ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་བྲག་འཛེག་རུ་ཁག་གི་རུ་མི་པད་མ་གཡུ་སྒྲོན་དང་བྲག་འཛེག་གི་ལས་འབྲེལ།

2022-03-21 པད་མ་དབྱངས་ཅན།
ཀ +
          པད་མ་གཡུ་སྒྲོན་མཐོང་ཐེངས་དང་པོ་དེ་ནི་2021ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་བྲག་འཛེག་དར་མའི་ཚོགས་ཆུང་གི་ཐད་གཏོང་བརྙན་ཤེལ་ཆེ་མོའི་ཐོག་ནས་ཡིན་ཞིང་།  “རང་རྟོན་ཆེ་ཞིང་གད་མོ་དགོད་རྒྱུར་དགའ་བ་”ནི་ཁོང་གིས་ང་ལ་བཞག་པའི་བག་ཆགས་ཐོག་མ་དེ་རེད།  ཉིན་དེར་ལོ་27ལ་སླེབས་པའི་ཁོང་གིས་བོད་ལྗོངས་ལ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་དང་པོ་དེ་བླངས།  
ལོ་བཅུ་གྲངས་གོང་གི་འདེམས་སྒྲུག  
          པད་མ་གཡུ་སྒྲོན་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བུ་ཆུ་ཞང་དུ་སྐྱེས་ཤིང་།  དེ་གར་ཀུ་ཤུ་དང་།  སྟར་ཀ  རི་སྐྱེས་ཤིང་འབྲས་སྣ་ཚོགས་ཐོན་གྱི་ཡོད།  “ཀུ་ཤུ་སྨིན་སྐབས་ངས་ཉིན་གཅིག་ལ་ཀུ་ཤུའི་སྡོང་པོར་ཐེངས་མང་འཛེགས་ཐུབ་པར་མ་ཟད།  སྡོང་པོའི་ཆེས་མཐོ་སར་ཡང་འཛེག་ཐུབ་ཀྱི་ཡོད།”  བྱིས་དུས་ཀྱི་གནས་ཚུལ་གླེང་སྐབས།  པད་མ་གཡུ་སྒྲོན་ནི་བྱིས་པ་ཞིག་དང་འདྲ་བར་དགའ་ཚོར་གྱིས་ཁེངས་ཤིང་།  ཁོང་གིས་“སྨིན་ཟིན་པའི་ཀུ་ཤུ་དམར་ཕྱུར་ཕྱུར་བཟས་ན་མངར་ཤོས་ཡིན་པ་དང་།  ལམ་འགྲོ་རྒྱུག་སྐབས་ད་དུང་མངར་ཆ་ལྡན་པའི་ཤིང་འབྲས་འཐུ་ཐུབ་ཀྱི་ཡོད་”ཅེས་བརྗོད།  
          2009ལོར་ལོ་15ལ་སླེབས་པའི་པད་མ་གཡུ་སྒྲོན་ནི་ཉིང་ཁྲི་རྫོང་སློབ་འབྲིང་གི་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན་པ་དང་།  གཟུགས་པོ་རིང་ལ་སྐམ་ཙམ་ཡོད།  ཉིན་ཞིག་བོད་ཡིག་སློབ་ཚན་འཚོག་སྐབས་སུ་དགེ་རྒན་གྱིས་བོད་ལྗོངས་རི་འཛེག་སློབ་གྲྭ་(ད་ཆ་བོད་ལྗོངས་ལྷ་ས་ཧི་མ་ལ་ཡ་རི་འཛེག་སྣེ་ཤན་སློབ་གྲྭ)རུ་རི་འཛེག་ལུས་རྩལ་པ་འདེམས་སྒྲུག་བྱེད་རྒྱུ་ཡིན་པའི་བརྡ་ཐོ་བཏང་བ་དང་།  ལོ་བཅུ་གྲངས་གོང་གི་འདེམས་སྒྲུག་དེ་པད་མ་གཡུ་སྒྲོན་གྱིས་ད་ལྟའང་ཡིད་ལ་བརྟན་པོར་ངེས་ཡོད།  ཁོང་གིས་“སྐབས་དེ་དུས་དགེ་རྒན་གྱིས་ང་ཚོར་རི་འཛེག་སློབ་གྲྭས་རི་འཛེག་ལུས་རྩལ་པ་འདེམས་སྒྲུག་བྱེད་རྒྱུ་ཡིན་པའི་སྐོར་གསུངས་ཤིང་།  དེ་དུས་ང་ཚོའི་བསམ་པར་ལུས་རྩལ་པ་འདེམས་སྒྲུག་བྱས་ནས་ཇོ་མོ་གླང་མར་འཛེག་དགོས་ཀྱི་རེད་སྙམ་བྱུང་”ཞེས་བརྗོད།  
          དོན་དངོས་ཐོག་སྐབས་དེ་དུས་འདེམས་སྒྲུག་བྱས་པ་ནི་བོད་ལྗོངས་རི་འཛེག་རུ་ཁག་གི་དགེ་རྒན་གྱིས་གཤེགས་ཟིན་པའི་བྲག་འཛེག་རྩལ་ཁྲིད་པ་གྲགས་ཅན་ཏིང་ཁྲེང་ལེང་དང་ལྷན་དུ་སློབ་གྲྭར་བོད་ལྗོངས་ཀྱི་བྲག་འཛེག་ལུས་རྩལ་པ་འདེམས་སྒྲུག་བྱེད་པར་ཕེབས་པ་ཞིག་རེད།
