ཀརྨ་ཆོས་གྲགས་ཀྱི་ཁྱིམ་ནི་རིག་དངོས་བཤམས་སྟོན་ཁང་ཆུང་ཆུང་ཞིག་དང་འདྲ་སྟེ། གྱང་ངོས་སུ་མི་རབས་གོང་མ་དག་ནས་བརྒྱུད་ཡོང་བའི་པར་ཤིང་སྣ་ཚོགས་དང་། ལག་བྲིས་བརྩམས་ཆོས་སྣ་ཚོགས་འདུག་ལ། ཁང་པའི་སྒྲོག་ཙེ་དང་ཁྱམས་རའི་འོག་ལ་ཚོན་མདོག་མི་འདྲ་བའི་སྣག་བུམ་དང་སྣག་ཀོང་། རྐོ་གྲི་སོགས་ཀྱིས་བཀང་འདུག
ཀརྨ་ཆོས་གྲགས་ད་ལོ་ལོ་27ཡིན། ཁོང་ནི་བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་ཕུ་གསུམ་ཞང་གི་མི་ཡིན། ཞང་འདིར་མི་འབོར་2400ཡས་མས་ཡོད་ལ། ཁོང་ནི་གནས་དེ་གའི་སྐད་གྲགས་ཅན་གྱི་པར་བརྐོ་རིག་གནས་ཀྱི་རྒྱུན་འཛིན་པ་ཞིག་དང་ཡིག་གཟུགས་མཁས་ཅན་ཞིག་ཡིན།
ཁོང་གིས་བཤད་པ་ལྟར་ན། ནམ་རྒྱུན་ཁོང་གིས་དུས་ཚོད་མང་ཆེ་བ་དེ་པར་རྐོའི་ལས་ཀའི་ཐོག་བཏང་བས། པར་རྐོ་ནི་སྔ་ས་ནས་ཁོང་གི་འཚོ་བའི་ནང་གི་གྲོགས་མཆོག་འབྲལ་ཐབས་དཀའ་བ་ལྟ་བུ་ཞིག་ཏུ་ཆགས་འདུག
ཕུ་གསུམ་ཞང་གི་ཡུལ་མི་རྣམས་ལ་མཚོན་ན། པར་རྐོ་ནི་ཤིན་ཏུ་དར་ཆེ་བ་དང་ཧ་ཅང་དགའ་པོ་བྱེད་པའི་ལས་རིགས་ཤིག་ཡིན་ལ། རགས་རྩིས་བརྒྱབ་པར་གཞིགས་ན། ཞང་འདིར་པར་རྐོན་སྐྱེས་པ་90ལྷག་དང་བུད་མེད་5འདུག ཞིང་པ་མང་པོས་པར་རྐོའི་ལས་རིགས་གཉེར་བཞིན་ཡོད་པས། ཞང་འདིར་པར་རྐོ་ཞང་ཞེས་གྲགས་ཆེ་བར་སྣང་།
ཕུ་གསུམ་ཞང་ནི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ལྷ་སའི་ནུབ་བྱང་མཚམས་ཀྱི་སྤྱི་ལེ་150ཡས་མས་ཀྱི་ཡར་ཀླུང་གཙང་པོའི་ཉེ་འགྲམ་དུ་ཆགས་ཡོད། ཡུལ་འདི་བོད་ཀྱི་ཡི་གེའི་སྲོལ་གཏོད་མཁན་ཐོན་མི་སམ་བྷོ་ཊའི་འཁྲུངས་ས་ཡང་ཡིན་པར་གྲགས།
ཀརྨ་ཆོས་གྲགས་ཀྱིས་བཤད་པ་ལྟར་ན། ཕུ་གསུམ་གྱི་པར་རྐོའི་ལག་རྩལ་ནི་དུས་རབས་བདུན་པའི་སྐབས་ནས་དར་འགོ་བརྩམས་པ་དང་ད་བར་ལོ་ངོ་1400ལྷག་གི་ལོ་རྒྱུས་ལྡན། པར་རྐོ་སྒྱུ་རྩལ་ནི་སྙེ་མོ་རྫོང་གི་ཁྱད་འཕགས་ལག་ཤེས་བཟོ་ལས་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་། གཞན་གཉིས་ནི་སྤོས་དང་ཤོག་བུ་བཟོ་རྩལ་ཡིན།
པར་བརྐོས་ལ་དཔེ་ཆའི་པར་ཤིང་དང་ལྷ་སྐུ་སོགས་ཡོད་ལ་སྲོལ་རྒྱུན་འཛུགས་སྐྲུན་གྱི་རྒྱན་ཆ་དང་། དཔེ་ཆ་དཔར་སྐྲུན། གླེགས་ཤིང་སོགས་སུ་སྤྱོད་ཁྱབ་ཧ་ཅང་ཆེ།
ཀརྨ་ཆོས་གྲགས་ནི་ཁྱིམ་རྒྱུད་འདིའི་པར་རྐོའི་རིག་གནས་ཀྱི་རྒྱུད་འཛིན་པ་མི་རབས་དྲུག་པ་རེད། ཁོང་ལོ་13ལ་སོན་དུས། ཕ་རྡོ་རྗེ་ཆོས་འཕེལ་དང་གཅེན་པོ་སྤེན་པ་རབ་བརྟན་གཉིས་དགེ་རྒན་གཙོ་བོར་བསྟེན་ཏེ་པར་རྐོའི་ལག་ཤེས་སྦྱང་འགོ་བརྩམས། པར་ཤིང་རྐོ་བའི་ལས་ཀ་ནི་ཧ་ཅང་དཀའ་ལས་ཆེ་བའི་ལས་རིགས་ཤིག་ཡིན་ཏེ། པར་རྐོན་དུས་ཡུན་རིང་པོར་གནས་གཅིག་ལ་ཙོག་པུར་སྡོད་དགོས་པར་མ་ཟད། ལག་པས་པར་ཤིང་དང་རྐོ་གྲི་ཡུན་རིང་འཛིན་དགོས་པས། པར་རྐོན་གྱི་ལག་པར་ཤ་རོ་ཆགས་ཡོད། ཧ་ཅང་དཀའ་དྲགས་པའི་རྐྱེན་གྱིས་དང་ཐོག་ཁོང་གིས་ལས་ཀ་འདི་བྱེད་མཚམས་འཇོག་དགོས་བསམས་མྱོང་། ཡིན་ན་ཡང་མཐར་ཐུག་ཁོང་གིས་རྒྱུན་འཁྱོངས་གནང་བ་རེད།
“ངའི་ཨ་ཕ་དང་གཅེན་པོ་གཉིས་ནི་ཧ་ཅང་གཟབ་ནན་ཡིན་ཏེ། ལས་ཀའི་གོ་རིམ་ཁྲོད་དུ་ང་རང་གིས་རྣམ་གཡེང་དང་ལེ་ལོའི་རྣམ་འགྱུར་ཏོག་ཙམ་བསྟན་པ་ན་ཁོང་གཉིས་ཀྱིས་ང་ལ་ལམ་སང་སྐྱོན་བརྗོད་གནང་སྲིད། ཁོང་གཉིས་ལ་མཚོན་ན། ང་རང་གསོ་སྐྱོང་ལེགས་པོ་བྱས་ནས་པར་རྐོ་མཁས་པ་ཞིག་ཏུ་ཆགས་རྒྱུ་ནི་འོས་འགན་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད།”
དེ་ལྟར་ཀརྨ་ཆོས་གྲགས་ཀྱིས་ལོ་དྲུག་རིང་སློབ་གཉེར་བྱས་པས་པར་རྐོ་མཁན་ཚད་ལྡན་ཞིག་ཏུ་གྱུར། དེང་སང་གཅེན་པོ་ཁོང་གཉིས་པར་རྐོའི་སྒྱུ་རྩལ་གྱི་རྒྱུད་འཛིན་པར་གྱུར་ཡོད་པར་མ་ཟད། ཁོང་གིས་ད་དུང་རང་གི་བུ་མོ་གསུམ་གྱིས་ཀྱང་མ་འོངས་པར་སློབ་གསོའི་ལས་འགན་བསྒྲུབས་རྗེས་པར་རྐོའི་ལག་རྩལ་འདི་ཉིད་བསླབ་རྒྱུའི་བསམ་འདུན་བཅངས་ཡོད།
