ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མི་ལོ་སོ་ལྔའི་འཕུར་མཆོང་།

2022-03-21 ཝང་ལི། ཁུང་ཞཱ།
ཀ +
          2021ལོའི་ཟླ་9པའི་ཚེས་19ནས་21ཉིན་བར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་དེ་སྟོན་ཆར་སིམ་སིམ་འབབ་པའི་ཧྲན་ཤིས་ཤིས་ཨན་དུ་འགོ་ཚུགས།  བཀྲ་ཤིས་དང་།  སྤེན་པ་ཚེ་རིང་།  སྐལ་བཟང་ཕུན་ཚོགས།  བསྟན་འཛིན་བློ་བརྟན་བཅས་ལས་གྲུབ་པའི་བོད་ལྗོངས་རྩལ་འགྲན་རྟ་རྩལ་རུ་ཁག་གིས་རྣམ་གྲངས་དེའི་ཚོགས་པའི་འགྲན་བསྡུར་ལ་ཞུགས་པ་དང་།  དུས་ཡུན་ཉིན་གསུམ་གྱི་ཛ་དྲག་འགྲན་བསྡུར་བརྒྱུད་བོད་ལྗོངས་རྟ་རྩལ་རུ་ཁག་གིས་རྣམ་གྲངས་དེའི་ཚོགས་པའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་བླངས།  
          འདི་ནི་བོད་ལྗོངས་ཀྱི་རྟ་རྩལ་རུ་ཁག་བཙུགས་ནས་ལོ་35སོང་རིང་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་དེ་ཡིན་པ་དང་།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པར་ཐོབ་པའི་གསེར་གྱི་རྟགས་མ་ཐོག་མ་དེ་ཡང་རེད།  
          “མི་ལོ་35ཡི་རིང་གི་ཕུགས་འདུན་དངོས་སུ་མངོན་འགྱུར་བྱུང་བས།  སེམས་འགུལ་ཚད་མེད་ཐེབས་བྱུང་”ཞེས་བོད་ལྗོངས་རྟ་རྩལ་རུ་ཁག་གི་རུ་དཔོན་མཚོ་དོན་བྱ་དགའ་སྤྲོད་སའི་སྡིངས་ཆ་ལས་བབས་ཏེ་མིག་ལ་མཆི་ཞག་འཁོར་བཞིན་དེ་ལྟར་བཤད།  བོད་ལྗོངས་རྟ་རྩལ་རུ་ཁག་གི་ལུས་རྩལ་པ་ཁག་དང་པོ་གྲས་ཤིག་ཡིན་པའི་ངོས་ནས།  མཚོ་དོན་གྱིས་གསེར་གྱི་རྟགས་མ་དེར་ལྗིད་ཚད་ཇི་ཙམ་ཡོད་པ་གསལ་པོར་ཤེས།  
          “རྩལ་འཁྲིད་པ་བསྟན་འཛིན་ང་གཉིས་ཁག་དང་པོའི་སློབ་མ་རེད་”ཟེར་བཞིན་མཚོ་དོན་གྱིས་ལག་ནང་གི་གསེར་གྱི་རྟགས་མ་ལ་ཅེ་རེར་ལྟ་བཞིན་ང་ཚོར་ཁོང་དང་བོད་ལྗོངས་རྟ་རྩལ་རུ་ཁག་གི་གཏམ་རྒྱུད་གླེང་།
མི་གཅིག་ཀྱང་ཆད་མི་རུང་།
          རྟ་ནི་གནའ་ནས་ད་བར་བོད་མི་རིགས་ཀྱི་གྲོགས་པོ་སྙིང་ཉེ་ཤོས་དེ་ཡིན་ཞིང་།  བོད་རིགས་མི་དམངས་ཀྱི་འཚོ་བའི་ཕྱོགས་གང་སར་མ་ཁྱབ་པ་མེད།
          བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རྟ་རྩལ་ལུས་རྩལ་སྔར་བས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་ཆེད།  1986ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྣེ་ཁྲིད་འོག བོད་རང་སྐྱོང་ལྗོངས་ལུས་རྩལ་ཨུ་ལྷན་གྱིས་ལྷ་ས་དང་།  ཆབ་མདོ།  གཞིས་རྩེ་སོགས་ནས་རུ་མི་40(སྐྱེས་པ་26དང་བུད་མེད་14)བསྡུས་རྗེས་སུ་བོད་ལྗོངས་ལ་རང་ཉིད་ཀྱི་ཆེད་ལས་རྟ་རྩལ་རུ་ཁག་ཡོད་པར་གྱུར།  པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་ལྗོངས་ཀྱི་རྟ་རྩལ་རུ་ཁག་དང་པོར་རྒྱབ་སྐྱོར་གྱི་ཚུལ་དུ་ཁོང་གི་ཀྱི་ཆིབས་རྟ་ཡང་རྟ་རྩལ་རུ་ཁག་ལ་གནང་།  