          འདེམས་སྒྲུག་ཚོད་ལྟའི་རྣམ་གྲངས་ཧ་ཅང་མང་པོ་ཡོད་ཅིང་།  སྨི་400ཡི་ལམ་ཐག་ཐུང་བའི་རྒྱུག་རྩལ་འགྲན་བསྡུར་ཁྲོད་པད་མ་གཡུ་སྒྲོན་གྱི་སྦྱངས་འབྲས་མཐའ་གྲལ་དུ་ལུས་ནའང་།  རྐྱང་འཐེན་ཚོད་ལྟའི་ཁྲོད་ཁོང་གིས་གཏན་འཁེལ་གྱི་དུས་ཚོད་ནང་རྐྱང་འཐེན་30ལྷག་ཙམ་གང་མྱུར་ལེགས་སྒྲུབ་ཐུབ་སྟེ་བུ་མོའི་ཁྲོད་ཀྱི་སྦྱངས་འབྲས་ཨང་དང་པོ་བླངས།  
          ཚོད་ལྟ་མཇུག་བསྒྲིལ་རྗེས་ཀྱི་ཉིན་གསུམ་པར།  པད་མ་གཡུ་སྒྲོན་ལ་ལྷ་སར་གནས་པའི་བོད་ལྗོངས་རི་འཛེག་སློབ་གྲྭར་བྲག་འཛེག་ཚད་ལེན་བྱེད་པར་ཡོང་དགོས་པའི་བརྡ་ཐོ་ཞིག་འབྱོར།  མཐོ་ཚད་ལ་སྨི་15ཡོད་པའི་བྲག་འཛེག་ལམ་ཐིག་གི་མདུན་དུ་ལངས་ནས་དམའ་ས་ནས་མཐོ་སར་བལྟས་ཚེ།  ཆེ་ཆུང་མི་འདྲ་ལ་དབྱིབས་མི་སྙོམས་པའི་བྲག་ལེབ་ཀྱིས་བྲག་ལྡེབས་བཀང་ཡོད་པ་དང་།  མི་ཚང་མ་ཐེ་ཚོམ་གྱི་དྲ་བར་ཚུད་ཡོད་པའི་སྐབས་སུ།  མོའི་རྣ་ལམ་དུ།  “ཁྱེད་ཚོ་སོ་སོས་ཐབས་ཤེས་བཏང་ནས།  ག་ལེར་ཚོད་ལྟ་བྱས་ཏེ་འཛེགས་དང་།  བདེ་འཇགས་ཀྱི་ཐག་པ་འཐེན་ཡོད་པས་ལྷུང་གི་མ་རེད།  སེམས་ཁྲལ་མ་བྱེད་ཅིག་”ཅེས་པའི་སྐད་ཆ་ཞིག་ཐོས།  
          རི་འཛེག་རུ་ཁག་གི་དགེ་རྒན་གྱི་རོགས་རམ་ལས་བདེ་འཇགས་ཐག་པ་ཡག་པོ་བསྡམས་ནས་ཡོད་པའི་པད་མ་གཡུ་སྒྲོན་གྱིས་སྐར་མ་20ཡང་མི་འགོར་བར་རང་ཉིད་ཀྱི་མི་ཚེའི་ཐོག་གི་བྲག་འཛེག་འགྲུལ་བཞུད་ཐོག་མ་དེ་ལེགས་སྒྲུབ་བྱས་ཡོད།  “བྲག་ལ་འཛེག་རྒྱུ་ནི་ཧ་ཅང་སྣང་བ་སྐྱིད་པོ་ཞིག་རེད་སྙམ་གྱི་འདུག  དེར་དོན་སྙིང་ཆེན་པོ་འདུག  ལྷག་པར་དུ་བྲག་རྩེར་འཛེག་སྐབས་ངས་སྐད་ཅོར་ཆེན་པོ་བརྒྱབ་པ་ཡིན།”  བྲག་ལ་ཐེངས་དང་པོ་འཛེགས་ཐུབ་པས།  པད་མ་གཡུ་སྒྲོན་ལ་དགའ་ཚོར་ཆེན་པོ་བྱུང་བར་མ་ཟད།  ཐ་ན་སླར་ཡང་འཛེག་འདོད་ཀྱི་བསམ་ཚུལ་ཡང་བྱུང་།  ཁོང་གིས་“དེ་ལྟ་བུའི་ཚོར་སྣང་ནི་ང་ཀུ་ཤུའི་སྡོང་པོའི་ཐོག་འཛེགས་ནས་ཀུ་ཤུ་མངར་ཤོས་དེ་བཏོགས་པ་དང་འདྲ་བར་དགའ་ཚོར་ཆེན་པོ་བྱུང་”ཞེས་བརྗོད།  
          འདེམས་སྒྲུག་ཐེངས་འགའ་བྱས་པ་བརྒྱུད།  མཐར་སྐྱེས་པ་གསུམ་དང་བུ་མོ་གསུམ་བདམས་པ་དང་།  སྟབས་ལེགས་པ་ཞིག་ལ་པད་མ་གཡུ་སྒྲོན་ཡང་བདམས་ཐོན་བྱུང་།  2010ལོའི་ཟླ་8པར་ཁོང་དང་སློབ་གྲོགས་གཞན་4པོ་ལྷ་ས་ནས་ཀོང་ཀྲོའུ་རུ་འགྲོ་བའི་མེ་འཁོར་ལ་བསྡད་དེ།  ཀོང་ཀྲོའུ་གྲོང་ཁྱེར་གྱི་ཅང་ཤིཅང་ཞིས་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་བསྐྱོད།  
