ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

གནའ་བོའི་དམངས་གླུའི་འགྱུར་ཁུག་ཁྲོད་དུ་ལང་ཚོའི་གཟི་དཔལ་ངོམས་འདི་མཚར།

2022-01-18 ཟླ་བ་དབྱངས་ཅན། བསོད་ནམས་སྒྲོལ་དཀར།
ཀ +
          ཕོ་བྲང་པོ་ཏ་ལའི་འདབས་རོལ་དུ་ང་ཚོ་མངའ་རིས་རྩ་མདའ་ནས་ཡོང་བའི་ཀརྨ་བཀྲ་ཤིས་ཆོས་འབྱོར་དང་དངོས་སུ་ཐུག་བྱུང་།  ཤ་ཅུང་རིད་པ་དང་བྱད་བཞིན་མཚར་བ།  འཛེམ་འཚེར་ཆེ་ཡང་ལང་ཚོའི་དཔལ་འབར་བ་ནི་ཁོས་ང་ལ་བཞག་པའི་ཐོག་མའི་བག་ཆགས་དེ་ཡིན།  སྒྲ་སྙན་དང་།  པི་ཝང་།  མངའ་རིས་ཀྱི་དམངས་གླུའི་སྐོར་གླེངས་མ་ཐག་ཁོ་སྤྲོ་སྣང་གིས་ཁེངས།  ཀརྨ་བཀྲ་ཤིས་ཆོས་འབྱོར་ནི་2020ལོར་ལྷ་ས་དགེ་འོས་སློབ་གྲྭའི་རོལ་དབྱངས་སློབ་གསོའི་ཆེད་ལས་ནས་མཐར་ཕྱིན་པ་དང་།  གཙོ་སྦྱོང་སློབ་ཚན་ནི་བོད་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་སྒྲ་སྙན་རེད།  སློབ་ཆེན་མཐར་ཕྱིན་རྗེས།  ཁོས་ལྕགས་ཕོར་རྙེད་ཐབས་ཀྱི་རྒྱུན་ལམ་བློས་བཏང་ནས་བློ་ཐག་ཆོད་པོས་སྒྲ་སྙན་པང་དུ་བླངས།  ཀརྨས་དགའ་ཉེ་སྤུན་མཆེད་ཚོའི་བློ་དོགས་ལ་ཁ་ཡ་མ་བྱས་པ་དང་།  རེ་རེ་བཞིན་འགྲེལ་བཤད་བྱེད་པ་ལས་རང་གི་བྱ་སྤྱོད་ངོ་མའི་ཐོག་ནས་གདམ་ག་དེའི་དོན་སྙིང་ར་སྤྲོད་བྱ་རྒྱུའི་བློ་ཐག་བཅད་ནས།  དུས་ཚོད་ཀྱིས་ལན་གསལ་ཤོས་དང་ཡག་ཤོས་རྒྱག་ངེས་ཡིན་པར་ཡིད་ཆེས།  
          ཀརྨས་ཕ་ཡུལ་མངའ་རིས་ཀྱི་སྒྲ་སྙན་དང་པི་ཝང་ལ་བཅངས་པའི་བརྩེ་སེམས་དེར་གཞན་གྱིས་ཚབ་བྱེད་ཐབས་བྲལ།  ཁོས་མངའ་རིས་ཀྱི་སྒྲ་སྙན་ལ“གོ་བོ”ཡང་ཟེར་བ་དང་།  གསུམ་སྦྲེལ་སྒྲའི་དཀྲོལ་གཏོང་གི་ཐབས་བེད་སྤྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།  མངའ་རིས་པི་ཝང་གི་དབྱིབས་ནི་བྱི་ལའི་རྒྱབ་གཟུགས་ལ་དཔེ་བལྟས་ནས་བཟོས་པར་བརྗོད།  དེའི་བཟོ་དབྱིབས་ཡིད་དུ་འོང་ཞིང་རྩ་མདའ་རྫོང་མཐོ་ལྡིང་དགོན་དང་གུ་གེའི་ཕོ་བྲང་གི་གནའ་ཤུལ་གྱི་ལྡེབས་རིས་ཐོག་འཁོད་པའི་ལྷ་མོའི་ཕྱག་ཏུ་བཟུང་བའི་རོལ་ཆ་དང་ཧ་ཅང་འདྲ།  