          རྟ་རྩལ་རུ་ཁག་བཙུགས་རྗེས་སུ་ཆེད་ལས་ཀྱི་སྦྱོང་བརྡར་ཡོང་ཆེད།  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐུན་སྦྱོར་བྱས་པ་བརྒྱུད།  རུ་དཔོན་ཐོག་མ་བསྟན་པ་དར་རྒྱས་ཀྱིས་མཚོ་དོན་སོགས་སློབ་མ་40པོ་ཁྲིད་དེ་ནང་སོག་གི་ཧུ་ཧོ་ཧའོ་ཐེར་ཆེད་ལས་ཀྱི་རྟ་རྩལ་སྦྱོང་བརྡར་བྱེད་པར་བསྐྱོད།  
          ད་ལྟའི་བོད་ལྗོངས་རྟ་རྩལ་རུ་ཁག་གི་རྩལ་འཁྲིད་པ་བསྟན་འཛིན་ནི་1986ལོར་མཚོ་དོན་དང་དུས་མཉམ་དུ་བོད་ལྗོངས་རྟ་རྩལ་རུ་ཁག་ལ་བསྡུས་པ་རེད།  ལོ་30ཡི་གོང་གི་སྐོར་གླེང་སྐབས།  ཁོ་རང་དགའ་ཚོར་གྱིས་ནོན་མི་ཐུབ་པ་ལྟ་བུར་གྱུར།  བསྟན་འཛིན་གྱིས་སྦྱོང་བརྡར་ལ་སྤྱོད་རྒྱུའི་རྟ་མཐོང་ཐེངས་དང་པོའི་རྣམ་པ་དེ་ད་ལྟ་ཡང་ཡིད་ལ་གསར་པོར་དྲན་གྱི་ཡོད།    “རྟ་67དེ་དག་ནི་ང་ཚོ་བོད་ལྗོངས་ཀྱི་རྟ་ལས་གཟུགས་ཆེ་བ་དང་།  སྟོབས་ཆེ་ལ།  ཤིན་ཏུ་རྒོད་ཅིང་ལག་པ་ཡང་རེག་ཏུ་འཇུག་གི་མེད”ཅེས་ཟེར།  
          ཐག་རིང་ལྷ་ས་ནས་འོང་ཞིང་ལོ་ན་བཅོ་ལྔ་བཅུ་དྲུག་ལས་མ་སོན་པའི་གཞོན་ནུ་ཚོས།  རྟ་རྒོད་དེ་དག་གི་རྒྱབ་ནས་བོད་ལྗོངས་རྟ་རྩལ་རུ་ཁག་གི་འཕེལ་རྒྱས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ལ།  རང་རང་སོ་སོའི་ཞུམ་མེད་མདུན་སྐྱོད་ཀྱི་མི་ཚེ་གསར་པའི་འགོ་བརྩམས།  
          དང་ཐོག་སྦྱོང་བརྡར་བྱེད་སྐབས་སྦག་སྦག་འཁོར་ལོའི་བདེ་སྲུང་ཞྭ་མོ་ལས་གཞན་པའི་འགོག་སྲུང་གི་སྒྲིག་ཆས་མེད།  རྟས་གང་བྱུང་བཞོན་དུ་མི་འཇུག་པས།  འདུལ་སྦྱོང་བས་རྟ་བཞོན་ནས་ཐང་ཆད་ཚེ་གཞི་ནས་བཞོན་པ་དང་།  རྟས་སོ་རྒྱག་པ་དང་།  འཕྲས་རྒྱག་པ།  འབུད་རྒྱག་གཏོང་བ་སོགས་གང་བྱས་རུང་འཕུར་འཕུར་དང་མིག་ཆུ་འབྱིད་ཀྱིན་མུ་མཐུད་རྟ་བཞོན་ནས་སྦྱོང་བརྡར་བྱེད།  ལོ་52ལ་སླེབས་པའི་བསྟན་འཛིན་གྱིས་“ཐོག་མར་སྦྱོར་བརྡར་བྱེད་སྐབས་དམག་རྒྱག་པ་དང་གཅིག་པ་རེད།  ཉིན་ལྟར་རྟ་ལས་ལྷུང་ཐེངས་དྲུག་བདུན་ཟིན་པ་དང་བརྡབ་པ་དང་སོ་ཐེབས་པ་སོགས་ལས་རྨས་སྐྱོན་ཕོག་པ་ནི་རྒྱུན་གཏན་རང་རེད།  རུས་པ་ཆག་པ་ཡང་གླེང་རིན་མེད་པའི་དོན་ཆུང་རང་རེད་”ཅེས་སྣང་བ་སྣང་སངས་མེད་པར་བཤད།  
