1926ལོར་ལོ་25ལ་སླེབས་ཤིང་སི་ཁྲོན་དར་རྩེ་མདོར་སྐྱེས་པའི་བོད་རིགས་བུ་མོ་ཞིག་གིས་དབྱིན་ཇིའི་ལོན་ཏོན་དུ་《བོད་ཀྱི་ཡུལ་སྲོལ་རིག་གནས་》ཞེས་པའི་དཔེ་དེབ་ཅིག་དཔེ་སྐྲུན་བྱས་ཏེ། དབྱིན་ཡིག་གི་ཐོག་ནས་བོད་ཀྱི་རིག་གནས་ནུབ་ཕྱོགས་ལ་ངོ་སྤྲོད་བྱེད་མཁན་བོད་རིགས་བུད་མེད་ཐོག་མར་གྱུར་པ་དེས། འཛམ་གླིང་ཡོངས་ཀྱིས་ཀྲུང་གོའི་བོད་མི་རིགས་ལ་རྒྱུས་ལོན་བྱེད་པར་སྐར་ཁུང་གསར་པ་ཞིག་བཏོད་ཡོད།
ཡུལ་དཔོན་གྱི་སྲས་མོ་ཞིག་ནས་ཕྱི་འབྲེལ་དཔོན་གྱི་ཆུང་མར་གྱུར་པ།
ར་རྔ་ཁ་ནི་སི་ཁྲོན་དར་མདོའི་(དར་རྩེ་མདོ་ཡང་ཟེར)ཁོངས་སུ་གཏོགས་ཤིང་། དེ་ནི་ཁམས་པའི་མི་ཉག་བོད་རིགས་ཀྱི་སྲོལ་རྒྱུན་འཚོ་བའི་ཁུལ་ཡིན་ལ། རྒྱ་བོད་མི་རིགས་མཉམ་འདྲེས་ལྟེ་གནས་ཤིག་ཀྱང་རེད། ཡུལ་དེའི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3300ལྷག་ཡོད་པ་དང་ས་མ་འབྲོག་གི་ས་ཁུལ་དུ་གཏོགས་ཤིང་། རྒྱལ་མོ་རྔུལ་ཆུ་དང་ཉག་ཆུའི་ཉེ་འགྲམ་དུ་གནས་སྟབས་སྔོ་ཁེབས་སྟུག་པོ་ཡོད་པ་དང་། རང་བྱུང་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་ཡག་པས་ད་ཆ་“པར་ལེན་གྱི་ཞིང་ཁམས་”ཞེས་པའི་མཚན་སྙན་ལྡན་ལ། ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་ས་ཁུལ་གྱི་མཚོན་རྟགས་གྲས་ཤིག་ཏུའང་གྱུར་ཡོད།
ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས་བཅས་ཀྱི་སྐབས་སུ་ཀྲུང་དབྱང་སྲིད་གཞུང་གིས་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་གྱི་ས་ཁོངས་ནང་གི་བོད་རིགས་འདུས་སྡོད་ཁུལ་དུ“ཡུལ་དཔོན་(ས་ཆ་དེ་གར་རྒྱལ་པོ་དང་དམངས་ཁྲོད་དུ་ས་བདག་ཅེས་འབོད་ཀྱིན་ཡོད་)ལམ་ལུགས་”ལག་བསྟར་བྱས་ཏེ། བོད་རིགས་ཀྱི་སྐུ་དྲག་ས་གནས་ཀྱི་རྒྱུད་འཛིན་དཔོན་ཏེ་“ཡུལ་དཔོན་”བསྐོ་གཞག་བྱས་ནས་མཐའ་མཚམས་ས་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་གི་ཡོད། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཁམས་ཁུལ་དུ་རྒྱལ་པོའམ་ཡུལ་དཔོན་ཆེ་ཆུང་40ཡས་མས་ཡོད།