སྒྲ་སྙན་ནི་འཐེན་དཀྲོལ་རོལ་ཆའི་ཁོངས་སུ་གཏོགས་པ་དང་།  སྒྲ་དབྱངས་རྣ་བར་འཇེབས་ཤིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་།  ཏི་ཡག་དང་།  མ་ཡང་།  མཚོ་ཧྲིབ་གསུམ་འཁྱིལ་སོགས་ས་ཆར་དར་སོ་ཧ་ཅང་ཆེན་པོ་ཡོད།  “མངའ་རིས་སྒྲ་སྙན་དང་པི་ཝང་དཀྲོལ་དུས་ཧ་ཅང་སྙིང་རྗེ་པོ་ཡོད་པ་རེད་”ཟེར་བ་ནི་ཀརྨས་རྒྱུན་དུ་གླེང་བའི་སྐད་ཆ་ཞིག་རེད།  
          སྒྲ་སྙན་ལ་ལེགས་སྦྱར་སྐད་དུ་“ཏམ་བུ་ར་”ཟེར་བ་དང་།  བོད་སྐད་ལ་“རྒྱུད་མངས་”ཟེར།  མངའ་རིས་པས་“གོ་བོ་”དང་“རྒོད་པོ་”ཟེར་ཞིང་(གཡུང་དུ་མ་ཕབ་པ་དང་རང་གཤིས་རྒོད་པའི་གོ་དོན་ཡོད)།  དུས་རབས་17པར་ཏམ་བུ་ར་མངའ་རིས་ནས་གཞིས་རྩེ་ཁུལ་དུ་དར་འགོ་ཚུགས་རྗེས།  གཙང་པ་སྡེ་སྲིད་ཀྱིས་སྒྲ་སྙན་ཞེས་སུ་མིང་བཏགས་པ་དང་།  སྒྲ་སྙན་ལས་སྒྲ་ནི་རོལ་ཆ་ལས་གྲགས་པའི་སྒྲ་དང་།  སྙན་ནི་གྲགས་པའི་སྒྲ་དེ་རྣ་བར་སྙན་པའི་དོན་ཡིན་ཏེ།  སྒྲ་སྙན་ནི་རྣ་བར་སྙན་པའི་སྒྲ་ཞེས་པའོ།  །  དེ་ནས་བཟུང་བོད་ལྗོངས་ཀྱི་རོལ་དབྱངས་འཕེལ་རྒྱས་ཀྱི་ལོ་ཟླའི་འཕྲང་རིང་བརྒྱུད་མྱོང་བའི་རྒྱུད་འཐེན་རོལ་ཆ་དེར་གཞི་ནས་བོད་སྐད་ཀྱི་མིང་ཡོད་པར་གྱུར།  དེའི་བཟོ་ལྟའི་གྲུབ་ཚུལ་དང་དཀྲོལ་གཏོང་གི་རྣམ་པ་ཡང་དར་ཁྱབ་ཀྱི་བརྒྱུད་རིམ་ཁྲོད་དེ་བས་ཚད་ལྡན་དང་གཅིག་གྱུར་ཆགས་ཤིང་།  སྒྲ་སྙན་དེ་ཉིད་བོད་ལྗོངས་ནས་རིམ་བཞིན་སི་ཁྲོན་དང་།  ཡུན་ནན།  ཀན་སུའུ།  མཚོ་སྔོན་སོགས་སུ་དར་ཁྱབ་ཕྱིན་པར་མ་ཟད།  ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལ་དྭགས་དང་།  འབྲུག་ཡུལ་སོགས་ལ་ཡང་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་སྒྲ་སྙན་དར་ཡོད།  
          བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཇོ་དཀར་ལགས་ཀྱིས་བརྩམས་པའི་《བོད་ཀྱི་སྲོལ་རྒྱུན་རོལ་ཆ།  སྒྲ་སྙན་》ཞེས་པའི་རྩོམ་ཡིག་ནང་།  སྒྲ་སྙན་གྱི་དཀྲོལ་སྟངས་མི་འདྲ་བའི་གྲུབ་ཚུལ་ནི་སྒྲ་སྙན་དར་ཡུལ་གྱི་ས་གནས་དེ་གའི་རྐང་བྲོ་གླུ་གཞས་ཀྱིས་སྔོན་འགྲོར་བྱས་ཤིང་།  ས་ཁམས་ཀྱི་དབྱེ་བ་དང་ས་ཁུལ་མི་འདྲ་བའི་རོལ་དབྱངས་དང་གླུ་གར་གྱི་ཉམས་དང་འགྱུར་ཁུག་མི་འདྲ་བ་ལ་གཞིགས་ནས།  མངའ་རིས་ཀྱི་དཀྲོལ་སྟངས་དང་།  དིང་རིའི་དཀྲོལ་སྟངས།  ལྷ་རྩེའི་དཀྲོལ་སྟངས།  ལྷ་སའི་དཀྲོལ་སྟངས།  ཀོང་པོའི་དཀྲོལ་སྟངས།  ཨ་མདོའི་དཀྲོལ་སྟངས།  སྨར་ཁམས་ཀྱི་དཀྲོལ་སྟངས་བཅས་བདུན་དུ་ཕྱེ་ཡོད།  དེའི་ཁྲོད་ནས་མངའ་རིས་ཀྱི་སྒྲ་སྙན་ནི་ལོ་རྒྱུས་རིང་ཤོས་ཡིན་ལ།  མི་རྣམས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་ས་ཞིག་རེད།  མངའ་རིས་དཀྲོལ་སྟངས་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཏི་ཡག་རྒྱུད་ཀྱི་དམངས་ཁྲོད་དཀྲོལ་གཏོང་དང་དམངས་ཁྲོད་གླུ་གར་གྱི་རམ་དཀྲོལ་གྱི་ཉམས་འགྱུར་ལ་ཟེར་བ་དང་།  ཏི་ཡག་དང་།  མཚོ་ཧྲིབ་གསུམ་འཁྱིལ།  རྫ་རོང་།  བྱང་རྩེ།  སྤུ་གླིང་སོགས་ཀྱི་ས་ཆར་དར་ཡོད།  མངའ་རིས་སྒྲ་སྙན་ཕལ་མོ་ཆེའི་གཟུགས་བོངས་ཆུང་ཆུང་ཡིན་པ་དང་།  སྒྲ་དབྱངས་ཀྱང་ཕྲ་ཙམ་ཡོད་པ།  མང་ཆེ་བ་གསུམ་སྦྲེལ་སྒྲ་རེད།  དབུས་གཙང་ཁུལ་དུ་དར་ཁྱབ་བྱུང་རྗེས་སྒྲ་སྙན་གྱི་གཟུགས་བོངས་ཇེ་ཆེར་གྱུར་པ་དང་།  སྒྲ་དབྱངས་ཀྱང་དམའ་བར་གྱུར་ཡོད།  དུས་རབས་བཅོ་བརྒྱད་པར་སླེབས་རྗེས་སྒྲ་སྙན་དང་ལྷ་མོ་མཉམ་འདྲེས་བྱུང་ཞིང་།  ལྷ་མོ་འཁྲབ་སྐབས་མེད་ཐབས་མེད་པའི་རོལ་ཆ་ཞིག་ཏུ་ཆགས་ཡོད།  
          གནའ་སྔ་མོའི་གླུ་དབྱངས་དག་གིས་ལོ་ན་གཞོན་པའི་ཀརྨའི་ཡིད་དབང་རབ་ཏུ་ཕྲོགས་ཤིང་།  ལོ་འདི་དག་རིང་ཁོས་གུང་གསེང་གི་དུས་ཚོད་སྤྱད་ནས་རྩ་མདའི་དམངས་ཁྲོད་སྒྱུ་རྩལ་པ་20ལྷག་གི་མདུན་དུ་བཅར་ནས་མངའ་རིས་སྒྲ་སྙན་གྱི་འཐེན་དཀྲོལ་སྦྱངས་པ་དང་།  ཕ་ཡུལ་གྱི་དམངས་གླུ་བསྡུ་སྒྲིག་བྱས།  གླུ་དབྱངས་100ལྷག་བསྡུ་སྒྲིག་བྱས་པ་ལས་མང་ཆེ་བ་སྒྲ་སྙན་འཐེན་དཀྲོལ་རེད།  
          གསེར་གདུབ་གཡུ་ཁྲ་ལེགས་མོ།  །  
