ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཡར་ཀླུང་གི་ཡིད་དུ་འོང་བའི་བརྩེ་དུང་གི་གཏམ་རྒྱུད།

2022-07-12 ཕེང་ཧྲེང་ཅུས།
ཀ +
          དཔྱིད་འགོ་མའི་ཡར་ཀླུང་གི་ས་གཞི་ཆེན་མོ་རུ་དྲོད་འཇམ་ཉི་འོད་ལ་ཐང་ཀུན་ལ་ཁྱབ། ལྷོ་ཁ་རྩེད་ཐང་གྲོང་ཁུལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་10ལྷག་ཙམ་བསྐྱོད་ཚེ་སྣེ་གདོང་ཆུས་ཕོ་བྲང་ཞང་སྒེར་ལྷ་གྲོང་ཚོར་འབྱོར་ཐུབ། དེ་གར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡོད་ཅིང་། ཁོ་གཉིས་བར་གྱི་འགྱུར་བ་མེད་པའི་བརྩེ་དུང་གི་གཏམ་རྒྱུད་དེ་གྲོང་ཚོའི་ནང་ས་གྲགས་གནམ་གྲགས་སུ་གྱུར་ཡོད། 
          སྐྱེས་པའི་མིང་ལ་ཁྲེན་ཧྥན་དང་བཟའ་ཟླའི་མིང་ལ་པདྨ་དགའ་སྒྲོན་ཟེར། ཁོ་གཉིས་སྣེ་གདོང་ས་ཆར་ལས་ཀྱི་མདུད་པ་གཅིག་ཏུ་དྲིལ་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡིད་དུ་འོང་བ་ཞིག་བརྩམས་ཡོད།
          2021ལོའི་ཟླ་3པར། ཝུའུ་ཧན་གྱི་ཕོ་གཞོན་ཁྲེན་ཧྥན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཞང་སྒེར་ལྷ་གྲོང་ཚོར་ཡོང་ནས་བོད་ལྗོངས་ཧུང་ནུང་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་དུ་ལས་ཞུགས་བྱས། སྣེ་གདོང་དུ་མ་སླེབས་གོང་ལ་ཕ་མ་གཉིས་ཀྱིས་ཁོང་མཐོ་སྒང་གི་ཁོར་ཡུག་དང་འཕྲོད་མིན་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་མོད། ཁོང་ལྷོ་ཁར་སླེབས་རྗེས་སུ་ལས་ཀ་ཚང་མ་ལམ་ལྷོངས་བྱུང་ཡོད། ཁྲེན་ཧྥན་གྱིས་“ཐོན་ལས་གླིང་གི་ལས་བཟོ་བ་མང་ཆེ་བ་ནི་ས་གནས་དེ་གའི་བོད་རིགས་ཁོ་ན་ཡིན་པས། རྒན་གཞོན་ཚང་མ་ཕན་ཚུན་ཧ་ཅང་འཆམ་པོ་ཡོད་”ཅེས་བཤད། 
          ཁྲེན་ཧྥན་གྱི་སེམས་ངལ་ཉག་གཅིག་ནི་ཕ་ཡུལ་དང་ཁ་ཐག་རིང་བའི་ཁེར་རྐྱང་གི་གདུང་བ་ཡིན་མོད། ཕྱིས་སུ་བཟའ་ཟླ་པདྨ་དགའ་སྒྲོན་དང་ཕྲད་པས་ཁེར་རྐྱང་གི་སེམས་པ་དེའང་སྐྱིད་ལ་འཁོད།