1901ལོའི་ཟླ་8པའི་ཚེས་18ཉིན། རིན་ཆེན་ལྷ་མོ་ར་རྔ་ཁ་རུ་ལྟེ་ཁྲག་འཕོས་ཤིང་། ཁོང་གི་ཕ་དཔལ་ལྡན་རྒྱ་མཚོ་ནི་ས་དེར་མིང་གྲགས་ངེས་ཅན་ལྡན་པའི་ཡུལ་དཔོན་ཞིག་རེད། ཁྱིམ་ཚང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལྷ་མོས་ཆུང་དུས་ནས་བོད་སྐད་དང་རྒྱ་སྐད་ཐོགས་པ་མེད་པར་བཤད་ཤེས་པར་མ་ཟད། དད་པ་བརྟན་པའི་ནང་བསྟན་པ་ཞིག་ཀྱང་རེད།
1919ལོ་ནས་1922ལོའི་བར་ནི་ལྷ་མོའི་མི་ཚེའི་ནང་གི་དུས་སྐབས་གལ་ཆེན་ཞིག་རེད། ཁོང་ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་ཕྱི་འབྲེལ་དཔོན་ཞིག་དང་ངོ་ཤེས་བྱུང་ནས་དེ་དང་གཉེན་སྒྲིག་བྱས་པ་དེས། སླད་ཕྱིན་ཁོང་རྒྱ་མཚོ་ཕ་མཐར་བཅད་ནས་ཆ་རྒྱུས་མེད་པའི་ནུབ་ཕྱོགས་ཀྱི་འཇིག་རྟེན་དུ་བསྐྱོད་དགོས་ངེས་ཡིན་པ་གཏན་ཁེལ་བ་རེད།
ཅིན་ལུའུ་དབྱི་ནི་1886ལོར་ཅང་ཤིས་ཅིའུ་ཅང་དུ་སྐྱེས་ཤིང་། ཁོང་ནི་ཀྲུང་གོར་འཚོ་བ་སྐྱེལ་མཁན་གྱི་ཁྱིམ་རྒྱུད་གང་དེའི་མི་རབས་གསུམ་པ་རེད། ཁོང་གི་སྤོ་བོ་ནི་སུའུ་ཀེ་ལན་གྱི་ཆོས་སྤེལ་མཁན་ཞིག་དང་། ཨ་ཕས་ཀྲུང་གོའི་འགག་སྒོའི་ཁྲལ་དོན་སི་རུ་ཕྱག་ལས་གནང་གི་ཡོད། ཅིན་ལུའུ་དབྱི་ལོ་10ལ་སླེབས་དུས་དབྱིན་ཇིར་ལོག་ནས་སློབ་གཉེར་བྱས། 1905ལོར་ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་ཕྱི་འབྲེལ་ཚན་པར་ལས་ཀར་ཞུགས་ཤིང་། སྔོན་ལ་པེ་ཅིན་དུ་རྒྱ་ཡིག་སློབ་སྦྱོང་བྱས་པ་དང་། དེ་རྗེས་དངོས་སྦྱོང་ལོ་ཙཱ་བྱས། 1913ལོར་དབྱིན་ཇིའི་སྲིད་གཞུང་གིས“དར་རྩེ་མདོ་རུ་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་པར”བསྐོས་ཤིང་། 1913ལོ་ནས་1916ལོའི་བར་དང་། 1919ལོ་1922ལོ་བཅས་སོ་སོར་དར་རྩེ་མདོར་ལས་ཡུན་གཉིས་ཀྱི་ལས་འགན་ཁུར་བ་རེད།
ཅིན་ལུའུ་དབྱི་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་ཅིང་། དར་རྩེ་མདོར་སྡོད་རིང་ཁོང་དང་ས་དེའི་ཡུལ་དཔོན་དང་དཔོན་རིགས་དབར་འབྲེལ་བ་ཟབ་མོ་ཡོད། 1919ལོར་ཅིན་དང་ཡུལ་དཔོན་ཚང་གི་སྲས་མོ་ལྷ་མོ་ཐུག་འཕྲད་བྱུང་ནས་མཉམ་དུ་འཚོ་བ་སྐྱེལ་འགོ་ཚུགས།