          མི་ཡི་ཡུལ་དུ་ལུས་སོང་།  །  
          གསེར་གདུབ་རང་ཡུལ་དུ་མེད་དུས།  །  
          གཡུ་ཁྲ་ཡིད་ལ་འཁོར་བྱུང་།  །  ••••••
          རི་དེར་ལྕང་མ་བཙུགས་ཡོད།  །  
          འབྲས་བུ་སྨིན་རྒྱུ་མི་འདུག  །  
          བྱེའུ་ཆུང་ལས་འཕྲོ་མེད་པས།  ། 
          ཚེར་མའི་སྟེང་ལ་བབས་སོང་།  །  
          ——ཀརྨས་བསྡུ་སྒྲིག་བྱས་པའི་མངའ་རིས་ཀྱི་དམངས་གླུ་《རི་རྒྱལ་ལྷུན་པོ་》ལས་དྲངས།  
          རྩ་མདའི་ས་ཕྱོགས་གང་སར་བསྐྱོད་རིང་།  ཀརྨས་སྒྲ་སྙན་དཀྲོལ་གཏོང་གི་མཛེས་པ་ཉམས་སུ་མྱོང་གིན་སྒྲ་སྙན་གྱི་དམངས་གླུའི་གཞས་ཚིག་ཕུན་སུམ་ཚོགས་ལ་ནང་དོན་རྒྱ་ཆེ་བས།  དབྱངས་རྩོམ་ཐབས་ལ་བརྟེན་ནས་གླུ་གཞས་མྱུར་སྐྱོབ་བྱ་རྒྱུ་ནི་རྒྱུན་འཛིན་གྱི་ཐབས་ཤེས་ཡག་ཤོས་ཤིག་ལ་མཐོང་མོད།  གྲོང་སྡེ་ཕན་ཚུན་བར་ཐག་ཆེས་རིང་ཞིང་།  དམངས་གླུ་གཅིག་ལ་མཚོན་ན་གྲོང་སྡེ་མི་འདྲ་བར་གཞས་གདངས་མི་འདྲ་བ་ཡོད་རྐྱེན་དབྱངས་རྩོམ་ཐབས་ལ་བརྟེན་ནས་བསྡུ་སྒྲིག་དང་མྱུར་སྐྱོབ་བྱེད་པའི་དཀའ་ཁག་ཇེ་ཆེར་སོང་།  དམངས་གླུ་འགའ་ཤས་ཀྱི་དབྱངས་འགྲོས་ཅུང་རྙོག་འཛིང་ཆེ་བས་དབྱངས་ཚིགས་ལ་བརྟེན་ནས་ཟིན་བྲིས་བཀོད་ཚེ།  དཀྲོལ་གཏོང་གི་སྙན་ཆ་སེམས་ལ་བསམ་པ་ཞིག་ཡོང་ཐབས་བྲལ།  དེར་བརྟེན།  ཀརྨས་བོད་རང་སྐྱོང་ལྗོངས་ནང་ཁུལ་དང་དེ་བཞིན་ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་རྒན་རབས་མང་པོར་བཀའ་འདྲི་ཞུས་པ་དང་ཆབས་ཅིག་དམངས་གླུ་དེ་རིགས་ཀྱི་དབྱངས་རྩོམ་ཐབས་ཐད་འཚོལ་ཞིབ་དང་བསམ་གཞིག་བྱེད་བཞིན་མཆིས།  
          དམངས་གླུ་ཉར་ཚགས་དང་མྱུར་སྐྱོབ་ཐུབ་པས་མ་ཚད།  རྒྱུན་འཛིན་ཐུབ་པ་དགོས་རྒྱུ་ནི་ཀརྨའི་རེ་བ་ཆེ་ཤོས་དེ་རེད།  ད་ལྟ་ཀརྨས་འཁྱུག་དབྱངས་སྟེང་སྒྲ་སྙན་དཀྲོལ་གཏོང་གི་བརྙན་ཐུང་མང་པོ་སྐུར་གྱི་ཡོད་པ་དང་།  ཧྥིན་སི་2000ལ་ཉེ་བ་ཟིན་ཡོད།  མི་མང་པོས་ཁོ་ལ་རྒྱབ་སྐྱོར་བྱེད་པ་དང་སྐུལ་ལྕག་བྱེད་ཀྱི་ཡོད།  