          དཔའ་ངར་ཞུམ་པ་མེད་པ་དང་བག་ཡངས་དཀྱེལ་ཆེའི་གཤིས་རྒྱུད་ལས་བོད་ལྗོངས་ཀྱི་རྟ་རྩལ་ལུས་རྩལ་པ་ཁག་དང་པོས་དུས་ཐུང་ཟླ་11ཙམ་གྱི་སྦྱངས་འབྲས་དེ་སྤྱིར་བཏང་དུ་སྦྱོང་བརྡར་ལོ་གསུམ་ལ་བྱེད་དགོས་པའི་ཆུ་ཚད་དུ་སླེབས་ཏེ།  རྟ་རྩལ་གྱི་རྨང་གཞི་ཅུང་ལེགས་པའི་བོད་ལྗོངས་ཀྱི་ཆེད་ལས་ལུས་རྩལ་པ་རབས་དང་པོར་གྱུར།
          1987ལོར་བོད་ལྗོངས་རྟ་རྩལ་རུ་ཁག་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པར་ཞུགས་པ་མ་ཟད།  བཀག་འགྲན་རྟ་རྩལ་རྣམ་གྲངས་སུ་ཨང་གསུམ་པ་ཐོབ།  བསྟན་འཛིན་གྱིས་“སྐབས་དེ་དུས་མགོ་བོ་དགྱེ་ཆོག་ཆོག་ཅིག་བྱུང་བ་དང་།  བོད་ལྗོངས་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་ཐུབ་སོང་སྙམ་པ་བྱུང་”ཞེས་བཤད།  
སྐྱིད་སྡུག་ཉམས་སུ་མྱོང་།
          1992ལོར་བོད་ལྗོངས་ལུས་རྩལ་ཅུས་ཀྱིས་པེ་ཅིང་དུ་རྩལ་འགྲན་རུ་ཁག་གི་སྦྱོང་བརྡར་རྟེན་གཞི་འཛུགས་རྒྱུ་གཏན་འཁེལ་བྱས་མོད་ས་ཆ་ཡག་པོ་ཞིག་མ་རྙེད།  དེར་བརྟེན་བསྟན་འཛིན་དང་མཚོ་དོན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྦྲུགས་ཀྱིས་རུ་མི་རྣམས་ཁྲིད་དེ་པེ་ཅིང་གི་རྟ་རྩལ་སྤྲོ་སྐྱིད་ཁང་ཁག་ལ་གླ་པར་རྒྱུག་པར་སོང་།  ཕྱོགས་གཅིག་ནས་རྟ་རར་གཙང་སྦྲ་དང་རྟ་ལ་སྦྱོང་བརྡར་བྱས་པ་དང་།  ཕྱོགས་གཞན་ཞིག་ནས་ས་ཆ་གཡར་ཏེ་སྦྱོར་བརྡར་བྱས་པ་རེད།  
          རྟ་རྩལ་རུ་ཁག་གི་རུ་མི་སྤེན་པ་ཚེ་རིང་གིས་2010ལོར་བྱུང་བའི་བྱ་བ་གཅིག་ད་དུང་ཡང་སེམས་ལ་གསལ་པོར་དྲན་བཞིན་མཆིས།  
          ལོ་དེར་2011ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པར་གྲུབ་འབྲས་ཡག་པོ་ཞིག་ཐོབ་ཆེད།  མྱུར་ཚད་འགྲན་བསྡུར་གྱི་རྩལ་འཁྲིད་པ་ཕུར་བུ་ཚེ་རིང་གིས་སྤེན་པ་ཚེ་རིང་དང་།  བསྟན་འཛིན་ཆོས་འཕེལ།  བཀྲ་ཤིས་ཕུན་ཚོགས་བཅས་རུ་མི་གསུམ་ཁྲིད་དེ་པེ་ཅིང་ཧྥང་ཧྲན་གྱི་རྟ་རྩལ་སྤྲོ་སྐྱིད་ཁང་ཞིག་ཏུ་སྦྱོང་བརྡར་བྱེད་པར་སོང་མོད།  ཡིན་ན་ཡང་སྤྲོ་སྐྱིད་ཁང་དེར་ཉལ་ཁང་འདང་ངེས་མེད་པས།  ཁོ་ཚོའི་ཉལ་ཁང་གི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ།  སྦྱོང་བརྡར་གྱི་གོ་སྐབས་རྩ་ཆེན་དེ་མི་ཤོར་བའི་ཆེད་དུ་ཕུར་བུ་ཚེ་རིང་དང་རུ་མི་ཚོས་རྟ་རའི་ཕྱོགས་གང་སར་བསྐོར་བ་བརྒྱབ་རྗེས་ཁང་སྟོང་ཞིག་རྙེད་པ་དང་།  ཁང་སྟོང་དེ་ནི་རྟ་རའི་བདག་པོའི་དེ་སྔའི་ཁྱི་ཚང་ཡིན་ཞིང་ད་ལྟ་བེད་མེད་དུ་བསྐྱུར་པ་ཞིག་རེད།