          ཅང་ཞིས་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་གིས་དུས་རབས་20པའི་ལོ་རབས་90པའི་ལོ་འགོ་ནས་བཟུང་།  བྲག་འཛེག་ལུས་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བས།  བྲག་འཛེག་དེ་སློབ་གྲྭ་དེ་གའི་ཁྱད་ཆོས་དང་སྤུས་རྟགས་སུ་གྱུར་ཡོད།  
          2006ལོ་ནས་བཟུང་།  བོད་ལྗོངས་རི་འཛེག་རུ་ཁག་གིས་བོད་རིགས་སློབ་མ་10ལྷག་ཙམ་ཁག་གསུམ་ལ་ཕྱེ་ནས་ཅང་ཤིཅང་ཞིས་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་བྲག་འཛེག་སྦྱོང་བརྡར་དང་ཆེད་ལས་ཚན་ཁག་གིགཉེར་བསླབ་གནས་སློབ་རྒྱུས་སློབ་གསོ་མྱོང་བར་མངགས་པ་དང་།  བོད་རིགས་སློབ་མ་དེ་དག་གིས་སློབ་རྒྱུས་སློབ་གསོ་ལེགས་སྒྲུབ་བྱས་པ་དང་དུས་མཚུངས།  ཨེ་ཤེ་ཡའི་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་2དང་།  རྒྱལ་ཡོངས་ཀྱི་ཨང་དང་པོ་80ལྷག་ཙམ་གྱི་གཡུར་ཟའི་གྲུབ་འབྲས་བླངས་པར་མ་ཟད།   སློབ་མ་འགའ་ཤས་ཀྱིས་རུ་ཁག་ཏུ་བསྡད་ནས་རྩལ་འཁྲིད་དགེ་རྒན་གྱི་འགན་ཁུར་ཡོད།  
བྲག་འཛེག་ནི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་རེད།  
          ཅང་ཞིའི་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་སློབ་གཉེར་བྱེད་རིང་།  པད་མ་གཡུ་སྒྲོན་དང་སློབ་གྲོགས་ཚོས་བྲག་ལྡེབས་ཐོག་སྦྱོང་བརྡར་གང་མགྱོགས་བྱེད་ཐུབ་ཀྱི་རེད་སྙམ་མོད།  ཆེས་ཐོག་མའི་ལོ་གཅིག་ལྷག་གི་རིང་ལ།  རྩལ་འཁྲིད་དགེ་རྒན་ཏིང་ཁྲེང་ལེང་གིས་ཁོ་ཚོར་གཙོ་བོ་རྐང་ལག་གི་ཆུ་བ་འཐེན་རྐྱོང་དང་།  གོམ་ཆུང་རྒྱུག་ཤར།  རྐང་བཀྱག་སོགས་གཞི་རྩའི་གཟུགས་པོའི་བྱང་ཚད་སྦྱོང་བརྡར་བྱེད་དུ་བཅུག་པ་དང་།  བག་ཆགས་ཟབ་ཤོས་ནི་ལུས་རྩལ་ཐང་ལ་སྐོར་བ་བརྒྱབ་ནས་རྒྱུག་ཤར་གློད་རྒྱུ་དེ་ཡིན་ཞིང་།  སྐོར་བ་ཐེངས་5བརྒྱུགས་ན་སྐར་མ་ལ་ཁ་ཤས་ངལ་གསོ་རྒྱག་ཆོག་པ་དང་།  དེ་རྗེས་ཡང་སྐོར་བ་ཐེངས་4བརྒྱུགས་ན་སྐར་མ་ཁ་ཤས་ངལ་གསོ་བ།  དེ་རྗེས་སྐོར་བ་ཐེངས་3དང་ཐེངས་2ཐེངས་1བཅས་རིམ་བཞིན་རྒྱུག་གིན་རྒྱུག་གིན་ངལ་གསོ་རྒྱག་གིན་རྒྱག་གིན་བྱེད་དགོས་ཀྱི་ཡོད་པ་དང་།  “བརྒྱུགས་ཚར་རྗེས་ཐང་ཆད་ནས་སྐྱུག་གྲབས་བྱེད་ཀྱི་འདུག་”ཅེས་ཟེར།
ད་ལྟ་བོད་ལྗོངས་བྲག་འཛེག་རུ་ཁག་གི་རྩལ་འཁྲིད་པ་གཙོ་བོའི་འགན་བཞེས་བཞིན་པའི་བསོད་ནམས་རྒྱ་མཚོ་དང་རྒྱལ་ཁབ་བྲག་འཛེག་རུ་ཁག་གི་དེ་སྔའི་རུ་མི་རིན་ཆེན་ལྷ་མོ་སོགས་མི་6གིས་2006ལོ་ནས་བཟུང་བྲག་འཛེག་སྦྱོང་བརྡར་བྱེད་འགོ་ཚུགས་ཤིང་།  ཁོང་ཚོ་ནི་བོད་ལྗོངས་རི་འཛེག་སློབ་གྲྭས་ཅང་ཞིས་ཉེར་སྤྱོད་ལག་རྩལ་ལས་རིགས་སློབ་གླིང་དུ་བྲག་འཛེག་སྦྱོང་བརྡར་བྱེད་པར་མངགས་པའི་སློབ་མ་ཁག་དང་པོ་དེ་དག་ཡིན་ལ།  པད་མ་གཡུ་སྒྲོན་དང་སློབ་གྲྭ་གཅིག་པའི་ཨ་ཇོ་དང་ཨ་ཅག་ཀྱང་རེད།  