1922ལོར། དབྱིན་ཇི་དང་རྒྱ་གར་སྲིད་གཞུང་གི་མཐོ་རིམ་མི་སྣ་དང་ཅིན་གྱི་དབར་ལས་ཀའི་ཐད་འགལ་བ་བྱུང་སྟབས། འགོ་ཁྲིད་ཀྱིས་ཁོང་དར་རྩེ་མདོ་ནས་ཁྲེང་ཏུའུ་རུ་ལས་སྒྱུར་བྱས་ཏེ། “ཁྲེང་ཏུར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་པའི་ལས་ཚབ་”ཀྱི་འགན་ཁུར་བར་བསྐོས། སྐབས་དེ་དུས་ཅིན་དང་ལྷ་མོ་མཉམ་དུ་འཚོ་བ་ལོ་གསུམ་བསྐྱལ་ནས་ཕྲུ་གུ་གསུམ་ཡོད་ལ། ལྷ་མོར་ད་དུང་མངལ་འཁོར་ཡོད། ལྷ་མོ་དང་ཕྲུ་གུ་རྣམས་མིང་དོན་མཚུངས་པའི་ངང་ནས་མཉམ་དུ་འཁྲིད་ཆེད། ཅིན་གྱིས་གོང་རིམ་ལ་གཉེན་སྒྲིག་རེ་ཞུ་ཕུལ་མོད། འོན་ཀྱང་འགོ་ཁྲིད་དང་ཀྲུང་གོར་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཁང་གིས་ཀྲུང་གོའི་བོད་རིགས་བུད་མེད་ཅིག་དབྱིན་ཇིའི་གཞུང་ཚབ་དཔོན་རིགས་ཀྱི་ཆུང་མ་བྱས་ན་ཐོབ་ཐང་ཧ་ཅང་འཚམ་པོ་མེད་པའི་ལྟ་ཚུལ་བཟུང་བར་མ་ཟད། གཉེན་སྒྲིག་དེ་གཞུང་ཚབ་ལས་དོན་གྱི་གཏན་འབེབས་ལས་འགལ་བ་རྒྱུ་མཚན་དུ་བྱས་ནས་ཅིན་གྱི་རེ་ཞུ་དང་ལེན་མ་བྱས།
ཅིན་གྱིས་གནས་ལུགས་རྒྱུ་མཚན་དྲངས་ཏེ་བརྩོན་ལེན་ཧུར་ཐག་བྱས་པར་མ་ཟད། ད་དུང་ལས་རོགས་གཞན་པས་ཀྱང་རིགས་རྒྱུད་ལས་བརྒལ་ཏེ་གཉེན་བསྒྲིགས་པའི་དོན་དངོས་དཔེར་དྲངས་ཀྱང་ཕན་ཐོགས་གང་ཡང་མ་བྱུང་། མཐར་ཅིན་གྱིས་འགོ་ཁྲིད་ཀྱིས་གོ་བརྡ་སྤྲད་པར་སྣང་བ་མ་བཏང་བར། བློ་ཐག་རྦད་ཆོད་ཀྱིས་ལྷ་མོ་དང་གཉེན་སྒྲིག་བྱས་ཏེ་ཁོ་མོར་འཐོབ་དགོས་ངེས་ཀྱི་ཁྲིམས་མཐུན་མིང་སྐལ་སྤྲོད་རྒྱུའི་སེམས་ཐག་བཅད། 1922ལོའི་ཟླ་12པའི་ཚེས་31ཉིན། ཅིན་དང་ལྷ་མོས་ཁྲེང་ཏུའི་དབྱིན་ཇིའི་ཧྲེང་ཀུང་ཆོས་ཁང་དུ་གཉེན་སྟོན་གྱི་ཆོ་ག་བསྒྲུབས། 1923ལོའི་ཟླ་3པའི་ཚེས་28ཉིན། ཁོང་གཉིས་ཀྱིས་“ཁྲེང་ཏུའུ་རུ་བཅའ་སྡོད་དབྱིན་ཇིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་”ཏུ་གཉེན་སྒྲིག་ཐོ་འགོད་བྱས།
ནུབ་ཕྱོགས་ཀྱི་ཕྱི་འབྲེལ་དཔོན་ཞིག་གིས་ཀྲུང་གོའི་བོད་རིགས་བུད་མེད་ཅིག་ཆུང་མར་བླངས་པ་དེ་ནི་སྐབས་དེ་དུས་མཐོང་དཀོན་ཞིག་པོ་རེད། ཅིན་གྱི“ཡ་ཡུག”འདི་དང་། ད་དུང་དེ་གོང་འགོ་ཁྲིད་དང་ལོ་མང་འཁོན་འགྲས་ཡོད་པའི་དབང་གིས། ཅིན་གྱི་ཕྱི་འབྲེལ་དཔོན་གྱི་ལས་གནས་དེའི་ལོ་རྒྱུས་མཇུག་གྲིལ་བ་རེད། 1924ལོའི་ཟླ་དང་པོའི་ཚེས་1ཉིན། ལོ་ན་37ལ་སླེབས་པའི་ཅིན་སྔོན་ཚུད་ནས་ལས་འཁྱུར་ངལ་གསོ་ཞུ་རྒྱུར་བཀོད་སྒྲིག་བྱས།