          ཕུར་བུ་ཚེ་རིང་གིས་རྟ་རའི་ལས་དོན་མི་སྣའི་ཡ་མཚན་གྱི་མིག་མདའ་དང་ཤབ་ཤུབ་ཀྱི་གླེང་མོལ་ལ་སྣང་བ་མ་བཏང་བར་རུ་མི་ཚོ་ཁྲིད་དེ་ཁྱི་ཚང་དེར་གད་འཕྱིས་གཙང་མ་བྱས་ནས་ཁོ་ཚོ་མི་བཞིའི་གནས་སྐབས་ཀྱི་ཉལ་ཁང་ལ་གཏན་འཁེལ་བྱས།  
          རྩལ་འཁྲིད་པ་ཕུར་བུ་ཚེ་རིང་དང་སྤེན་པ་ཚེ་རིང་།  བསྟན་འཛིན་ཆོས་འཕེལ།  བཀྲ་ཤིས་ཕུན་ཚོགས་བཅས་བཞི་པོ་ཁོད་ཡངས་པའི་ཁྱི་ཚང་དེའི་ནང་ལོ་གཅིག་དང་ལོ་ཕྱེད་ཙམ་ལ་བསྡད།  
          དཀའ་སྡུག་གི་གནས་སུ་གྱར་བའི་བོད་ལྗོངས་རྟ་རྩལ་ལུས་རྩལ་གྱི་མིག་སྔའི་གནས་བབ་མཐོང་རྗེས་མི་འགའ་ཤས་ཀྱིས་རུ་མི་ཚོར་བོད་ལྗོངས་རྟ་རྩལ་རུ་ཁག་ནས་ཐོན་ཏེ་པེ་ཅིང་གི་རྟ་རྩལ་སྤྲོ་སྐྱིད་ཁང་དུ་ལས་ཀར་སོང་ཟེར་མཁན་ཡང་བྱུང་མོད།  རུ་མི་སུ་གཅིག་གི་སེམས་པར་གཡོ་འགུལ་སྤུ་ཙམ་ཡང་བྱུང་མེད།
          “ང་ཚོ་ནི་བོད་ལྗོངས་མི་དམངས་ཀྱིས་གསོ་སྐྱོང་བྱས་པ་རེད།   ང་ཚོས་བོད་ལྗོངས་ཀྱི་ངོ་གདོང་ཆུ་ལ་བསྐྱུར་མི་རུང་།  དེ་བས་ང་ཚོའི་རྐྱེན་པས་རྟ་རྩལ་རུ་ཁག་ཁ་ཐོར་དུ་སོང་ན་མི་འགྲིག”
          “ང་ཚོ་དཀའ་སྡུག་གང་ལ་ཡང་མི་སྐྲག ང་ཚོ་སྐྲག་ས་ནི་རྟ་བཞོན་དུ་མ་བཅུག་པ་དང་འགྲན་བསྡུར་ལ་ཞུགས་སུ་མ་བཅུག་པ་དེ་རེད།”
          “དཀའ་ངལ་གང་ཞིག་ཕྲད་ཀྱང་དེ་ནི་གནས་སྐབས་ཙམ་རེད།  ཞིང་ཆེན་གཞན་དང་བསྡུར་ན་ང་ཚོ་བོད་ལྗོངས་ལ་དངུལ་མང་པོ་མེད་པ་དང་ཆ་རྐྱེན་སྐྱོ་ཙམ་ཡོད་མོད།  མ་འོངས་པར་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་ངེས།”
          རུ་མི་ཚོའི་ཟོལ་མེད་བབ་ཆགས་ཀྱི་སེམས་གཏམ་དེ་དག་ལ་མི་རྣམས་སེམས་འགུལ་མི་ཐེབས་པ་ག་ལ་སྲིད།  དེ་ནི་ཁོང་ཚོའི་བོད་ལྗོངས་དང་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་རེ་སྨོན་ཡོད་ཚད་རྟ་རྩལ་ལ་བཅོལ་ཡོད་པས་རེད།  
          གནས་མེད་ཡུལ་འཁྱར་གྱི་ལོ་ཟླ་དེ་དག་ཏུ་རུ་མི་ཚོས་ནམ་རྒྱུན་སྤྲོ་སྐྱིད་ཁང་ལ་རྟ་འཆམ་འཆམ་ལ་འཁྲིད་རོགས་དང་།  རྟ་ལ་སྦྱོང་བརྡར་བྱེད་རོགས་བྱེད་པ་ཕུད།  རུ་མི་ཚོའི་སྦྱོང་བརྡར་ལ་ལྷོད་གཡེང་སྤུ་ཙམ་ཡང་བཏང་མེད་དེ།  ཚོགས་པའི་རྟ་རྩལ་གྱི་ཆེད་ལས་ཆུ་ཚད་མངོན་གསལ་དོད་པོས་ཡར་རྒྱས་སོང་།  2012ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག བོད་ལྗོངས་རྟ་རྩལ་རུ་ཁག་ཐེངས་དང་པོར་ཕྱི་རྒྱལ་ལ་སྐྱོད་འགོ་ཚུགས་པ་དང་།  ཐོག་མར་ཡོ་རོབ་ཏུ་རྟོག་ཞིབ་སློབ་སྦྱོང་ལ་སོང་།  དེ་ནས་བཟུང་སྟེ་བོད་ལྗོངས་རྟ་རྩལ་རུ་ཁག་ལོ་ཕྱེད་རེ་སོང་རྗེས་འཇར་མན་ལ་དུས་ཡུན་ཟླ་བ་གསུམ་ལ་སྦྱོང་བརྡར་བྱེད་པར་འགྲོ་གི་ཡོད།  
