ཕ་རོལ་ལ་རྐང་པ་ཐེབས་ཙམ་མཆོང་ཐུབ་ཀྱི་འདུག་མོད། གཟུགས་པོ་དོ་སྙོམ་མ་ཐུབ་པར་སླར་ཡང་གན་རྐྱལ་དུ་ཆུའི་ནང་དུ་ལྷུང་བཞིན་འདུག་པས། དེ་དག་ལ་ལྟད་མོ་བ་རྣམས་བཞད་གད་འགྲམ་རུས་བྲལ་བ་འཆོར་བཞིན་འདུག དེ་ལས་ལྡོག་སྟེ་འཕག་ཤུགས་ཆེ་བའི་ཕོ་གཞོན་ཁག་ཅིག་ནི་དངོས་གནས་བྱ་འཕུར་བ་ལྟར་ཆུ་ཕྲན་ཕ་རོལ་ཏུ་བདེ་བླག་ངང་མཆོང་ཐུབ་པར་མ་ཟད། ཆུ་ཕྲན་ཕ་རོལ་དུ་ཀྲོང་ངེར་ལངས་ཏེ་ལྟད་མོ་བ་རྣམས་ལ་ལག་པ་གཡུག་གཡུག་ཀྱང་བྱེད་བཞིན་འདུག་པས། དེར་མི་རྣམས་ཧ་ལས་ཧང་སངས་ཏེ་ཐལ་མོ་ཡང་ཡང་བརྡབས་བྱུང་།
གོ་རིམ་ལྔ་པ་ནི་ཤེད་རྡོ་འགྱོག་པའི་བྱེད་སྒོ་རེད། བྱེད་སྒོ་དེར་རང་ཉིད་ལ་ཤེད་ཤུགས་ལྡན་ན་ཕོ་མོ་དང་རྒན་གཞོན་གང་ཡིན་རུང་ཞུགས་ཆོག་གི་ཡོད་ལ། དེ་ནི་རང་མོས་ངང་ཤེད་ཤུགས་ངོམ་སྟོན་བྱེད་པ་དང་། རྣམ་པར་རྒྱལ་མཁན་ལ་དགའ་སྤྲོའི་ཐལ་མོའི་རྡེབ་སྒྲས་སྐུལ་ལྕག་གཏོང་བའི་བྱེད་སྒོ་ཞིག་ཡིན་པ་ལས། མི་གྲངས་ལ་ཚད་བཀག་མི་འདུག་ལ་ཨང་རིམ་བསྒྲིགས་ཏེ་བྱ་དགའ་སྤྲོད་སྲོལ་ཡང་མི་འདུག
གོ་རིམ་དྲུག་པ་ནི་སྲོལ་རྒྱུན་གྱི་ཐག་འཐེན་འགྲན་སྡུར་རེད། དེ་ནི་གྲོང་ཚོའི་ནང་གི་སྐྱེས་པ་དང་བུད་མེད་རྣམས་ཁག་སོ་སོར་ཚོགས་ཆུང་བགོས་ཏེ། སྐྱེས་པའི་ཚོགས་ཆུང་དང་སྐྱེས་པའི་ཚོགས་ཆུང་། བུད་མེད་ཚོགས་ཆུང་དང་བུད་མེད་ཚོགས་ཆུང་བར་མཉམ་སྡེབ་ཀྱི་སྟོབས་ཤུགས་དང་། ཨུ་ཚུགས་ཐེག་ཤུགས། ཐབས་རྩལ་མཁས་ལོས་སོགས་འགྲན་པའི་བྱེད་སྒོ་ཞིག་རེད་འདུག་པས། ལྟད་མོ་ཧ་ཅང་ཆེན་པོ་འདུག
དེ་ནས་ཉིན་དེའི་གཙོ་གནད་བྱེད་སྒོ་རྣམས་མཇུག་ཡོངས་སུ་བསྒྲིལ་ཏེ། མི་རྣམས་ཀྱིས་ཉིན་གུང་གི་ཟས་སྐོམ་ལ་རོལ་སོང་བ་དང་། ཁྱིམ་དུད་སོ་སོ་ནས་གྲ་སྒྲིག་བྱས་ཡོད་པའི་ཞིམ་ཟས་རྣམས་མཉམ་ཟ་མཉམ་འཐུང་ངང་དགའ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་འཆམ་མཐུན་གྱི་རྣམ་པས་ཡོངས་སུ་ཁེངས་ནས་བསྡད་སོང་ལ། ང་ཚོ་པར་ལེན་མཁན་རྣམས་ཀྱང་རིན་མེད་ཀྱི་གུང་ཟས་ཕུན་སུམ་ཚོགས་པ་ཞིག་ལ་རོལ་རྒྱུའི་སྐལ་བ་བཟང་པོ་བྱུང་།