1925ལོར་ཅིན་དང་ལྷ་མོ། དེ་བཞིན་ཕྲུ་གུ་གསུམ་པོས་བསམ་བློ་མང་པོ་བཏང་བ་བརྒྱུད། འཇར་པན་གྱི་ཧེང་པིན་ནས་འཇར་པན་གྱི་གྲུ་གཟིངས་ཞིག་ལ་བསྡད་དེ་དབྱིན་ཇིར་བསྐྱོད། ལམ་བསྐོར་ཏེ་འཇར་པན་ནས་ཐོན་དོན་ནི་ཀྲུང་གོའི་ནུབ་ཕྱོགས་མཚོ་འགྲུལ་ཀུང་སི་ཚང་མས་ལྷ་མོའི་རིགས་རྒྱུད་ཐོབ་ཐང་ལ་གཞིགས་ནས་ཁོ་མོ་གྲུ་ལ་སྡོད་དུ་བཅུག་མེད་པས་རེད། ཆུང་དུས་ནས་སི་ཁྲོན་དར་རྩེ་མདོར་འཚར་ལོངས་བྱུང་བའི་བུད་མེད་ཅིག་གི་ངོས་ནས་བརྗོད་ན། རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་རང་གི་འཁྲིས་ཀྱི་ཁྱོ་ག་ཕུད། ནུབ་ཕྱོགས་ཀྱི་འཇིག་རྟེན་ལ་རྒྱུས་ཏིལ་འབྲུ་ཙམ་ཡང་མེད། འོན་ཀྱང་གཉེན་སྒྲིག་གི་ཀྱག་ཀྱོག་བརྒྱུད་རིམ་དང་། ཁྱོ་ག་ལས་གནས་ལས་བྲལ་བ། གྲུ་གཟིངས་ལ་སྡོད་དུ་མ་བཅུག་པ་སོགས་ཀྱི་གནས་ཚུལ་རབ་དང་རིམ་པ་བརྒྱུད་རྗེས། ལྷ་མོའི་ངོས་ནས་བརྗོད་ན་ནུབ་ཕྱོགས་ནི་དེ་ཙམ་གྱི་མཛའ་ཞིང་སྙིང་ཉེ་བའི་ས་ཆ་ཞིག་ག་ལ་ཡིན།
ནུབ་ཕྱོགས་སྤྱི་ཚོགས་ལ་ཀྲུང་གོའི་བོད་ཀྱི་རིག་གནས་ངོ་སྤྲོད་བྱས་པ།
1925ལོའི་ཟླ་8པའི་ཚེས་11ཉིན་ཅིན་དང་ལྷ་མོའི་ཁྱིམ་མི་རྣམས་ལོན་ཏོན་གྱི་གོང་མ་ཚང་གི་ཝེ་ཏུའོ་ལི་ཡའི་གྲུ་ཁར་འབྱོར། ལྷ་མོའི་བསམ་ཡུལ་ལས་འདས་པ་ཞིག་ནི་ས་དེའི་མི་རྣམས་ཁོ་མོའི་བསམ་ཚོད་ལས་འདས་པའི་“སེམས་རྩ་འཁོལ་པོ་”ཡོད་པ་དང་། ལྷ་མོ་འཕྲལ་མར་སྨྱན་སྦྱོར་གྱིས་དོ་ཁུར་བྱ་ཡུལ་དུ་གྱུར་ནས་ཚགས་པར་གྱི་གསར་འགྱུར་གཙོ་བོར་གྱུར། སྨྱན་སྦྱོར་ཚན་པ་མང་པོས་གཅིག་རྗེས་གཉིས་མཐུད་ངང་སྒོ་རྩར་བཅར་འདྲི་བྱེད་པར་ཡོང་སྟེ། སེམས་ཀྱི་ཉི་ཟླ་ནས་ཡོང་བའི་བུད་མེད་ངོ་མཚར་ཅན་དེའི་ཉམས་འགྱུར་ལ་ལྟ་བཞིན་མཆིས། སྨྱན་སྦྱོར་ཚན་པས་ལྷ་མོ་ནི་“ནུབ་ཕྱོགས་པ་དང་གཉེན་སྒྲིག་བྱེད་མཁན་གྱི་བོད་རིགས་ཐོག་མ་”ཞེས་དང་། “དབྱིན་ཇིར་གནས་སྡོད་བྱེད་མཁན་གྱི་བོད་རིགས་ཐོག་མ”ཞེས་རྗོད་ཀྱི་ཡོད་ལ། སྨྱན་སྦྱོར་ཚན་པ་ཁག་ཅིག་གིས་ཀློག་པ་པོའི་མིག་དབང་འགུགས་ཆེད་ཁོང་ནི་“བོད་ལྗོངས་ཀྱི་སྲས་མོ་”ཞིག་རེད་ཅེས་རྗོད་ཀྱི་ཡོད།