          2016ལོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་རྟ་རྩལ་རུ་ཁག་ལ་ཕྲད་པའི་དམིགས་བསལ་གྱི་དཀའ་ངལ་ལ་དམིགས་ནས་པེ་ཅིང་གྲོང་ཁྱེར་ཧྲུན་དབྱི་ཆུས་སུ་ས་ཆ་གཡར་ནས་སྦྱོང་བརྡར་རྟེན་གཞི་བཙུགས་པ་དང་།  འཕྲལ་མཁོ་ཆེ་བའི་རྟ་ཉོས་པ།  ཆེད་དམིགས་ཀྱི་འགྲན་བསྡུར་འགྲོ་གྲོན་དང་ནམ་རྒྱུན་གྱི་འགན་སྲུང་འགྲོ་གྲོན་བཀོད་སྒྲིག་བྱས་པ།  ཅུང་གཏན་འཇགས་ཀྱི་ཞབས་ཞུའི་འགན་སྲུང་སྟོབས་ཤུགས་སྒྲིག་སྦྱོར་བྱས་ཤིང་།  དེ་ནས་བཟུང་བོད་ལྗོངས་རྩལ་འགྲན་རྟ་རྩལ་རུ་ཁག་གང་སར་སྦྱོང་བརྡར་བྱེད་ས་གཡར་བར་འགྲོ་བའི་འཚོ་བ་མཇུག་བསྒྲིལ།  
          འཁྱམ་མྱུལ་གྱི་འཚོ་བ་མཇུག་བསྒྲིལ་ཏེ་སྦྱོང་བརྡར་བྱེད་སའི་གཏན་འཇགས་ཀྱི་ས་ཆ་ཡོད་པ་དང་།  རྒྱུད་པ་ལེགས་པའི་རྟ་ཡོད་པ།  ཚ་སོབ་སོབ་ཀྱི་ཉལ་ཁང་ཡོད་པས།  སྐལ་བཟང་ཕུན་ཚོགས་དང་ལས་རོགས་ཚོའི་ངོས་ནས་བརྗོད་ན་དེ་ལས་བདེ་སྐྱིད་ལྡན་པ་ཞིག་ག་ལ་ཡོད།  
          སྐྱིད་པོ་ཉིས་བརྩེགས་བྱུང་རྗེས་བཀྲ་ཤིས་པའི་གཏམ་བཟང་ཡང་གང་ས་ནས་གྲགས་འོང་བ་སྟེ།  
          2017ལོར་བོད་ལྗོངས་རྟ་རྩལ་རུ་ཁག་ལ་སྔ་རྗེས་སུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་ནང་ཨང་གསུམ་པ་དང་།  རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་ཚོགས་པའི་ཨང་དང་པོ་ཐོབ།  
          2018ལོར་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་བོད་ལྗོངས་རྟ་རྩལ་རུ་ཁག་ལ་ཚོགས་པའི་ཨང་པོ་ཐོབ།  
          2019ལོར་བོད་ལྗོངས་རྩལ་འགྲན་རྟ་རྩལ་རུ་ཁག་ལ་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་ཚོགས་པའི་ཨང་གཉིས་པ་ཐོབ།  
          2020ལོར་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་ཚོགས་པའི་འགྲན་བསྡུར་ཁྲོད་བོད་ལྗོངས་རྩལ་འགྲན་རྟ་རྩལ་རུ་ཁག་ལ་ཨང་དང་པོ་ཐོབ།  
          འཛམ་གླིང་གི་རྩེར་སོན་འགྲན་བསྡུར་ཁྲོད་བོད་ལྗོངས་རྟ་རྩལ་རུ་ཁག་གི་རུ་མིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་འཛམ་གླིང་ཐོག་ཨང་རིམ་མདུན་གྲལ་བཅུའི་ནང་སླེབས་པའི་བདམས་ཐོན་པ་དང་མཉམ་དུ་རྩལ་འགྲན་མྱོང་།  