ཀརྨ་ཆོས་གྲགས་ནས། “པར་ཤིང་རྐོ་དུས་མཚམས་རེར་དཀའ་ངལ་ཆེན་པོ་དང་འཕྲད་ཀྱིན་ཡོད་པས་ང་རང་བློ་འགྱོད་སྐྱེས་མྱོང་ཡོད། འོན་ཀྱང་ངའི་སེམས་སུ་མེས་པོ་གོང་མ་རྣམས་ཀྱིས་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གནང་བའི་གནས་ཚུལ་ཤར་ཡོང་དུས། ངས་རང་ཉིད་ལ་སྐུལ་མ་བྱས་ནས་ལས་ཀ་འདི་མུ་མཐུད་ནས་རྒྱུན་འཁྱོངས་བྱས་པ་ཡིན་”ཟེར།
སྤྱིར་བཏང་དུ་པར་རྐོན་ཚོས་དགོན་སྡེ་ཁག་ནས་མངགས་ཡོང་བའི་དཔེ་ཆའི་པར་ཤིང་རྐོ་བཞིན་ཡོད། པར་ཤིང་དེ་དག་གི་འབོར་ཧ་ཅང་ཆེན་པོ་ཡིན་པས། པར་རྐོན་རྣམས་ཀྱིས་ཟླ་ཤས་སམ་ཡང་ན་ལོ་ཤས་རིང་བརྐོས་ན་གཞི་ནས་འགྲུབ་ཐུབ།
ལོ་འདི་འགའི་རིང་ལ། བོད་ལྗོངས་རིམ་བཞིན་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་པས། ཡུལ་སྐོར་ལས་རིགས་ལོ་རེ་བཞིན་དར་རྒྱས་འགྲོ་བཞིན་འདུག དེ་བས་པར་རྐོན་མི་ཉུང་བ་ཞིག་གིས་ཀྱང་རང་གི་ལས་རིགས་འདི་ཉིད་ཡུལ་སྐོར་ལས་རིགས་དང་ཟུང་འབྲེལ་ཅི་ཐུབ་ཀྱིས་བྱེད་ཀྱིན་འདུག དེ་ནི་ཁོ་ཚོའི་ཡོང་འབབ་མང་ཙམ་གསོག་ཐུབ་ཕྱིར་ཡིན།
2009ལོར་ཕུ་གསུམ་གྲོང་ཚོའི་པར་རྐོའི་བཟོ་རྩལ་བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པ་དང་། ལོ་དེ་ནས་ཀརྨ་ཆོས་གྲགས་ཀྱིས་ཀྱང་ཐེངས་དང་པོར་ཡུལ་སྐོར་ཐོན་རྫས་རྐོ་འགོ་བརྩམས།
ཀརྨ་ཆོས་གྲགས་ཀྱིས་བཤད་རྒྱུར། པར་རྐོ་བཟོ་རྩལ་འདི་ཉིད་མི་ཉམས་གོང་འཕེལ་གཏོང་ཆེད། ལོ་འདི་འགའི་རིང་ལ་ང་རང་གིས་དགོན་པའི་པར་ཤིང་རྐོ་ཞོར་དུ་ཡུལ་སྐོར་ལ་ཡོང་མཁན་རྣམས་ཀྱིས་དགའ་པོ་བྱེད་པའི་ཡུལ་སྐོར་ཐོན་རྫས་ཀྱི་རིགས་རྐོ་བཞིན་ཡོད། ངས་སྲོལ་རྒྱུན་གྱི་ལག་རྩལ་དང་རྒྱུ་ཆ་ཤིང་དང་པགས་པ་དང་རྭ་ཅོ་སོགས་སྤྱད་ནས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཡུལ་སྐོར་ཐོན་རྫས་སྣ་ཚོགས་བཟོས། དེ་ལྟར་བྱས་ཚེ་པར་རྐོ་རིག་གནས་འདི་ཉིད་དེང་གི་དུས་ལ་མུ་མཐུད་རྒྱུན་སྲིང་དང་དར་སྤེལ་གཏོང་བར་ནུས་པ་ངེས་ཅན་ཞིག་འཐོན་ཐུབ་བསམ།