དར་སྲོལ་གསར་པར་དགའ་བའི་གཞོན་སྐྱེས་གཞན་དང་འདྲ་བར་ཁོ་ཡང་དར་སྲོལ་གླུ་དབྱངས་ལེན་རྒྱུར་མོས།  ཡིན་ན་ཡང་།  དེ་དག་གིས་སྒྲ་སྙན་གྱིས་སྟེར་བའི་སྤྲོ་བ་དེ་འདྲ་ནམ་ཡང་སྟེར་ཐབས་བྲལ།  སྒྲ་སྙན་དཀྲོལ་མ་ཐག་སེམས་ནང་གི་མ་སྐྱིད་པ་ཡོད་ཚད་འཇའ་ལྟར་ཡལ་འགྲོ་གཤིས།  སྒྲ་སྙན་ནི་ཀརྨའི་མི་ཚེའི་ནང་མེད་ཐབས་མེད་པའི་དངོས་པོ་ཞིག་ལ་གྱུར་ཟིན།  ཁོས་ཉིན་ལྟར་སྒྲ་སྙན་ལ་ལག་པ་རེ་མ་འཇུས་ན།  སེམས་སྟོང་སང་ངེར་ལུས་ནས་གཉིད་ཀྱང་ཁུག་དཀའ་བའི་ཚད་དུ་སླེབས་འདུག་ཟེར།  
          སྒྲ་སྙན་དང་ཀརྨའི་དབར་གྱི་ལས་འབྲེལ་གླེང་སྐབས།  ཁོའི་ཡུལ་མི་སྤུན་མཆེད་ཕུད།  རོལ་དབྱངས་དགེ་རྒན་བློ་བཟང་ཚེ་རིང་མ་གླེངས་ཐབས་མེད་རེད།  ཀརྨས་མཐོ་འབྲིང་འགྲིམ་སྐབས་དགེ་བའི་བཤེས་གཉེན་བློ་བཟང་ཚེ་རིང་གིས་སློབ་མ་ཚོར་བོད་ལྗོངས་ནི་གླུ་གར་གྱི་རྒྱ་མཚོ་ཡིན་ཞིང་།  ས་གནས་སོ་སོའི་དམངས་གླུ་ནི་དེ་བས་ཉམས་འགྱུར་མི་འདྲ་བ་དང་།  བཀྲག་མདངས་རྣམ་པར་འཚེར་བའི་རི་མོ་རེ་རེ་དང་མཚུངས་པས།  སློབ་མ་ཚོས་དབྱར་གསེང་སྐབས་རང་གི་ཕ་ཡུལ་གྱི་གླུ་གཞས་འཚོལ་བསྡུ་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད།  བློ་བཟང་ཚེ་རིང་གི་བསམ་ཡུལ་ལས་འདས་པར།  རང་གི་དེ་སྔའི་ཆེས་རྒྱུན་གཏན་གྱི་སྐད་ཆ་ཚིག་ཁ་ཤས་ཀྱིས་ཀརྨའི་མི་ཚེའི་ལམ་བུར་འགྱུར་ལྡོག་ཕྱིན་ཅིང་།  རྒན་ལགས་ཀྱིས་བཀོད་སྒྲིག་བྱས་པའི་སྦྱོང་ཚན་དེ་ལེགས་འགྲུབ་ཡོང་ཆེད།  ཀརྨའི་གོམ་པའི་འདེགས་འཇོག་མངའ་རིས་སྒྲ་སྙན་གྱི་འཇིག་རྟེན་དུ་ཐོག་མར་སྤོས་པ་དང་།  དུས་དེ་ནས་བཟུང་ཕྱིར་བཤོལ་གྱི་བསམ་བློ་སྤུ་ཙམ་མེད་པར་བརྩེ་བ་སྒྲ་སྙན་ལ་བཅངས་ཤིང་།  དུང་བ་སྒྲ་སྙན་ལ་བཅོལ།  ལོ་ཡི་ཉག་མ་བདུན་བརྒྱད་འདས་ཟིན་མོད།  ཀརྨ་མུ་མཐུད་ལམ་བུ་དེའི་ཐོག་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་།  བློ་བཟང་ཚེ་རིང་གིས་དུས་དང་རྣམ་པ་ཀུན་ཏུ་ཁོ་ལ་སྐུལ་ལྕག་བྱེད་བཞིན་མཆིས།  