          2021ལོའི་ཟླ་7ཚེས་6ཉིན། པདྨ་དགའ་སྒྲོན་དང་སྒེར་ལྷ་གྲོང་ཚོའི་ལས་མི་གསར་པ་ཁག་གཅིག་མཉམ་དུ་ཐོན་ལས་གླིང་དུ་ལས་ཀ་བྱེད་པར་ཕྱིན་པས།  ཁོ་གཉིས་ཐེངས་དང་པོར་ཕྲད་པ་རེད། པདྨ་དགའ་སྒྲོན་གྱིས་“ཐེངས་དང་པོ་ཁྲེན་ཧྥན་མཐོང་དུས་སུ་ཁོང་ནི་བློ་སྒམ་ལ་གཟབ་ནན་ཆེ་བ་ཞིག་ཡིན་པའི་ཚོར་སྣང་བྱུང་བ་དང་། ཉིན་ཁ་ཤས་ཀྱི་རིང་ལ་འབྲེལ་འདྲིས་བྱས་པ་བརྒྱུད་ཁོང་ནི་ལས་ཀ་དང་འཚོ་བའི་ཁྲོད་ནན་ཏན་དང་སེམས་རྩ་འཁོལ་པོ་ཞིག་ཡིན་པ་ཤེས་རྟོགས་བྱུང་”ཞེས་བཤད། 
          ཁྲེན་ཧྥན་གྱིས་“སྡུག་རུས་ཆེ་ལ་གཤིས་རྒྱུད་ཞི་ཞིང་འཇམ་”ཞེས་པདྨ་དགའ་སྒྲོན་གྱི་ལེགས་ཆ་ཕྱོགས་སྡོམ་བྱས། ཁོ་གཉིས་ཀྱིས་ཉིན་རེ་རེ་བཞིན་དུ་བྱ་ཕྲུག་ལ་རིམས་འགོག་སྨན་ཁབ་རྒྱག་པ་དང་། གཟན་ཆས་སྟེར་བ། བཟོ་གྲྭའི་ནང་ལ་དུག་སེལ་བྱེད་པ་སོགས་ལས་ཀ་ཐམས་ཅད་མཉམ་དུ་ལས་བཞིན་ཡོད་པ་དང་། ལས་ཀ་གྲོལ་རྗེས་སུ་ཁ་བརྡ་བྱས་ནས་ཕན་ཚུན་བར་ལ་རྒྱུས་ལོན་བྱེད་ཀྱི་ཡོད།
          ཟླ་བ་གསུམ་གྱི་དུས་ཡུན་ནང་ཁོ་གཉིས་ཕན་ཚུན་རྒྱུས་ལོན་པ་ནས་གཅིག་སེམས་གཅིག་ལ་གཏད་པའི་མི་ཚེའི་གཏན་གྲོགས་སུ་གྱུར།
          2021ལོའི་ཟླ་10པའི་ཟླ་འགོར། ཁྲེན་ཧྥན་གྱིས་པདྨ་དགའ་སྒྲོན་ལ་གཉེན་བསྒྲིག་རྒྱུའི་འདུན་པ་བརྗོད་དུས་ཁོ་མོས་ལམ་སེང་དང་ལེན་བྱས་མེད་དེ། “གལ་ཏེ་གཉེན་སྒྲིག་བྱས་རྗེས་སུ་ཕན་ཚུན་བར་ཁ་རྩོད་ཤོར་ཚེ་ཅི་ཞིག་བྱེད་དགོས་སམ། འཚོ་བའི་གོམས་གཤིས་མ་འདྲ་ཚེ་ཇི་ལྟར་བྱེད་དགོས་སམ་”ཞེས་བཤད། ཁོ་མོ་དགའ་སྤྲོ་སྐྱེས་ནའང་གནད་དོན་མང་པོ་ཞིག་ལ་སེམས་ཁྲལ་བྱུང་ཡོད། མཐར་ཁྲེན་ཧྥན་གྱི་ལྷག་བསམ་རྣམ་དག་དང་བརྩེ་བ་ཟབ་མོས་ཁོ་མོར་སེམས་འགུལ་ཐེབས་སུ་བཅུག
          “ཕ་མ་གཉིས་ཀྱིས་ངེད་གཉིས་ཀྱི་གཉེན་དོན་ལ་མོས་མཐུན་བྱེད་སྲིད་དམ།” དེ་ནི་པདྨ་དགའ་སྒྲོན་གྱི་སེམས་ནད་ཆེ་ཤོས་ཡིན་ལ། དེའི་ཐད་ལ་ཁོ་མོར་ཡང་གདེང་ཚོད་དེ་ཙམ་མེད། 