འོན་ཀྱང་ཡུན་རིང་མ་སོང་བར་། དབྱིན་ཇི་བའི་“སེམས་རྩ་འཁོལ་པོ་”ཉམས་སུ་མྱངས་རྗེས། ནུབ་ཕྱོགས་སྤྱི་ཚོགས་ཀྱིས་བོད་མི་རིགས་ལ་ཕྱོགས་རིས་དང་ནོར་འཁྲུལ་གྱི་ལྟ་ཚུལ་མང་པོ་ཡོད་པ་ལྷ་མོས་རིམ་གྱིས་རྟོགས། དེས་ཁོ་མོར་དགོད་བྲོ་བའི་ཚོར་སྣང་ཞིག་བྱིན་པར་མ་ཟད་ཁོང་ཁྲོ་ཡང་ལང་དུ་བཅུག ཁོ་མོས་དེ་སྔོན་ཁྱོ་གར་རྩོམ་ཡིག་ཅིག་འབྲི་རུ་བཅུག་ནས་དག་འབུད་བྱེད་རྩིས་བྱས་མོད། འོན་ཀྱང་ཅིན་གྱིས་དེ་ནི་ངལ་བ་འབྲས་མེད་རང་རེད། གང་ཡིན་ཞེ་ན། ནུབ་ཕྱོགས་པ་མང་པོས་བོད་མི་རིགས་སྐོར་གྱི་རྩོམ་ཡིག་འབྲི་མྱོང་ཡོད་ཅེས་རང་གི་ལྟ་ཚུལ་བཤད་པ་དང་། ཅིན་གྱིས་ད་དུང་གལ་ཏེ་བོད་པ་རང་གིས་དཔེ་དེབ་བྲིས་ནས་རང་མི་རིགས་ངོ་སྤྲོད་བྱས་ཚེ་ཕན་འབྲས་མི་འདྲ་བ་འཐོན་ངེས་ཡིན་པའི་བསམ་ཚུལ་བསྟན་པར། ལྷ་མོས་འཕྲལ་དུ་ཚོད་ལྟ་ཞིག་བྱ་རྒྱུར་ཐག་བཅད།
དཔེ་ཆ་འབྲི་བའི་གོ་རིམ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། ལྷ་མོའི་དབྱིན་ཡིག་གི་ཆུ་ཚད་དེ་འདྲའི་ཡག་པོ་མེད་སྟབས། སྔོན་ལ་ནང་དོན་དང་བསམ་ཚུལ་ཚང་མ་ངག་ཐོག་ནས་ཤོད་པ་དང་། དེ་རྗེས་ཅིན་གྱིས་ཟིན་ཐོར་འགོད་པ་དང་། ལེགས་སྒྲིག་དང་རྩོམ་སྒྲིག་བྱེད་འགན་འཁུར་གྱི་ཡོད། ཁོང་ཁྱོ་ཤུག་གཉིས་པོའི་བར་སྤྱོད་པའི་སྐད་ཡིག་ནི་དབྱིན་སྐད་མིན་ལ་བོད་སྐད་ཀྱང་མིན་པར་རྒྱ་སྐད་ཡིན་ཞིང་། དེ་ནི་ཁོང་གཉིས་པོས་ཐོགས་པ་མེད་པར་ཁོང་དུ་ཆུད་པའི་སྐད་ཡིག་གཅིག་པུ་དེ་རེད། ཐུན་མོང་ཐོག་དཔེ་དེབ་རྩོམ་པའི་དུས་སྐབས་དེ་ནི་ལྷ་མོ་གཞན་ཡུལ་དུ་སྡོད་རིང་གི་སྤྲོ་སྣང་དང་དོན་སྙིང་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན་པར་ང་ཚོར་ཡིད་ཆེས་ཡོད།
ཁྱོ་གའི་རོགས་རམ་འོག 1926ལོར་ལྷ་མོས་《བོད་ཀྱི་ཡུལ་སྲོལ་རིག་གནས་》ཞེས་པའི་དེབ་དེ་དངོས་སུ་དཔེ་སྐྲུན་བྱས་ཤིང་། དེབ་དེ་སྐབས་དེ་དུས་བྲིན་ཁ་རྒྱུག་ཤོས་ཀྱི་དེབ་ཅིག་ཏུ་གྱུར་ཏེ། དབྱིན་ཇི་དང་། འཇར་པན། ཨ་རི་སོགས་སུ་དཔེ་སྐྲུན་ཐེངས་མང་བྱས། དེབ་དེའི་ནང་དུས་རབས་20པའི་དུས་མགོ་ཡི་བོད་ཀྱི་མཛེས་ལྗོངས་དང་། འདེབས་འཛུགས། བཟའ་བཏུང་། ཨར་སྐྲུན། གོམས་སྲོལ། བུད་མེད། ཆོས་ལུགས། ཁྱིམ་ཚང་གི་འཚོ་བ། སྲོལ་རྒྱུན་རོལ་རྩེད། དམངས་ཁྲོད་ཀྱི་ངག་རྒྱུན་སོགས་ཚུད་པའི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ཚུར་སྣང་བྱས་ཡོད། ལྷ་མོས་ད་དུང་མི་སྒེར་གྱི་མྱོང་བ་དང་ཟུང་འབྲེལ་བྱས་ཏེ། བོད་མི་རིགས་དང་ནུབ་ཕྱོགས་པའི་དབར་གྱི་ཁྱད་པར་རང་བཞིན་ལ་དོན་སྙིང་ལྡན་པའི་བསྡུར་བ་བྱས་ཡོད་པ་དེ་ནི་སྐབས་དེ་དུས་མཐོང་སྣེ་དམིགས་བསལ་བ་ཞིག་རེད་ཅེས་བརྗོད་ཆོག་པས། དེ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྐར་ཁུང་གསར་པ་ཞིག་ཏུ་གྱུར།
ལྷ་མོས་དེབ་ནང་“ཕྱི་རྒྱལ་བས་ནམ་རྒྱུན་ངའི་ཕ་ཡུལ་ནི་གྲང་ངར་ཆེ་བའི་མི་མེད་ལུང་སྟོང་ཞིག་ཏུ་ངོས་འཛིན་བྱེད་པ་ཚོར་སྐབས་ང་རང་ཧང་སངས་བྱུང་། ངས་དེ་སྔ་དབྱིན་ཇིའི་གློག་བརྙན་ཞིག་ལ་ལྟ་མྱོང་། ཁོ་ཚོས་ང་ཚོའི་དེ་གར་གངས་མཐུག་པ་དང་། གང་སར་འཁྱགས་པས་ཁེངས་པ། རྟ་འཐེན་འཁྱགས་འཁོར་གྱི་རྣམ་པ་ཞིག་འཁྲབས་ཡོད་པ་ནི་དོན་དངོས་དང་འགལ་དྲགས་པས། དེ་ནི་རྦད་དེ་ནོར་འཁྲུལ་ཞིག་རེད་”ཅེས་འཁོད་ཡོད། ང་ཚོའི་དེ་གར་གངས་འཁྱགས་ཀྱི་འཇིག་རྟེན་མ་ཡིན་པར་གང་སར་ཉི་འོད་ཀྱིས་ཁེངས་ཡོད། མ་གཞི་ཆར་དང་གངས་འབབ་པ་བདེན་ཡང་། ཆར་པ་ཆད་རྗེས་གནམ་དྭངས་ཀྱི་ཡོད། ང་ཚོའི་དེ་གར་གནམ་དྭངས་ནས་ཉི་འོད་འཕྲོ་ཚད་པེ་ཅིན་དང་དབྱིན་ཇི་ལས་ཀྱང་མང་བ་དང་། ཐ་ན་དགུན་གཞུང་དུའང་ཉི་འོད་ཚ་མོས་མི་རྣམས་ལ་དྲོད་ཚོར་སྦྱིན་པར་བྱེད་པས། ཉི་འོད་ཀྱི་འོག་ཏུ་རང་གི་སྟོད་གོས་འཕུད་འདོད་བྱེད་”ཅེས་འཁོད་ཡོད།
“ང་ཚོའི་དམ་པའི་ཆོས་ཀྱིས་སྲོག་གཅོད་ལ་འཛེམ་གྱི་ཡོད། འོན་ཀྱང་མི་ནི་ཤ་གཟན་སྲོག་ཆགས་ཡིན་པས། མི་ཕལ་པས་ཤ་མ་བཟས་ན་འགྲིག་ཐབས་མེད་རྐྱེན་ང་ཚོས་ཀྱང་སྲོག་ཆགས་བཤས་ལ་གཏོང་གི་ཡོད་མོད། ནོར་དང་། ལུག ཕག་ལྟ་བུའི་སྲོག་ཆགས་གཟུགས་བོངས་ཆེན་པོ་དེ་རིགས་ཀྱི་ཤ་མ་གཏོགས་མི་ཟ། ཅིའི་ཕྱིར་ཞེ་ན། སྲོག་ཆགས་གཅིག་བཤས་བཏང་ན་མི་མང་པོས་མཉམ་དུ་བཟའ་ཆོག་པས་རེད། ཁྱོད་ཚོ་ནུབ་ཕྱོགས་པ་ལྟར་ང་ཚོས་སྲོག་ཆགས་ཅུང་ཆུང་བ་དཔེར་ན་འདབ་ཆགས་དང་། ཉ་དང་། ཡང་ན་སྒོ་ཕྱུགས་གཞན་དག་གི་ཤ་ཟ་ཡི་མེད། ཁྱོད་ཚོས་མི་གཅིག་གིས་རྒྱུན་དུ་སྲོག་ཆགས་གཅིག་གམ་འགའ་ཤས་ཀྱི་ཤ་ཟ་ཡི་ཡོད།”