          ཀརྨ་མ་གཞི་ངོ་ཚ་སྨིན་པོ་ཞིག་ཡོད་རུང་།  སློབ་སྦྱོང་བྱ་རྒྱུའི་ཐད་བློ་གཤོགས་ཧ་ཅང་ཆེན་པོ་ཡོད།  ལོ་འདི་དག་རིང་ཁོས་སྔ་རྗེས་སུ་བློ་བཟང་ཚེ་རིང་དང་།  བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་བུད་མེད་ཀྱི་སྒྲ་མདངས་མཐོ་བའི་གླུ་དབྱངས་མཁས་པ་བདེ་སྐྱིད་མེ་ཏོག  ལྷ་སའི་སྒྲ་སྙན་རྒྱུན་འཛིན་པ་བཀྲ་ཤིས་རྡོ་རྗེ།  ཡུན་ནན་ཤམ་བྷ་ལའི་སྐོར་བྲོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཉི་མ་འཕྲིན་ལས།  བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་སྒྲ་སྙན་མཁས་ཅན་ཟླ་བ་ཚེ་རིང་སོགས་དགེ་རྒན་དུ་བསྟེན་ནས་སྒྲ་སྙན་གྱི་དཀྲོལ་གཏོང་ཐབས་ཤེས་སྣ་ཚོགས་ལ་སྦྱངས་པ་ཆུ་བོའི་རྒྱུན་བཞིན་བྱས་པ་དང་།  གདོང་ལྤགས་མཐུག་པོ་དང་བཅས་བཀའ་འདྲི་ཞུ་རྒྱུ་རྒྱུན་འཁྱོངས་བྱས།  དགེ་རྒན་རྣམ་པའི་ཁོང་ཡངས་དཀྱེལ་ཆེ་དང་སྐུལ་ལྕག་ལས་ཁོའི་སྒྲ་སྙན་གྱི་ལམ་བུ་སྔར་བས་ཇེ་ཡངས་ཇེ་བརྟན་དུ་སོང་།  
          ད་ལྟ་ཀརྨ་མི་སྒེར་གྱི་མངའ་རིས་སྒྲ་སྙན་གྱི་དམངས་གླུའི་ཆེད་བསྒྲིགས་འདོན་ཉེར་ཡོད་པ་དང་།  གླུ་དབྱངས་ཆེད་བསྒྲིགས་དང་པོར་མངའ་རིས་རྩ་མདའི་གླུ་གཞས་དགུ་བསྡུས་ཡོད་པར།  སྒྲ་སྙན་རྐྱང་དཀྲོལ་དང་།  དམངས་གླུ་མཉམ་ལེན།  སྒྲ་སྙན་དང་པི་ཝང་མཉམ་དཀྲོལ་སོགས་ཉམས་འགྱུར་མི་འདྲ་བ་སྣ་ཚོགས་ཡོད།  ཁོས་ཆེད་བསྒྲིགས་དེར་རེ་བ་ཆེན་པོ་འཆང་བཞིན་ཡོད་ལ་དམིགས་སུ་བཀར་ནས་གཟབ་གཟབ་སིག་སིག་བྱེད་ཀྱི་ཡོད།  གླུ་དབྱངས་ཆེད་བསྒྲིགས་དངོས་སུ་འགྲེམས་སྤེལ་བྱས་རྗེས།  ཆེད་བསྒྲིགས་ཀྱི་ཕུད་དེ་སུ་ལ་སྤྲོད་རྩིས་ཡོད་མེད་སྐོར་འདྲི་སྐབས།  ཁོས་ལམ་སེང་ངའི་མངའ་རིས་སུ་ཡོད་པའི་དགའ་ཉེ་བློ་དཀར་དང་ཡུལ་མི་སྤུན་གྲོགས་ཚོར་འབུལ་རྒྱུ་ཡིན་ཟེར།  སྐད་ཆ་དེ་བཤད་ཚར་རྗེས་ཁོ་ངོ་ཚ་ནས་གད་མོ་ཤོར།  ཁོས་མངའ་རིས་སྒྲ་སྙན་དང་པི་ཝང་སློབ་སྦྱོང་དང་དམངས་གླུ་བསྡུ་སྒྲིག་བྱེད་རིང་།  དམངས་ཁྲོད་སྒྱུ་རྩལ་པ་དང་།  ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་ཚོས་ལས་ཡུས་དང་སྡུག་ཡུས་ཅི་ཡང་མེད་པར་བར་གསེང་ཡོད་ཚད་ལ་གླུ་ལེན་གར་འཁྲབ་བྱས་ཏེ་ཁོའི་ཕུགས་འདུན་མངོན་འགྱུར་ཡོང་རོགས་བྱས་ཡོད།  