          དེ་དང་དུས་མཉམ་པར་བོད་ལྗོངས་རྟ་རྩལ་རུ་ཁག་གི་རུ་མི་སྤེན་པ་ཚེ་རིང་དང་སྐལ་བཟང་ཕུན་ཚོགས་གཉིས་2018ལོའི་ཡ་ཅ་ཏ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་རུབ་འཛོམས་སྦྱོང་བརྡར་རུ་ཁག་དང་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་རྒྱལ་ཁབ་རུ་ཁག་ནང་བདམས་ཐོན་བྱུང་བ་དང་།  རྩལ་འཁྲིད་པ་བསྟན་འཛིན་2018ལོའི་ཡ་ཅ་ཏ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་རུབ་འཛོམས་སྦྱོང་བརྡར་རུ་ཁག་དང་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་རྒྱལ་ཁབ་རུ་ཁག་གི་ཀྲུང་གོ་ཕྱོགས་ཀྱིརྩལ་འཁྲིད་པར་བདམས་ཐོན་བྱུང་བ།  བསྟན་འཛིན་བློ་བརྟན་ལ་2015ལོ་འཁོར་གྱི་ཤིས་ཨུའུ་གཟེངས་རྟགས་ཆེན་པོའི་ཚད་བརྒལ་འགྲན་བསྡུར་(2m)ནང་ཨང་དང་པོ་ཐོབ་ནས་རྒྱལ་ནང་གི་ཟིན་ཐོ་གསར་པ་བཏོད་པ།  སྤེན་པ་ཚེ་རིང་ལ་2018ལོའི་ལང་ཆིང་བུམ་པའི་རིན་ཐང་ཆེ་ཤོས་ཀྱི་རྟ་པའི་(MYP)བྱ་དགའ་ཐོབ་པ།  བཀྲ་ཤིས་ཚེ་རིང་ལ་2019ལོ་འཁོར་གྱི་རྟ་རྒོད་འདུལ་སྦྱོང་བ་རྩེ་གྲའི་མཚན་སྙན་ཐོབ་པ།  སྐལ་བཟང་ཕུན་ཚོགས་ལ་2019ལོ་དང་2020ལོ་གཉིས་བསྟུད་མར་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་མི་སྒེར་གྱི་ཨང་དང་པོ་ཐོབ།  
          སྐབས་དེ་དུས་བོད་ལྗོངས་རྟ་རྩལ་རུ་ཁག་ནི་རྒྱལ་ནང་གི་སྲོལ་རྒྱུན་རྟ་རྩལ་སྟོབས་ཆེན་རུ་ཁག་གི་འཐུས་ཚབ་ཏུ་གྱུར།  
ཕུགས་འདུན་མངོན་འགྱུར་བྱུང་།
          2021ལོའི་ཟླ་9པའི་ཚེས་21ཉིན་ཆར་པ་སིམ་སིམ་ཁྲོད་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་ཤིས་ཨན་དུ་མཇུག་བསྒྲིལ།  བོད་ལྗོངས་རྟ་རྩལ་རུ་ཁག་ལ་སྤྱིའི་ཆད་སྐར་106.5ཡི་སྐར་གྲངས་ཐོག་ནས་ཐེངས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ།  
          བཀྲ་ཤིས་ཀྱིས་འགྲན་བསྡུར་སྐབས་ཀྱི་རྣམ་པར་ཕྱིར་དྲན་བྱེད་སྐབས།  ཉིན་དང་པོའི་འགྲན་བསྡུར་ལ་རང་ཉིད་འགྲན་བསྡུར་ལ་ཞུགས་མཁན་ཨང་དང་པོ་ཡིན་པས་ཅུང་དངངས་འཚབ་སྐྱེས་ཁར།  སྦྱོང་བརྡར་བྱེད་རིང་རྟ་ལས་ལྷུང་སྟེ་རྐང་རྨས་ད་དུང་ཡོངས་སུ་དྲག་མེད་རྐྱེན་སེམས་ཁྲལ་ཆེན་པོ་སྐྱེས་མོད།  གལ་སྲིད་འགྲན་བསྡུར་ལ་མ་ཞུགས་ན།  རྗེས་ཀྱི་བདམས་ཐོན་པ་གཞན་གསུམ་པོས་ནོར་འཛོལ་ཆུང་ཆུང་ཞིག་ཤོར་ན་ཡང་།  བོད་ལྗོངས་རྟ་རྩལ་རུ་ཁག་ལ་བྱ་དགའི་རྟགས་མ་ལེན་པའི་རེ་བ་ཏིལ་འབྲུ་ཙམ་ཡང་མེད།  སྐབས་དེ་དུས་བཀྲ་ཤིས་ཀྱི་སེམས་སུ་ད་ནི་ནུས་ཤུགས་ཡོད་རྒུས་མཆོང་རྒྱུ་ལས་མེད་སྙམ།  
          རྣམ་གྲངས་གསུམ་གྱི་རྟ་རྩལ་འགྲན་བསྡུར་གྱི་ཉིན་དང་པོའི་རྟ་ཐོག་ཞབས་བྲོའི་འགྲན་བསྡུར་ལ་ཨང་གསུམ་པ་ཐོབ་པ་ནས་ཉིན་གཉིས་པར་བྱེས་ཐང་འགྲན་བསྡུར་ལ་ཨང་གཉིས་པ་ཐོབ་པ་དང་།  ཉིན་མཇུག་ཤོས་ཀྱི་བཀག་འགྲན་ལམ་ལྷོངས་བྱུང་།  ལུས་རྩལ་པའི་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཉམས་པ་མེད་པ་ལ་བརྟེན་ནས་བོད་ལྗོངས་རྟ་རྩལ་རུ་ཁག་ལ་སྤྱིའི་ཆད་སྐར་106.5ཡི་སྐར་གྲངས་ཐོག་ནས་རྣམ་གྲངས་དེའི་ཨང་དང་པོ་ཐོབ།  “རྟ་པ་དང་རྟའི་དབར་མི་རྟ་གཞི་གཅིག་ཏུ་འདྲེས་པ་ནི་རྟ་རྩལ་གྱི་སྙིང་པོར་ངེས་ཤིང་།  ང་ཚོའི་ལུས་རྩལ་པའི་བཞོན་ཕོད་པ་དང་།  རྣམ་པར་རྒྱལ་ནུས་པ།  རང་གི་རྟ་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཐུབ་པས།  གཞི་ནས་ང་ཚོས་མདུན་ཕྱོགས་ཀྱི་འགག་སྒོ་ལས་སྒྲོལ་ཐུབ་ཡོད་”ཅེས་ད་ཐེངས་ཨང་དང་པོ་ལེན་ཐུབ་པའི་ཉམས་མྱོངས་ཕྱོགས་བསྡོམས་བྱེད་སྐབས་མཚོ་དོན་གྱིས་དེ་ལྟར་བརྗོད།  
          “སྐབས་དེ་དུས་དགའ་ནས་མིག་ཆུ་ཡང་ལྷུང་ལྷུང་དུ་ཤོར་བྱུང་།  ཧ་ཅང་དགའ་པོ་བྱུང་”ཞེས་ཟེར་བཞིན་ཉིན་གསུམ་གྱི་འགྲན་བསྡུར་རྣམ་གྲངས་ལེགས་གྲུབ་བྱེད་རོགས་ཀྱི་རྟ་ཕོར་བྱིལ་བྱིལ་བྱེད།   རྟ་རྩལ་ཚད་བརྒལ་འགྲན་བསྡུར་(2m)གྱི་རྒྱལ་ནང་གི་ཟིན་ཐོ་རྒྱུན་འཁྱོངས་བྱེད་མཁན་བསྟན་འཛིན་བློ་བརྟན་གྱིས་རང་གི་རྟ་ཕོར་“ཁྱོད་རང་དངོས་གནས་འཇོན་པོ་བྱུང་།  དངོས་གནས་འཇོན་པོ་བྱུང་”ཟེར།  
          “མི་ལོ་སོ་ལྔའི་རིང་གི་ཕུགས་འདུན་མངོན་འགྱུར་བྱུང་བས།  དངོས་གནས་དགའ་པོ་བྱུང་།  ལོ་35སོང་རྗེས་སུ་ང་ཚོས་གཞི་ནས་རེ་སྒུག་ཚད་མེད་བྱེད་པའི་གསེར་གྱི་རྟགས་མ་ལེན་ཐུབ་སོང་།  མི་རབས་གསུམ་གྱི་ཕུགས་འདུན་མངོན་འགྱུར་བྱུང་སོང་”ཞེས་ཟེར་བཞིན་པར་ཆས་ཀྱི་ཤེལ་སྒོའི་མདུན་ནས་མཚོ་དོན་གྱི་དགའ་སྤྲོའི་སེམས་པ་ནོན་མི་ཐུབ་པར་གྱུར།  
          བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་ཀྱི་སྲོལ་རྒྱུུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལུའོ་ཧུད་ཀྱིས“ལུས་རྩལ་མི་སྣ་གང་མགྱོགས་གསོ་སྐྱོང་བྱེད་པ་དང་རུ་ཁག་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་གཏོང་དགོས་ཏེ།  རྒྱུན་ཆད་པའི་སྣང་ཚུལ་ཐོན་དུ་འཇུག་མི་རུང་”ཞེས་གསུངས་པ་དང་།  