ཀརྨ་ཆོས་གྲགས་ལ་ཚོང་ཁང་ཟེར་བ་ཞིག་མེད་མོད། གསར་བཟོས་ཡུལ་སྐོར་ཐོན་རྫས་འདི་དག་རྒྱུ་ཆ་ལྷད་མེད་རང་བྱུང་གི་རྒྱུ་རྫས་སྤྱད་པ་དང་། བཟོ་སྟངས་དང་ནང་དོན་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བྲོ་བས་ཆེས་ཆེར་ཕྱུག་པ། གོང་ཚད་ཁེ་པོ་སོགས་ཡོད་པས། སྐབས་རེར་ཐོན་རྫས་མངག་མཁན་མང་དྲགས་ཏེ་ཁོས་བཟོས་མི་ཚར་བའི་སྣང་ཚུལ་བྱུང་། ཉོ་མཁན་འགའ་ཤས་ཀྱིས་ལོ་གཉིས་ནས་གསུམ་ཙམ་བསྒུགས་ན་རང་གི་བློར་འགྲོ་བའི་ཅ་ལག་གཞི་ནས་འབྱོར་ཐུབ་ཟེར།
བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བློ་བཟང་བཀྲ་ཤིས་ནི་ཀརྨ་ཆོས་གྲགས་ཀྱི་པར་བརྐོས་བརྩམས་ཆོས་ལ་ཡི་རང་དང་ཉར་ཚགས་བྱེད་མཁན་མང་པོིའི་ནང་གི་གཅིག་ཡིན། ཁོ་ལ་བརྟེན་ནས། ཀརྨ་ཆོས་གྲགས་ཀྱི་པར་བརྐོས་བརྩམས་ཆོས་ཚབ་མཚོན་རང་བཞིན་ལྡན་པ་འགའ་ཤས་སློབ་གླིང་དེས་ཉར་ཚགས་བྱས་པའི་རིག་དངོས་ཀྱི་གྲས་སུ་བཞག་འདུག་པས། སྤྲོ་བ་ལྡན་པའི་དགེ་སློབ་རྣམ་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་གོ་སྐབས་ཡག་པོ་སྤྲད་ཡོད། ཀརྨ་ཆོས་གྲགས་ལགས་ཀྱིས་པར་བརྐོས་བརྩམས་ཆོས་ནི་གསོན་ཉམས་ལྡན་པའི་པར་རིས། བྱང་ཆ་ལྡན་པའི་རྐོ་རྩལ། ཚད་ལྡན་ཅན་གྱི་པར་རིས་སྒྲིག་བཀོད། འབུར་དུ་ཐོན་པའི་ལག་རྩལ་སོགས་ཕྱོགས་གང་ཅིའི་ཐད་ནས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཞེས་བློ་བཟང་བཀྲ་ཤིས་ཀྱིས་བཤད་བྱུང་།
2014ལོར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཀརྨ་ཆོས་གྲགས་གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས་པར་མ་ཟད། སྲིད་གཞུང་ནས་ཁོ་རང་ལ་ལོ་རེར་དམངས་སྒོར་2500ཁ་གསབ་ཀྱི་ཚུལ་དུ་སྤྲོད་བཞིན་ཡོད།