          ཀརྨས་སྒྲར་ཕབ་པའི་སྒྲ་སྙན་གྱི་གླུ་གཞས་དང་དམངས་གླུ་གཞན་དག་ལ་མངའ་རིས་རྩ་མདའ་རྫོང་གི་སྔ་མོའི་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་སོར་འཇོག་བྱས་ཡོད་པ་ལས་ལག་རྩལ་གྱི་བཟོ་བཅོས་གང་ཡང་བྱས་མེད།  ཁོས་ཨ་ཕ་དང་ཡུལ་མི་ཚོར་Uསྡེར་ནང་གི་གླུ་གཞས་ཉན་དུ་འཇུག་སྐབས།  དེ་སྔོན་ཀརྨའི་བྱེད་སྟངས་ལ་བསམ་ཤེས་མི་ཐོངས་པའི་ཡུལ་མི་རྣམས་ཁོའི་སྒྲ་སྙན་དང་དམངས་གླུ་ལ་ཉན་གྱིན་ཉན་གྱིན་རང་བཞིན་དུ་ཞབས་བྲོ་འཁྲབ་པར་བྲེལ་ལ།  བཞིན་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་འདུག  བགྲེས་སོང་ཚོས་མགོ་བོ་ལྕོག་ལྕོག་བྱེད་བཞིན་“གཞས་ཀྱི་བྲོ་བ་དེ་རང་རེད་”ཟེར།  ཀརྨ་ཁྱིམ་དུ་ལོག་རིམ་བཞིན་གྲོང་ཚོའི་མི་རྣམས་སྒོར་སྒོར་བྱས་ནས་ཁོའི་སྒྲ་སྙན་དང་ལྷན་དུ་གླུ་ལེན་གར་འཁྲབ་ལ་རོལ་ངེས།  ཉི་མར་ལྡེ་བཞིན་པའི་བགྲེས་སོང་ཚོས་ཀརྨ་མཐོང་མ་ཐག་ལམ་སེང་“ཀརྨ།  གཞས་ཤིག་ཐོངས་དང་”ཟེར།  
          དམངས་གླུ་ལ་ཧ་ཅང་མཁས་པའི་རྒན་པོ་ཞིག་ཡོད་ཚུལ་རང་གི་ཨ་མས་དེ་སྔོན་བཤད་མྱོང་བ་དྲན་རྗེས།  ཀརྨ་རླངས་འཁོར་ལ་བསྡད་ནས་ཁོང་འཚོལ་བའི་ལམ་དུ་བཞུད།  རྒན་པོའི་ཁྱིམ་ནས་ཞིང་ཁའི་ནང་།  ཞིང་ཁའི་ནང་ནས་རྒན་པོའི་ཁྱིམ་བར་ཁོང་གར་ཕེབས་ས་ལ་སོང་ནས་ཞུ་བ་ཡང་ཡང་འཐེན་མོད།  རྒན་པོས་དུས་ཚོད་རིང་པོ་ཕྱིན་ཟིན་པས།  ད་ནི་ངས་ཅི་ཡང་དྲན་གྱི་མི་འདུག་ཅེས་ཁོ་ན་གསུངས།  ཀརྨས་རྒན་པོ་ཁོང་ཆང་མཆོད་རྒྱུར་མཉེས་པོ་ཡོད་པ་ཤེས་རྗེས།  ཆང་ཤེལ་དམ་བཅུ་ཉོས་ཏེ་ཡོང་བ་དང་།  རྒན་པོས་མགོ་བོ་གཡུག་གཡུག་བྱེད་བཞིན་“བུ་རང་དེ་འདྲའི་ཨུ་ཚུགས་ལ།  ངས་ཆང་བཏུངས་ཀྱང་གཞས་གཏོང་རྒྱུ་མེད།  གཞས་བཏང་ཡང་ཆ་ཚང་བ་ཞིག་གཏོང་མི་ཐུབ་”ཟེར།  