          སྦྱོང་བརྡར་གྱི་ཆ་རྐྱེན་ཞན་པའི་དབང་གིས།  རུ་མི་རྒན་པ་ཚོས་ཅུང་སྲ་བའི་བྲག་ལྡེབས་ཐོག་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་།  པད་མ་གཡུ་སྒྲོན་དང་རུ་མི་གཞོན་པ་ཚོས་རྩལ་སློབ་དགེ་རྒན་གྱིས་བཟོས་པའི་“ཤིང་རྡོའི་གྱང་”ཐོག་ཏུ་སྦྱོང་བརྡར་བྱེད་བཞིན་ཡོད།  
          “ཤིང་རྡོའི་གྱང་”ནི་རིང་ཚད་སྨི་3ལྷག་ཙམ་ཡོད་པའི་ཤིང་དུམ་ཞིག་རེད།  དེའི་སྟེང་དུ་ཨི་ཁུང་བརྟོལ་ནས་ཤིང་གི་རྐང་རྟེན་བསྒར་བ་དང་།  ཐ་ན་ཤིང་གི་མིག་མངས་ཀྱི་རྡེའུ་ཡང་རྩལ་སློབ་པས་བེད་མེད་དུ་མ་བཞག་པར་ཤིང་དུམ་ཐོག་བསྒར་ནས་ལག་སྟེགས་དང་རྐང་སྟེགས་སུ་བསྒྱུར།  
          ཆུང་དུས་ནས་ཀུ་ཤུའི་སྡོང་པོར་འཛེགས་པར་གོམས་ཏེ་བྲག་འཛེག་ལུས་རྩལ་པ་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད་ཀྱང་།  དངོས་སུ་སྦྱོང་བརྡར་བྱེད་འགོ་ཚུགས་པའི་སྐབས།  པད་མ་གཡུ་སྒྲོན་གྱི་སེམས་ལ་ཕྱིར་བཤོལ་རྒྱག་རྒྱུའི་བསམ་བློ་འཁོར་ཏེ།  སྐྲག་སྣང་དང་སེམས་ཁྲལ་ཆེན་པོ་སྐྱེས་ཤིང་།  རང་ཉིད་བྲག་ངོས་ལས་ལྷུང་དོགས་ཀྱི་སེམས་ཁྲལ་ཆེན་པོ་བྱུང་ནས་ལུས་ཡོངས་དངངས་འཚབ་ཀྱི་ཀློང་དུ་ཚུད།   སྐྲག་སྣང་སྐྱེས་ན་དངངས་འཚབ་ལངས་པ་དང་།  དངངས་འཚབ་ལངས་ན་རྐང་ལག་འཁུམས་ཀྱི་ཡོད་པས།  འཛེགས་ནས་ཡུན་རིང་མ་སོང་བར་ལུས་པོའི་ཤེད་ཤུགས་ཟད་དེ།  ཟླ་བ་གཅིག་ལྷག་ཙམ་རིང་སྦྱོང་བརྡར་བྱས་ཀྱང་ཕན་འབྲས་ཕྲན་བུ་ཙམ་ལས་ཐོན་མེད།  
          ལོ་ཕྱེད་སོང་རྗེས་སུ་མོས་བྲག་འཛེག་གི་དངངས་སྐྲག་གཞི་ནས་ཁྱད་བསད་ཐུབ་པ་དང་།  སྐབས་དེ་དུས་རྩལ་འཁྲིད་པས་སླར་ཡང་མོ་ལ།  “བྲག་ལ་འཛེག་པར་ལུས་སྟོབས་མཁོ་ལ།   བློ་རིག་དེ་བས་མཁོ།  ལམ་ཐིག་ཅིག་འཛེག་ཐུབ་པ་བྱེད་པར་བློ་རིག་ཡོད་པའི་སྒོ་ནས་ལམ་ཐིག་རེ་རེ་བཞིན་སྒྲོལ་དགོས་”ཞེས་བརྗོད།  
          འདི་ལྟར་བྲག་འཛེག་ཐད་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པའི་པད་མ་གཡུ་སྒྲོན་གྱིས་རྩལ་འཁྲིད་པ་དང་སློབ་གྲྭ་གཅིག་པའི་ཨ་ཇོ་དང་ཨ་ཅག་ཚོའི་སྣེ་ཁྲིད་འོག་བྲག་འཛེག་ལ་ཤེད་ཤུགས་ཁོ་ན་ཡོད་པས་མི་འགྲིག་པར།  ད་དུང་སྟོབས་ཤུགས་དང་།  མཐུན་སྦྱོར་རང་བཞིན།  དོ་སྙོམས་རང་བཞིན་སོགས་མཁོ་བ་དལ་གྱིས་རྟོགས།  “བྲག་འཛེག་འགྲན་བསྡུར་རེ་རེའི་ལམ་ཐིག་ཚང་མ་ཇུས་འགོད་ཞིབ་ཚགས་བྱས་པ་ཤ་སྟག་ཡིན་ཞིང་།  