          པདྨ་དགའ་སྒྲོན་གྱི་ཨ་མ་བཀྲ་ཤིས་དབང་མོས་དགའ་སྤྲོའི་ངང་“ཁོ་གཉིས་གཉེན་བསྒྲིག་རྒྱུ་ཡིན་ཞེས་པའི་གཏམ་དེ་ཐེངས་དང་པོ་ཐོས་སྐབས་བློ་ཡུལ་ལས་འདས་པའི་རྨི་ལམ་ཞིག་རྨིས་པའི་སྣང་བ་བྱུང་། འོན་ཀྱང་ཁྲེན་ཧྥན་དང་ཐེངས་དང་པོར་འཕྲད་སྐབས་སུ་ངའི་སེམས་ལ་ཁོང་ནི་བློས་འགེལ་ཆོག་པ་ཞིག་རེད་སྙམ་བྱུང་”ཞེས་བཤད།
          པདྨ་དགའ་སྒྲོན་གྱི་གཉེན་ཉེ་མཁའ་འགྲོ་ཡིས་“ཁྲེན་ཧྥན་གྱི་མི་གཤིས་ཡག་པོ་འདུག ང་ཚོའི་གཉེན་ཉེ་མང་པོ་ཞིག་རྒྱ་རིགས་དང་གཉེན་སྒྲིག་བྱས་ཡོད་ཅིང་། ཚང་མས་འཚོ་བ་ཧ་ཅང་ཡག་པོ་རོལ་བཞིན་ཡོད། ངས་ཁོ་གཉིས་ཀྱི་གཉེན་དོན་དེར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་”ཅེས་བཤད། 
          ཕྱོགས་གཉིས་ཀའི་ཕ་མ་དང་གཉེན་ཉེ་ཚང་མ་གཉེན་དོན་ལ་མོས་མཐུན་བྱུང་ནས་ཁོ་གཉིས་ལ་ཁ་གཡང་བོས་པ་སྟེ།  བཀྲ་ཤིས་དབང་མོས་“སླད་ཕྱིན་ཁོ་གཉིས་སྐྱིད་སྡུག་མཉམ་མྱོང་དང་མི་ཚེ་མཐའ་འཁྱོལ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་”ཅེས་བཤད། 
          བར་ཆད་མང་པོ་དེ་ཙམ་བརྒྱུད་མ་དགོས་པར་བསམ་དོན་ཡིད་བཞིན་འགྲུབ་པར་གྱུར།
          ཡུན་རིང་མ་འགོར་བར། ཁོ་གཉིས་ཀྱིས་སྔ་རྗེས་སུ་བོད་ལྗོངས་ལྷོ་ཁ་དང་ཧུའུ་པེ་ཝུའུ་ཧན་དུ་གཉེན་སྟོན་བྱས་པ་རེད། ཁྲེན་ཧྥན་གྱི་ཕ་ཡང་སྣེ་གདོང་དུ་ཡོང་ཞིང་། ཕྲེང་སྟར་བསྒྲིགས་པའི་བོད་བཟོའི་ཐོག་ཁང་གསར་པ་དང་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ། བདེ་སྐྱིད་ཀྱིས་ཕྱུག་པའི་འཛུམ་མདངས་སོགས་མཐོང་བས་ཁོང་གིས་བོད་ལྗོངས་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་ལྡོག་བྱུང་ཞིང་། བོད་མི་རིགས་ཀྱི་བབ་ཆགས་གཞུང་དྲང་དང་།  བདེ་སྐྱིད་ལྡན་པའི་འཚོ་བར་མྱོང་ཚོར་ཟབ་མོ་བྱུང་། 