ཀརྨས་ཆ་མ་ཚང་ཡང་སྐྱོན་མེད་ཟེར་བཞིན་རྒན་པོར་ཆང་བླུག་རྐྱང་བྱས།  ཆང་ཕོར་པ་འགའ་ཤས་བཏུངས་རྗེས་རྒན་པོས་ཀརྨར་དམངས་གླུ་དེ་ཚོ་ཁྱེར་ནས་ག་རེ་བྱེད་རྩིས་ཡོད་དམ་ཞེས་སྐད་ཆ་དྲིས།  ཀརྨས་ཕ་ཡུལ་གྱི་སྙན་འཇེབས་ལྡན་པའི་དམངས་གླུ་དེ་དག་བསྡུ་རུབ་བྱས་ཏེ།  མི་དེ་བས་མང་བར་མངའ་རིས་ཀྱི་དམངས་གླུ་ངོ་སྤྲོད་ཀྱིས་མི་རབས་ནས་མི་རབས་བར་མངའ་རིས་ཀྱི་དམངས་གླུ་མ་ཉམས་གོང་འཕེལ་གཏོང་རྒྱུའི་སྐོར་གླེངས།  རྒན་པོས་ཆང་ཕོར་པ་འགའ་ཤས་བཏུངས་རྗེས།  གཞས་གཏོང་འགོ་ཚུགས་པ་དང་།  ཀརྨ་དགའ་སྤྲོས་རབ་ཏུ་མྱོས་ནས་གཞས་ཚིག་རེ་རེ་བཞིན་ཟིན་བྲིས་བཀོད།  ཆུ་ཚོད་གཉིས་ཙམ་གྱི་རྗེས་ལ་རྟེན་འབྲེལ་འདུ་འཛོམས་སྐབས་ལེན་པའི་བཀྲ་ཤིས་གླུ་དབྱངས་དེ་ཟིན་བྲིས་བཀོད་ཚར་ཙམ་བྱུང་།  ཕྱིར་ཁྱིམ་དུ་སླེབས་ནས་ཨ་མ་ལགས་ཀྱི་འཁྲིས་སུ་གཞས་དེ་བླངས་པས།  ཨ་མས་མགོ་བོ་ལྕོག་ལྕོག་བྱེད་ཀྱིན།  དེ་ག་རེད།  གཞས་དེ་ག་རེད་ཟེར།  དེ་ནས་བཟུང་གྲོང་ཚོའི་ནང་བཀྲ་ཤིས་པའི་བྱ་བ་ཡོད་ཚད་ལ་ཚང་མས་ཀརྨ་གདན་དྲངས་ནས་གླུ་དེ་ལེན་གྱི་ཡོད།  བཀྲ་ཤིས་པའི་མཛད་སྒོ་ཡང་གནའ་སྔ་མོའི་བཀྲ་ཤིས་གླུ་དབྱངས་དེ་ཡོད་པས་དེ་བས་རྟེན་འབྲེལ་མ་བསྒྲིགས་རང་འགྲིག་བྱུང་།  
          ཞབས་བྲོ་གསུམ་པ་འོག་ཕྱོགས་ཀླུ་ལ་འཁྲབ།  །  
          མལ་གྲོ་གཟི་བྱིན་དྲུང་དུ་འཁྲབ་རྒྱུ་ཡིན།  །  
          གཡུ་ཡི་རྡོ་བཅལ་སྟེང་དུ་འཁྲབ་རྒྱུ་ཡིན།  །  
          རང་སེམས་བབས་པའི་ཞབས་བྲོ་འཁྲབ་རྒྱུ་ཡིན།  །  ••••••
          ——ཀརྨས་བསྡུ་སྒྲིག་བྱས་པའི་མངའ་རིས་རྩ་མདའི་དམངས་གླུ་《རང་སེམས་བབས་པའི་ཞབས་བྲོ་》ལས་དྲངས།  
          ད་ཆ་ཀརྨས་སྔར་བཞིན་སྒྲ་སྙན་གྱི་དཀྲོལ་གཏོང་ལག་རྩལ་སྣ་ཚོགས་སློབ་སྦྱོང་བྱེད་བཞིན་ཡོད།  ཁོས་མངའ་རིས་སྒྲ་སྙན་དང་རང་གི་ཕུགས་འདུན་ཆེད་དུ་གོ་སྐབས་ལ་བསྒུགས་ནས་མ་བསྡད་པར།  གོ་སྐབས་གསར་གཏོད་བྱེད་པར་བྲེལ་མུས་སུ་ཡོད་དོ།  །  
གཟི་བཀྲ་ཤིས་ཀྱིས་བསྒྱུར།
འབྲེལ་ཡོད་རྩོམ་ཡིག