དེ་ནི་དཔེ་དེབ་ཀྱི་ཁ་བཏབ་ནས་ཡིག་རྒྱུགས་གཏོང་བ་དང་འདྲ་བས།  བྲག་འཛེག་ལུས་རྩལ་པ་ཚང་མས་ཉིན་དང་ཟླ་བ་མཐུད་དེ་སྦྱོང་བརྡར་བྱས་པ་ལས་བྱུང་བའི་ལུས་ཤུགས་དང་བློ་གྲོས་ལ་བརྟེན་ནས་དཀའ་གནད་རེ་རེ་བཞིན་སེལ་དགོས།” པད་མ་གཡུ་སྒྲོན་གྱིས་བྲག་འཛེག་ནི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཞིག་དང་།  འདྲི་གཞི་སེལ་མཁན་དང་འདྲི་གཞི་འདོན་མཁན་བར་གྱི་འཐབ་རྩོད་ཅིག་ཡིན་པར་མ་ཟད།  དེ་བས་རང་ཉིད་ཀྱི་མཐར་ཐུག་ལ་ཐོད་བརྒལ་ཡོང་བར་བྱེད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  
          རང་ཉིད་ཀྱི་འཛེག་རྩལ་དེ་བས་བྱང་ཆུབ་པ་དང་བྲག་འཛེག་གི་མཐོ་ཚད་དེ་བས་མཐོ་བ་ཡོང་ཆེད།  ཉིན་རེའི་ཆུ་ཚོད་8ཀྱི་སྦྱོང་བརྡར་ཚར་རྗེས།  པད་མ་གཡུ་སྒྲོན་གྱིས་བྲག་འཛེག་གི་ལམ་ཐིག་མདུན་དུ་ལམ་ཐིག་ལ་བལྟས་ནས་སྡོད་པ་དང་།  ཀླད་པའི་དབྱིངས་སུ་འཛེག་སའི་ལམ་ཐིག་འཆར་འགོད་བྱས་ཏེ།  ཉིན་གཉིས་པར་སྦྱོང་བརྡར་བྱེད་སྐབས་ལག་ལེན་དོན་འཁྱོལ་ཡོང་རེ་བྱེད་ཀྱི་ཡོད།  སྐབས་ལ་ལར་མཛུབ་རྩེའི་མཛུབ་ཤུགས་ཇེ་ཆེར་གཏོང་ཆེད།  ཚུགས་གཅིག་གི་སྟེང་བཟོ་ལྟ་གཅིག་སྐར་མ་10 ལྷག་རྒྱུན་འཁྱོངས་བྱེད་བཞིན་ཡོད།  
འགྲན་བསྡུར་ཁྲོད་འཚར་ལོངས་ཡོང་བ།  
          2011ལོའི་ཟླ་8པར།  རྒྱལ་ཡོངས་ཀྱི་བྲག་འཛེག་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་དེ་མཚོ་སྔོན་ཟི་ལིང་དུ་གཉེར་བ་དང་།  བྲག་འཛེག་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས།  འདི་ནི་པད་མ་གཡུ་སྒྲོན་འགྲན་བསྡུར་ལ་ཞུགས་ཐེངས་ཐོག་མ་དེ་རེད།  ཐེངས་དེར་ཁོང་ལ་བུད་མེད་ཀྱི་དཀའ་ཚད་འགྲན་བསྡུར་གྱི་ཨང་9པའི་གྲུབ་འབྲས་ཐོབ།  
          འགྲན་བསྡུར་ལ་ཞུགས་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས།  པད་མ་གཡུ་སྒྲོན་གྱིས་“གསང་བ་ཆུང་ཆུང་”ཞིག་རྟོགས་པ་སྟེ།  འགྲན་བསྡུར་ཡག་པོ་མ་བྱུང་ཚེ་རྩལ་འཁྲིད་པ་ཏིང་ལགས་ཀྱིས་ཤིང་འབྲས་དང་ཁ་ཟས་སྣ་ཚོགས་ཉོས་ནས་ཁོང་ཚོར་སེམས་གསོ་དང་སྐུལ་ལྕག་བྱེད་ཀྱི་ཡོད་པ་དང་།  འགྲན་བསྡུར་ཐོག་རྩལ་ནུས་ཡག་པོ་འདོན་སྤེལ་ཐུབ་ཚེ།  དེ་ལས་ལྡོག་སྟེ་ཤིང་ཏོག་བཟའ་རྒྱུ་མེད་པར་བསྔགས་བརྗོད་ཀྱི་སྐད་ཆ་ཁ་ཤས་བརྗོད་ཀྱི་ཡོད་པ་དེ་རེད།  
          སྐབས་འགའ་རེར་རྩལ་འཁྲིད་པ་ཏིང་ལགས་ཀྱིས་ད་དུང་ཁོང་ཚོ་ཕྱི་ལ་“ཁ་ལག་ཐེངས་རེ”ཟ་བར་ཁྲིད་ཅིང་།  ཁོང་གིས་“ཕྲུ་གུ་ཚོ།  ཁྱེད་ཚོ་ཚང་མ་ཧ་ཅང་སྐམ་དྲགས་པས།  ངེས་པར་དུ་ཁ་ལག་མང་ཙམ་ཟ་དགོས།  ཉ་དང་ཤ་རྒྱགས་ཚད་བཟས་ཚེ་ད་གཟོད་བྲག་འཛེག་སྦྱོང་བའི་ཤུགས་ཡོད་”ཅེས་གསུང་གི་ཡོད།  