          བོད་ལུགས་གཉེན་སྟོན་གྱིས་ཁོང་ཚོའི་ཡིད་དབང་རབ་ཏུ་བཀུག་ཡོད་དེ། ཀུན་གྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་སྲོལ་རྒྱུན་གྱི་གཉེན་སྒྲིག་གོམས་སྲོལ་ལྟར་ཕྱེ་མར་མཆོད་པ་དང་། ཁ་བཏགས་སྒྲོན་པ། གཞས་ཆེན་གཏོང་བ་དང་།  གཉེན་ཉེ་དང་གྲོགས་པོ་ཚོས་བཀྲ་ཤིས་སྨོན་འདུན་མཚོན་པའི་ཁ་བཏགས་དཀར་པོ་བཟའ་ཚོ་གཉིས་དང་དེའི་ནང་མིར་བསྒྲོན་ལ། གླུ་ལེན་གར་འཁྲབ་ཀྱིས་གཉེན་སྟོན་ལ་རྟེན་འབྲེལ་ཞུས། མདུན་ཅོག་ཏུ་བཤམས་པའི་ཤ་སྐམ་དང་། ཕྱུར་བ། ཞོ་ལ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྗགས་སྨིན་སྣ་ཚོགས་ལས་ཁོང་ཚོའི་ཟས་ཀྱི་འདོད་པ་རབ་ཏུ་བསྐངས་པས། ཐེངས་འདིའི་གཉེན་སྟོན་བརྒྱུད་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཁྲེན་ཧྥན་གྱི་ཕ་ལ་བག་ཆགས་ཟབ་མོ་བཞག
          དེ་བཞིན་པདྨ་དགའ་སྒྲོན་གྱི་ཕ་མ་གཉིས་དང་གཅེན་པོ་བཟའ་ཚོ་གཉིས་ཀྱང་ཝུའུ་ཧན་དུ་ཕྱིན་ནས་ཁོ་གཉིས་ཀྱི་གཉེན་སྟོན་ལ་ཞུགས་ཤིང་། ཕྱོགས་གཉིས་པོའི་ནང་མི་སྤུན་མཆེད་རྣམས་གླེང་མོལ་ལ་ལྷན་དུ་རོལ་གྱིན་དགའ་སྤྲོའི་དཔལ་ལ་རོལ། 
          ཁྲེན་ཧྥན་གྱིས་འཛུམ་དམུལ་དམུལ་ངང་“མི་གཞན་དག་གིས་གཉེན་སྒྲིག་བྱེད་སྐབས་ཉིན་གཅིག་ལས་འགོར་གྱི་མེད་རུང་། ངེད་ཚང་གིས་ཟླ་ཕྱེད་ཙམ་ལ་རྟེན་འབྲེལ་གྱི་ཆོ་ག་སྤེལ་ནས་མི་ཚང་མ་དབྱིངས་ལ་ཚུད་པས།  ངས་བོད་རིགས་བུ་མོ་ཞིག་རང་གི་ཆུང་མར་བླངས་པར་ཚང་མས་ཡིད་སྨོན་བྱེད་ཀྱི་འདུག”ཅེས་བཤད།
          གཉེན་སྟོན་མཇུག་འགྲིལ་རྗེས། ཁྲེན་ཧྥན་གྱིས་པདྨ་དགའ་སྒྲོན་གྱི་ནང་མི་ཚོ་ཁྲིད་དེ་ཝུའུ་ཧན་གྱི་ས་གནས་ཁག་ལ་ཡུལ་སྐོར་དུ་ཕྱིན་ནས་ས་དེའི་ལྗགས་སྨིན་དང་མཛེས་ལྗོངས་ཁག་ལ་མྱོང་རོལ་བྱས། ཧོང་ཧོ་ཐོག་ཁང་དང་འབྲི་ཆུའི་མཛེས་ལྗོངས་སོགས་ནི་ཁོ་ཚང་གི་མིག་གི་དགའ་སྟོན་དུ་གྱུར་པར་མ་ཟད། ཝུའུ་ཧན་གྱི་སྐམ་ཐུག་དང་། བྱ་གག་གི་སྐེ་ཤ པད་རྩྭ་དང་རྩིབ་རུས་ཀྱི་ཁུ་བ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་ཀྱིས་ཁོ་ཚོའི་ཡིད་རབ་ཏུ་ཚིམ་པར་བྱས།   པདྨ་དགའ་སྒྲོན་གྱི་ཕ་བསོད་ནམས་དཔལ་ལྡན་གྱིས་ཀུ་རེ་དང་བཅས་ཉིན་བཅུ་ལྷག་གི་རིང་ལ་ཁོ་བོའི་ཤ་རྩ་ཡང་ཇེ་དཀར་དུ་གྱུར་འདུག་ཅེས་བཤད།