ནུབ་ཕྱོགས་ཀྱི་སྨྱན་སྦྱོར་གྱིས་བོད་རིགས་ཀྱིས་བྲིས་པའི་དེབ་ལ་ཧ་ཅང་དགའ་པོ་བྱེད་པ་ཧ་གོ་དོན་གསལ་རེད། 1926ལོའི་ཟླ་3པའི་ཚེས་25ཉིན་གྱི་ཨ་རིའི་ 《ལིན་ཁེན་གྱི་སྐར་མའི་ཚགས་པར་》གྱིས་དེབ་དེ་འོས་སྦྱོར་བྱས་ཤིང་། རྩོམ་ཡིག་གི་ཁ་བྱང་དུ་“བོད་རིགས་ཀྱིས་ཨ་རིའི་དར་སྲོལ་ཆེ་བའི་གཞོན་ནུ་མའང་སྤྲ་དང་སྤྲེའུ་འདྲ་པོར་ངོས་འཛིན་བྱེད་”ཅེས་བྲིས་ཡོད་པ་དང་སྦྲགས། ལྷ་མོའི་དཔེ་དེབ་ཀྱི་ནང་དོན་ལུང་དུ་དྲངས་ཡོད་པ་སྟེ།
“གལ་ཏེ་ང་ཚོ་བོད་མིའི་ཚད་གཞི་ལྟར་ན། ནུབ་ཕྱོགས་པའི་བྱད་བཞིན་སྙིང་རྗེ་མོར་རྩི་ཡི་མེད། ཁྱོད་ཚོའི་སྣ་ཆེ་དྲགས་པས་ཧུའུ་(ཇ་ལྟིར)ཡི་མཆུ་ཏོ་དང་འདྲ། རྣ་ཆེ་བ་ཕག་དང་འདྲ། མིག་སྔོན་པོ་ནི་བྱིས་པ་ཚོའི་རྩེད་ཆས་ཤེལ་རིལ་དང་འདྲ། མིག་ཀོང་དུ་དིམ་པ་དང་། རྫི་མ་འབུར་དུ་གཟེངས་པས། སྤྲ་དང་སྤྲེའུ་འདྲ་པོ་ཡོད།”
འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ནི། 《བོད་ཀྱི་ཡུལ་སྲོལ་རིག་གནས་》ཞེས་པའི་དེབ་དེ་ཁག་གཉིས་སུ་ཕྱེ་ཡོད་པ་སྟེ། ཁག་དང་པོའི་ནང་ལོ་རྒྱུས་ཁོ་ན་འཁོད་ཅིང་། དེ་དག་ཚང་མ་ཅིན་གྱིས་བྲིས་པ་ཤ་སྟག་རེད། ཁོང་ནི་དབྱིན་ཇིའི་ཕྱི་འབྲེལ་དཔོན་ཟུར་པ་ཞིག་ཡིན་པའི་ངོས་ནས་དབྱིན་ཇིའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་ལངས་ཕྱོགས་ཀྱི་ཐོག་ནས། གང་སར་དབྱིན་ཇི་བཙན་རྒྱལ་ཆེན་མོའི་ཁེ་ཕན་སྲུང་སྐྱོང་གང་ཐུབ་བྱེད་ངེས་ཡིན་ཙ་ན། བོད་ཀྱི་ལོ་རྒྱུས་དང་གནས་བབ་ཀྱི་གནད་དོན་ཐད་ལའང་རྩ་བའི་ནོར་འཁྲུལ་ཡོད་པས། དེའི་ཐད་ལ་སྨྱུག་འཛིན་པས་རང་དགར་ཁས་ལེན་བྱེད་མི་སྲིད། ཁག་གཉིས་པར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱས་ཡོད་ཅིང་། དེ་ནི་ལྷ་མོའི་ལེགས་སྐྱེས་ཡིན་པ་སྨོས་མ་དགོས།