          2015ལོར་པད་མ་གཡུ་སྒྲོན་དངོས་སུ་རྒྱལ་ཁབ་བྲག་འཛེག་རུ་ཁག་ཏུ་བདམས།  
          2016ལོའི་ཟླ་5པར།  རྒྱལ་ཡོངས་ཀྱི་བྲག་འཛེག་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་(དབྱང་ཧྲོ་ས་ཚིགས)ཐོག་པད་མ་གཡུ་སྒྲོན་ལ་བུད་མེད་ཀྱི་བྲག་འཛེག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་།  འདི་ནི་ཁོང་གི་མི་ཚེའི་ཁྲོད་ཀྱི་རྒྱལ་ཡོངས་ཀྱི་བྲག་འཛེག་འགྲན་བསྡུར་གྱི་ཨང་དང་པོ་ཐོག་མ་དེ་རེད།  
          2017ལོར།  པད་མ་གཡུ་སྒྲོན་ལ་ཀྲུང་གོའི་ཀུའེ་ཀྲོའུ་ཨན་ལུང་རྒྱལ་སྤྱིའི་བྲག་འཛེག་པ་ཕུལ་བྱུང་གི་འགྲན་བསྡུར་གྱི་དཀའ་ཚད་ཆེ་བའི་ཨང་དང་པོ་ཐོབ།  
          2018ལོར་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་བྲག་འཛེག་མཁས་པའི་འགྲན་བསྡུར་དང་ཀྲུང་གོའི་བྲག་འཛེག་མཉམ་འགྲན་ཁྲོད།  པད་མ་གཡུ་སྒྲོན་གྱིས་སྔ་རྗེས་སུ་དཀའ་ཚེགས་ཆེ་བའི་འགྲན་བསྡུར་དང་།  ཀུན་ནུས་འགྲན་བསྡུར་གྱི་ཨང་དང་པོ་བླངས།  
          གྲུབ་འབྲས་དེ་དག་ཐོབ་དོན་ནི་ཁོང་གིས་ཉིན་ཐོག་ཉིན་བརྩེགས་ཀྱིས་དཀའ་སྤྱད་སྦྱོང་བརྡར་བྱས་པ་ལས་བྱུང་བ་ཞིག་ཡིན་ལ།  ཕྱོགས་སོ་སོའི་རྒྱབ་སྐྱོར་དང་རོགས་རམ་དང་ཡང་ཁ་འབྲལ་ཐབས་མེད།  
          ཕྱི་ཕྱོགས་སུ་སྦྱོང་བརྡར་བྱེད་དུས་ཁྱིམ་ཚང་དྲན་རིམ་བཞིན་ཁོང་གིས་ལག་ཐོགས་ཁ་པར་བརྒྱུད་ཕ་མ་གཉིས་དང་བརྙན་ལམ་ཐོག་ནས་འབྲེལ་གཏུག་བྱེད་པ་དང་།  ཕ་མ་གཉིས་པོས་མོའི་རྐང་པའི་རྨས་མཐོང་དོགས་ཀྱི་སེམས་ཁྲལ་སེལ་ཆེད།  ཁོང་གིས་རྐང་བཙུགས་ནས་རྐང་པ་འགེབས་པར་བྱེད།  བར་ཆད་འཕྲད་རིམ་བཞིན་ཁོང་གིས་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་འགྲན་བསྡུར་ལ་ལྟ་བར་འགྲོ་ཡི་ཡོད་ཅིང་།  ཁོང་གིས་དད་གུས་བྱེད་སའི་ཀྲུའུ་ཐིང་གི་འགྲན་རའི་ཐོག་གི་དཔའ་ཉམས་དོད་པའི་རྣམ་པ་དེ་མཐོང་ཚེ།  རང་ཉིད་ལ་འཕྲལ་དུ་སྟོབས་ཤུགས་ཀྱིས་ཁེངས་པའི་ཚོར་སྣང་ཞིག་ཡོང་སྲིད།  
          ཉིང་ཁྲི་ནས་ཐོན་ཏེ་བྲག་འཛེག་འགྲན་རའི་ཕྱོགས་སུ་སྐྱོད་པའི་པད་མ་གཡུ་སྒྲོན་གྱིས་རང་ཉིད་ནི་བུ་མོ་བསོད་བདེ་ཅན་ཞིག་ཡིན་སྙམ་གྱི་ཡོད་ཅིང་།  རྒྱུ་མཚན་ནི་རང་ལ་རྩལ་འཁྲིད་དགེ་རྒན་ཡག་པོ་འདི་འདྲ་ཞིག་དང་།  སློབ་གྲྭ་གཅིག་པའི་ཨ་ཇོ་དང་ཨ་ཅག  མཛའ་བརྩེ་ཟབ་པའི་ལས་རོགས་འདི་དག་དང་ཕྲད་པས་ལོས་ཡིན།  
མི་དེ་བས་མང་པོས་བྲག་འཛེག་ལས་རྩལ་ལ་རྒྱུས་ལོན་ཡོང་བར་བྱེད་པ།