ཕྱི་དྲོར་མི་རྣམས་མཚོ་སྐོར་ལ་འགྲོ་མགོ་ཚུགས་སོང་། ངས་བྱེད་སྒོ་སྤེལ་ཡུལ་གྱི་སྤང་ཐང་དུ་ཕྲུ་གུ་ཚོས་དབྱུགས་པའི་བཏུང་བྱའི་བླུག་སྣོད་འགྱིག་དམ་ལ་སོགས་གད་སྙིགས་འགའ་མཐོང་བྱུང་བས། ཕར་ཕྱིན་ཏེ་སྒྲུག་རྩིས་བྱེད་སྐབས་ཕོ་གཞོན་ཞིག་ཚུར་ཡོང་སྟེ་གུས་ཞབས་དང་བཅས། རྒན་ལགས། ཁྱེད་ཚོས་དེ་འདྲ་གཏན་ནས་གནང་མི་དགོས། གྲོང་ཚོས་ཆེད་མངགས་གད་སྙིགས་སྒྲུག་མཁན་བཀོད་སྒྲིག་བྱས་ཡོད་པས། གད་སྙིགས་རྐང་གཅིག་ཀྱང་འདིར་འཇོག་གི་མ་རེད། གང་ཡིན་ཞེ་ན་གནས་རི་དང་གནས་མཚོའི་འཁྲིས་ལ་གད་སྙིགས་བཞག་ན་བཙོག་གྲིབ་འགྲོ་བར་བརྩིས་ཏེ་རང་དགར་གཏན་ནས་འཇོག་སྲོལ་མེད་ཅེས་བཤད་བྱུང་། སྐད་ཆ་དེ་ཐོས་པ་དང་ངའི་སེམས་ལ་དྲོ་སྐྱིད་ཅིག་སྐྱེས་བྱུང་སྟེ། བྱེད་སྒོ་འདི་ནི་བོད་རིགས་མི་དམངས་ཀྱིས་གནའ་བོའི་དུས་སུ་རང་བྱུང་ཁམས་ལ་དད་གུས་དང་། རང་བྱུང་ཁམས་ལ་བརྩི་བཀུར། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་པའི་སྲོལ་རྒྱུན་གྱི་བྱེད་སྒོ་བཟང་པོ་ཡིན་པ་ ད་ལྟའི་དུས་སུའང་ཡུལ་འདིར་རྒྱུན་འཛིན་ཐུབ་པ་བྱུང་བར་མ་ཟད། དུས་རབས་དང་མཐུན་པའི་རིག་གནས་ཀྱི་འཚོ་བཅུད་གསར་པ་ཡང་བསྡུ་ལེན་བྱེད་ཀྱིན་འདུག་སྙམ་བྱུང་།
དེའི་དུས་སུ་ངའི་དྲན་ཤེས་ཀློང་དུ་བསྟོད་ཚིག་འདི་འདྲ་ཞིག་ཤར་བྱུང་སྟེ། ཨེ་མ། སྤུ་རྒྱལ་གངས་རི་ལགས། ། ཁྱེད་ལ་གསོལ་བསྟོད་བྱེད་པའི་བྱེད་སྒོ་འདི་ནི་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་འཛིན་གྱི་རྒྱུན་དཐག་ཅིག་ཡིན་པར་མ་ཟད། དམངས་ཁྲོད་རིག་གནས་གསར་སྤེལ་བྱེད་པའི་རྟེན་གཞི་དང་། འབྲོག་པ་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེ་མཁོ་འདོན་བྱེད་པའི་བང་མཛོད། མི་རྣམས་ཀྱི་ཡ་རབས་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་པའི་སྐྱེད་ཚལ་ཞིག་ཀྱང་ཡིན་ནོ། །