          ཁྲེན་ཧྥན་གྱིས་པདྨ་དགའ་སྒྲོན་ཁྲིད་དེ་ཕ་ཡུལ་གྱི་རི་གསེབ་ཏུ་ཤ་མོ་དང་མེ་ཏོག་འཐུ་བར་བསྐྱོད་ནས་གྲོང་གསེབ་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་མྱོང་རོལ་བྱས། པདྨ་དགའ་སྒྲོན་གྱིས་གསར་འགོད་པར་“ཁོང་གི་ཕ་ཡུལ་དངོས་གནས་མཛེས་པོ་ཞེ་དྲགས་འདུག དེས་མ་ཚད་ཟས་རིགས་ཀྱང་ཞིམ་པོ་ཞེ་དྲགས་འདུག་”ཅེས་བཤད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་བརྩེ་བ་དང་བདེ་སྐྱིད་ཚོར་ཐུབ་པ་དེ་ནི་ཕལ་ཆེར་བརྩེ་དུང་གི་རང་མདངས་ཡིན་སྲིད།
          བཟའ་འཐུང་གི་ཐད་ལ་ཁྲེན་ཧྥན་དང་པདྨ་དགའ་སྒྲོན་གྱི་ནང་མི་ཕན་ཚུན་བསྟུན་མཁས་བྱེད་བཞིན་ཡོད། ལས་ཀ་གྲོལ་རྗེས་སུ་ཁྲེན་ཧྥན་གྱིས་ནང་མི་ཚོར་ཧུའུ་པེའི་ཟ་མ་བཟོ་གིན་ཡོད་པ་དང་། དུས་མཚུངས་སུ་ཁོང་གིས་པདྨ་དགའ་སྒྲོན་དང་མཉམ་དུ་རྩམ་པ་ཟ་བ་དང་ཇ་བསྲུབས་མ་འཐུང་གིན་ཡོད། 
          ཁོ་གཉིས་ཀྱིས་མ་འོངས་པར་རེ་སྨོན་གྱིས་ཁེངས་ཞོར་ལས་ཀའི་ཐད་ལ་འབད་བརྩོན་ལྷོད་མེད་དང་ཡར་རྒྱས་བརྩོན་ལེན་བྱས་ནས་རང་ཉིད་ཀྱི་ནུས་པ་མཐོར་འདེགས་གཏོང་བཞིན་ཡོད་པ་དང་། འཚོ་བའི་ཐད་ནས་ཁོ་གཉིས་ཀྱིས་ཕན་ཚུན་བར་ཁ་བརྡ་མང་ཙམ་དང་། བཟོད་སྒོམ་མང་ཙམ། བསམ་ཤེས་མང་ཙམ་བཅས་བྱས་ཏེ་ཁྱིམ་ཚང་གཉིས་པོ་འཆམ་མཐུན་མཉམ་འདྲེས་གང་ལེགས་ཡོང་ཐབས་བྱེད་ཀྱི་ཡོད། 
          པདྨ་དགའ་སྒྲོན་ག་ལེར་ཁྲེན་ཧྥན་གྱི་འཁྲིས་ལ་འཐམས་ནས་ལྷད་མེད་ཀྱི་འཛུམ་མདངས་དང་བཅས་“མི་རིགས་མཐུན་སྒྲིལ་བྱུང་ན་ད་གཟོད་ཁྱིམ་ཚང་དར་རྒྱས་ཡོང་ཐུབ། ང་ཚོ་ཁྱིམ་ཚང་གཉིས་ད་ཆ་ཁྱིམ་ཚང་གཅིག་ལ་ཆགས་ནས་སེ་འབྲུའི་འབྲུ་རྡོག་ལྟར་ཕན་ཚུན་དམ་པོར་སྦྲེལ་ཡོད་ལ། ང་ཚོས་རང་ཉིད་ཀྱི་འཚོ་བ་དང་གཏམ་རྒྱུད་དངོས་ཀྱིས་ཉེ་འཁོར་གྱི་གཉེན་ཉེ་དང་གྲོགས་པོ་ཚོར་ང་ཚོ་ཚང་མས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་སྐོར་གླེང་གི་ཡོད་”ཅེས་བཤད།  
གཡང་ལགས་ཀྱིས་བསྒྱུར།
 
འབྲེལ་ཡོད་རྩོམ་ཡིག