          2020ལོའི་ཟླ་10པའི་ཚེས་3ཉིན།  2020ལོའི་ཀྲུང་གོའི་བྲག་འཛེག་མཉམ་འབྲེལ་འགྲན་བསྡུར་གྱི་མཐའ་བསྡུར་དང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོབ་ཐང་འགྲན་བསྡུར་དེ་ཅང་སུའུ་ཝུའུ་ཅང་དུ་གཉེར་བ་དང་།  པད་མ་གཡུ་སྒྲོན་ལ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་བྲག་འཛེག་རྣམ་གྲངས་ཀྱི་འགྲན་ཞུགས་ཐོབ་ཐང་རག  
          2021ལོའི་ཟླ་9པའི་ཚེས་21ཉིན།  ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་དར་མའི་བྲག་འཛེག་ཚོགས་ཆུང་གི་བུད་མེད་ཀྱི་རྣམ་གྲངས་གཉིས་ཀྱི་ཀུན་ནུས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ཧྲའན་ཤིས་ཡན་ལེའང་འགྲན་ཁུལ་དུ་གཉེར།
          ཐད་གཏོང་བརྙན་ཤེལ་ཆེ་མོའི་ཐོག་ཏུ་པད་མ་གཡུ་སྒྲོན་གྱི་བཞིན་ནས་གདེང་ཚོད་དང་བཅས་འཛུམ་མདངས་ཤིག་མངོན་ཞིང་།  ཁོང་གིས་“དེ་སྔོན་འགྲན་བསྡུར་བྱེད་ཁར་ང་གཉིད་ཐེབས་ཆག་སྟེ།  དོན་དག་འདྲ་མིན་བསམ་བློ་འཁོར་ནས།  སེམས་པ་ལྷོད་ལ་འབབ་ཀྱི་མི་འདུག  ད་ཐེངས་ཀྱི་འགྲན་བསྡུར་སྐབས་གཉིད་ཡག་པོ་ཁུག་པར་མ་ཟད་ད་དུང་གཉིད་འདང་གི་མི་འདུག་”ཅེས་བརྗོད།  ཐེངས་འདིའི་འགྲན་བསྡུར་གྱི་སྐོར་གླེང་མོལ་བྱེད་སྐབས་སུ་པད་མ་གཡུ་སྒྲོན་གྱིས་ད་ཐེངས་ཀྱི་འགྲན་བསྡུར་ལས་སྤྲོ་སྣང་ཆེན་པོ་འཕེལ་བ་དང་།  དཀའ་ཚད་ཆེ་བའི་འགྲན་བསྡུར་སྐབས་ཀྱི་བྱ་བྱེད་ཚང་མ་འདོན་སྤེལ་གང་ལེགས་ཐུབ་པར་མ་ཟད།  དལ་ལྷོད་འཚམ་པོ་ཞིག་བྱུང་སོང་ཞེས་རང་གི་བསམ་ཚུལ་སྦ་གསང་མེད་པར་ལྷུག་པོར་གླེང་།  
          མཐར་འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད།  པད་མ་གཡུ་སྒྲོན་གྱིས་ཨང་གསུམ་པའི་སྦྱངས་འབྲས་བླངས་ཏེ་བྲག་འཛེག་ལུས་རྩལ་པ་ཞིག་གི་ངོས་ནས་རང་ཉིད་ཀྱི་མཐའ་མའི་འགྲན་བསྡུར་ལེགས་སྒྲུབ་བྱས་ཡོད།  
          “ང་རང་ཉིད་ལ་ལས་བསོད་ཡག་པོ་རེད་སྙམ་གྱིན་ཡོད།  རང་ཉིད་བྲག་འཛེག་གི་ལམ་བུ་འདིར་འགྲོ་ཐུབ་ཡོང་བསམས་མ་བྱུང་།  ལམ་བུ་དེ་མ་གཞི་དཀའ་ཚེགས་ཆེ་རུང་བདེ་སྐྱིད་དང་སྤོབས་པའང་སྐྱེ་ཡི་འདུག”   བརྙན་ཤེལ་གྱི་མདུན་དུ་པད་མ་གཡུ་སྒྲོན་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་ཁོང་གིས་“ང་ལ་གསོ་སྐྱོང་གནང་མཁན་གྱི་རྩལ་འཁྲིད་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་རི་འཛེག་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་འགན་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  བོད་ལྗོངས་འཐུས་མི་ཚོགས་པའི་ལས་དོན་མི་སྣས་མཛུབ་འཁྲིད་དང་རོགས་རམ་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་བརྗོད།  
          རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་རིང་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་དབང་གིས་ལོ་དེར་པད་མ་གཡུ་སྒྲོན་རྒྱལ་ཁབ་རུ་ཁག་ཏུ་བཀག་སྡོམ་རྣམ་པའི་སྦྱོང་བརྡར་བྱེད་འགོ་ཚུགས་ཡོད།  
          རྒྱལ་ཁབ་རུ་ཁག་གི་ལོ་གཅིག་རིང་གི་སྦྱོང་བརྡར་ལས་པད་མ་གཡུ་སྒྲོན་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད་ཅིང་།  སྦྱོང་བརྡར་གྱི་བར་གསེང་དུ་ཁོང་དང་ལྷན་དུ་རྒྱལ་ཁབ་རུ་ཁག་ཏུ་སྦྱོང་བརྡར་བྱེད་བཞིན་པའི་བྲག་འཛེག་ལུས་རྩལ་པ་རྣམས་མཉམ་དུ་འཛོམས་ནས།  སྦྱོང་བརྡར་ཁྲོད་ཀྱི་ཅུང་འཐུས་ཚང་གི་ལམ་ཐིག་ཁག་ཅིག་ལ་དཔྱད་བསྡུར་བྱེད་ཀྱི་ཡོད།  “དཔྱད་བསྡུར་ནི་གནད་དོན་གསེད་བཀྲོལ་བྱེད་པ་དང་འདྲ་བར།  མི་ཚང་མའི་བསམ་ཕྱོགས་མི་འདྲ་བའི་ཁར་ཐབས་ཤེས་ཀྱང་མི་འདྲ་བ་ཡོད།”
          འགྲན་ར་ནས་ལོག་རྗེས།  སྐེད་པར་རྨས་སྐྱོན་ཕོག་པའི་དབང་གིས་པད་མ་གཡུ་སྒྲོན་གྱིས་རུ་ཁག་ནས་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་ཕུལ།   ཁོང་རུ་ཁག་ནས་ཕྱིར་འཐེན་བྱ་རྒྱུའི་ཐད་ཕ་མ་གཉིས་ལ་ལྟ་ཚུལ་མི་འདྲ་བ་ཡོད་པ་དང་།  ཨ་མས་པད་མ་གཡུ་སྒྲོན་གྱིས་མུ་མཐུད་དེ་བྲག་འཛེག་འགྲན་རར་ཞུགས་ནས་རྒྱལ་ཁབ་དང་བོད་ལྗོངས་ལ་གཟི་བརྗིད་མཚན་སྙན་བརྩོན་ལེན་བྱ་རྒྱུའི་རེ་བ་བྱེད་པ་དང་།  ཨ་ཕས་ནི་བུ་མོའི་གདམ་གར་བརྩི་འཇོག་བྱས་ཏེ་རུ་ཁག་ནས་ཕྱིར་འཐེན་བྱས་རྗེས་བུ་མོས་ཕྲུ་གུ་ཚོར་བྲག་འཛེག་སྐོར་གྱི་གཏམ་རྒྱུད་མང་ཙམ་གླེང་ནས།  མི་དེ་བས་མང་བས་བྲག་འཛེག་ལ་རྒྱུས་ལོན་ཡོང་རེ་བྱེད་ཀྱི་ཡོད།  “ཆུང་ནས་ད་བར་དུ་ཨ་མས་རྟག་ཏུ་ང་ལ་རེ་བ་ནན་ཙམ་འདོན་པ་དང་།  ཨ་ཕས་རྟག་ཏུ་ང་ལ་བྱམས་པོ་གནང་གི་ཡོད།”
          བྲག་འཛེག་ལུས་རྩལ་པ་ཞིག་ཡིན་པའི་ངོས་ནས།  བྲག་འཛེག་དེ་མང་ཚོགས་ཀྱི་རྣམ་གྲངས་ཤིག་ནས་རྩལ་འགྲན་རྣམ་གྲངས་ཤིག་ཏུ་གྱུར་པའི་གཏམ་བཟང་དེ་ཐོས་དུས།  པད་མ་གཡུ་སྒྲོན་གྱི་སེམས་ལ་དགའ་བ་དཔག་མེད་སྐྱེས་ཤིང་།  གཏམ་བཟང་དེས་ཁོང་གིས་རང་ཉིད་ཀྱི་འབྱུང་འགྱུར་ལ་འཆར་འགོད་གསར་པ་ཞིག་བཟོས་པ་སྟེ།  དེ་ནི་རང་ཉིད་ཀྱི་བྲག་འཛེག་ཉམས་མྱོང་དེ་མི་དེ་བས་མང་པོར་མཉམ་སྤྱོད་བྱས་ནས།  མི་དེ་བས་མང་པོས་བྲག་འཛེག་ལུས་རྩལ་ལ་རྒྱུས་ལོན་ཡོང་བ་དང་སྦྲགས།  བྲག་འཛེག་ལུས་རྩལ་ལ་དགའ་ཞེན་ཡོང་བར་བྱ་རྒྱུ་དེ་རེད།  
རྣམ་གླིང་རིན་ཆེན་གྱིས་བསྒྱུར།
འབྲེལ་ཡོད་རྩོམ་ཡིག