ཁོང་གིས་“བོད་ལྗོངས་རྟ་རྩལ་རུ་ཁག་གི་ལུས་རྩལ་པའི་ཆ་སྙོམས་ལོ་ཚད་ལོ་30ལས་བརྒལ་ཟིན།  རྟ་རྩལ་ལུས་རྩལ་པའི་འགྲན་ཞུགས་ལོ་ཚད་ནས་བལྟས་ན་དེ་ཙམ་ཆེན་པོ་མིན་རུང་།  ཕུགས་ནས་བསམ་བློ་བཏང་སྟེ་ལུས་རྩལ་མི་སྣའི་རྒྱུན་མ་ཆད་པར་བྱེད་དགོས།  ད་དུང་བོད་ལྗོངས་རྟ་རྩལ་ཤན་འབྱེད་པའི་གསོ་སྦྱོང་ལས་དོན་གང་མགྱོགས་སྤེལ་དགོས་”ཞེས་གསུངས།      
          “རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་མཇུག་བསྒྲིལ་པ་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་མཐའ་འགྲན་མཇུག་མ་བསྒྲིལ་བའི་བར་བོད་ལྗོངས་རྟ་རྩལ་རུ་ཁག་གི་རྗེས་མའི་ལོ་བཞིའི་ལས་ཀའི་དམིགས་ཚད་གཙོ་བོ་ནི།  གཅིག་ནས་2022ལོའི་ཡ་གླིང་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ནས།  མི་གཅིག་རྒྱལ་ཁབ་རྟ་རྩལ་རུ་ཁག་གི་རུབ་འཛོམས་སྦྱོང་བརྡར་གྱི་མིང་ཐོའི་ནང་ཚུད་ཐུབ་པར་འགན་ལེན་བྱ་རྒྱུ་མ་ཟད།  ཡ་གླིང་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཏེ།  རྒྱལ་སྤྱིའི་འགྲན་རའི་ཐོག་ཕུལ་བྱུང་གི་གྲུབ་འབྲས་བཏོད་ཐུབ་པ་བརྩོན་ལེན་བྱ་རྒྱུ་དང་།  གཉིས་ནས་ལོ་རེའི་རྒྱལ་ཡོངས་རྟ་རྩལ་རྣམ་གྲངས་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གཙོ་གནད་དུ་བཟུང་ནས་ཚོགས་པའི་གསེར་གྱི་རྟགས་མ་གཅིག་ནས་གཉིས་བར་ལེན་ཐུབ་པ་བརྩོན་ལེན་བྱ་རྒྱུ།  གསུམ་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པར་སྟོབས་ཤུགས་གསོག་འཇོག་ཧུར་ཐག་བྱས་ཏེ།  རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་རྟ་རྩལ་རྣམ་གྲངས་གསུམ་གྱི་ཚོགས་པའི་གསེར་གྱི་རྟགས་མ་བསྟུད་མར་ལེན་ཐུབ་པར་མ་ཟད་མི་སྒེར་གྱིས་གསེར་གྱི་རྟགས་མ་ལེན་ཐུབ་པ་བརྩོན་ལེན་བྱ་རྒྱུ་བཅས་རེད།” དེའི་ཐད་མཚོ་དོན་གྱིས་གྲ་སྒྲིག་འདང་ངེས་བྱས་ཡོད་དེ།  རྟ་རྩལ་ལུས་རྩལ་ནི་ལོ་དང་ཟླ་བ་མཐུད་ནས་སྦྱོང་བརྡར་བྱེད་དགོས་པ་ཞིག་ཡིན་ཞིང་།  “མ་འོངས་པར་ང་ཚོས་དེ་བས་མཐོ་བའི་གཟེངས་རྟགས་སྤྲོད་སའི་སྡིངས་ཆའི་ཐོག་ལངས་ཏེ་བོད་ལྗོངས་རྩལ་འགྲན་རྟ་རྩལ་དེ་བས་འཕེལ་རྒྱས་ཡོང་བར་བྱེད་དགོས་ལ།  མི་དེ་བས་མང་བས་རྟ་རྩལ་བརྒྱུད་དེ་གསོན་ཤུགས་རབ་ཏུ་རྒྱས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་ཆོས་ཉམས་འགྱུར་རྒྱུས་ལོན་ཐུབ་པར་བྱེད་དགོས་”ཞེས་བརྗོད། 
གཟི་བཀྲ་ཤིས་ཀྱིས་བསྒྱུར།
འབྲེལ་ཡོད་རྩོམ་ཡིག