ཀརྨ་ཆོས་གྲགས་ཀྱིས་བཤད་པ་ལྟར་ན། ཁོ་རང་དང་འདྲ་བའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་རྣམས། སྲིད་གཞུང་གི་བཀོད་སྒྲིག་འོག་ལོ་ལྟར་ནང་སའི་གྲོང་ཁྱེར་ཁག་ཏུ་རིག་གནས་འགྲེམས་སྟོན་གྱི་བྱེད་སྒོ་སྣ་ཚོགས་ནང་དུ་ཞུགས་པའི་གོ་སྐབས་ཐོབ་པར་མ་ཟད། དེའི་རིང་གི་འགྲོ་སོང་ཡོད་ཚད་སྲིད་གཞུང་ནས་གཏོང་གིན་འདུག་ཟེར།
གཞན་ཕན་གྱི་ལྷག་བསམ་ལྡན་ཞིང་ཏང་དང་རྒྱལ་ཁབ་ལ་བློ་དཀར་སེམས་དཀར་ཡིན་པའི་ཀརྨ་ཆོས་གྲགས་ནི་ཏང་ཡོན་ཡིན་པས། ལོ་འདི་དག་གི་རིང་རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་ཁྲོད་དུ་ཀརྨ་ཆོས་གྲགས་ནི་དབུལ་སྐྱོར་སྣེ་ཁྲིད་པ་ཞིག་གི་ཆ་ནས་རང་གྲོང་ཚོའི་ནང་གི་ཁྱིམ་ཚང་དབུལ་པོ་རྣམས་ལ་རོགས་སྐྱོར་བྱས་པས། 2018ལོར་ཁོང་ལ་ཕུལ་བྱུང་ཏང་ཡོན་གྱི་མཚན་སྙན་ཐོབ།
2016ལོར་ཁོང་གིས་རང་གི་གྲོང་ཚོའི་ནང་དུ་པར་རྐོའི་བཟོ་རྩལ་དང་ཡིག་གཟུགས་སྦྱོང་བརྡར་གྱི་མཉམ་ལས་ཁང་ཞིག་བཙུགས་པ་བརྒྱུད། གྲོང་ཚོའི་ནང་གི་གྲོང་མི་གཞན་དག་ལ་པར་རྐོའི་ལས་རིགས་བརྒྱུད་ཡོང་འབབ་འཕར་སྣོན་ཐུབ་པའི་ཐབས་ལམ་གསར་པ་ཞིག་བཏོན།
ད་ལྟ་མཉམ་ལས་ཁང་དེའི་ནང་དུ་རྒྱུན་གཏན་ལས་བཟོ་པ་12ཡོད་ལ། ཁོ་ཚོས་ཟླ་རེར་གླ་ཕོགས་དམངས་སྒོར་3000ནས་6000བར་ལེན་གིན་འདུག ལས་བཟོ་པའི་ཁྲོད་ཀྱི་མི་གཉིས་ནི་རང་མགོ་ཐོན་པའི་པར་རྐོན་ཚད་ལྡན་ཅན་ཞིག་ཏུ་གྱུར་ཡོད།
ཀརྨ་ཆོས་གྲགས་ན་རེ། “ང་རང་ནམ་ཡང་རང་གི་གྲོང་མི་རྣམས་དང་ལྷག་པར་དུ་སྲིད་གཞུང་གི་རོགས་རམ་དང་རྒྱབ་སྐྱོར་ལ་བརྟེན་ནས་རིམ་བཞིན་འཚར་ལོངས་བྱུང་བ་ཡིན་ལ། ང་ཚོའི་གྲོང་མི་འགའ་ཤས་ཀྱང་ངའི་རོགས་རམ་ལ་བརྟེན་ནས་ཕྱུག་པོར་ཆགས་ཡོད། ངས་ནམ་ཡང་ང་ལ་རོགས་རམ་གནང་མཁན་ཚོའི་སྐུ་དྲིན་རྗེད་ཀྱི་མེད་པ་དང་། དུས་མཚུངས་སུ་ངས་གཞན་ལ་རོགས་རམ་བྱེད་ཐུབ་པ་བྱུང་བར་སེམས་གཏིང་ནས་དགའ་ཚོར་སྐྱེ་བཞིན་ཡོད་”ཅེས་བཤད་བྱུང་།