དཔེ་ཆ་རྩོམ་པ་ཕུད། ལྷ་མོས་ད་དུང་ཨོ་སི་ཁྲུ་ལི་ཡའི་《ཤིས་ཉིའི་སྦྲག་སྲིད་ཚགས་པར་》ཐོག་“ཁྱོད་ཚོ་དང་ང་ཚོའི་ཤེས་དཔལ་”ཞེས་པའི་ཁ་བྱང་བཀོད་པའི་དཔྱད་གཏམ་རྩོམ་ཡིག་ཅིག་སྤེལ་མྱོང་། ཁོང་གིས་ནུབ་ཕྱོགས་པས་བོད་རིགས་མི་རིགས་ལ་འཛིན་པའི་ཕྱོགས་ཞེན་གྱི་བསམ་བློར་སུན་འབྱིན་བྱེད་པར་དམིགས་ནས། “བོད་མི་རིགས་ནི་གདོད་མའི་མི་མིན་ལ་མི་ཡ་མ་ཟུང་དེ་འདྲའང་མིན། ང་ཚོ་ནི་ཁྱོད་ཚོ་དང་འདྲ་བར་རིག་གནས་དང་། སྙིང་སྟོབས། སྤྱི་ཚོགས་དང་དངོས་པོའི་དཔལ་ཡོན་བཅས་དར་རྒྱས་ཧ་ཅང་ཆེན་པོ་ཡོད། ང་ཚོའི་བསམ་བློ་ཁྱོད་ཚོའི་རྗེས་སུ་ལུས་མེད་ཅིང་། ང་ཚོའི་བློ་གྲོས་ཁྱོད་ཚོ་ལས་ཞན་པ་མེད། ཁམས་པའི་སྐྱེས་པའི་གཟུགས་པོའི་རིང་ཚད་ལ་སྤྱིར་བཏང་དུ་དབྱིན་ཁྲེ་6(ཧ་ལམ་སྨི་1.83ཡོད)ལྷག་ཡོད། ང་ཚོའི་གཤིས་ཀ་ནི་ང་ཚོའི་འཚོ་བའི་ཁོར་ཡུག་དང་འདྲ་བར་གང་སར་ཉི་འོད་ཀྱིས་གང་ཡོད། ཁྱོད་ཚོས་རང་ལ་དངོས་པོའི་རིག་གནས་ཡོད་པར་སྤོབས་པ་སྐྱེ་བཞིན་ཡོད་མོད། འོན་ཀྱང་ཁྱོད་ཚོས་དངོས་པོའི་རིག་གནས་དེ་འདྲ་མེད་པའི་མི་རིགས་ཀླ་ཀློར་རྩི་མི་ཉན། ཤེས་རིག་ནི་དངོས་པོའི་རིག་གནས་དང་ག་ལ་འདྲ་”ཞེས་འཁོད་ཡོད།
དབྱིན་ཇིར་སྐུ་ཡི་འཕེན་པ་རྫོགས་པ།
1929ལོའི་ཟླ་11པའི་ཚེས་13ཉིན། ལྷ་མོ་ལ་གློ་གཅོང་ཕོག་ནས་དབྱིན་ཇིའི་ཁེན་ཐེ་ཅུན་གྱི་གྲོང་གསེབ་ཀྱི་སྡོད་ཤག་ཏུ་གྲོངས་ཤིང་། སྐབས་དེར་དགུང་ལོ་28མ་གཏོགས་སླེབས་མེད།
ལྷ་མོའི་དུར་ས་ནི་ས་གནས་དེ་གའི་གྲོང་རྡལ་དུ་ཆགས་པའི་ཡེ་ཤུའི་ཆོས་ལུགས་ཀྱི་དུར་གླིང་ཞིག་ཏུ་བདམས། ཅིན་གྱིས་བཟའ་ཟླས་ཚེ་གང་པོར་ནང་བསྟན་ལ་དད་པ་བྱེད་པར་བསམ་བློ་བཏང་མོད། འོན་ཀྱང་ལྷ་མོའི་དུར་ས་ནི་གང་སར་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འཇུག་པའི་དུར་སས་ཁེངས་པ་ཞིག་ཏུ་བཀོད་སྒྲིག་བྱེད་དགོས་བྱུང་སྟབས། ཁོང་གིས་ཕྱི་འབྲེལ་དཔོན་ལ་འཛོམས་པའི་རང་ཉིད་ཀྱི་སྟུན་མཁས་རང་བཞིན་མངོན་པར་བྱས་ནས། ལྷ་མོའི་དུར་ས་བང་སོ་ཁང་གི་ཆེས་མཐའ་ཁུལ་དུ་བཀོད་སྒྲིག་བྱས་ཏེ། ཡེ་ཤུའི་ཆོས་དད་པའི་དུར་ས་དག་དང་རྒྱང་ཐག་རིང་དུ་གཏོང་གང་ཐུབ་བྱས། ལྷ་མོ་གྲོངས་ནས་དུས་ཡུན་རིང་པོ་ཞིག་འདས་ཀྱང་། ཁོང་གི་དུར་སའི་མཐའ་འཁོར་ནི་སྔ་ཕྱི་བར་གསུམ་དུ་ས་སྟོང་ཡིན་པས། གྲོགས་མེད་ཁེར་རྐྱང་གི་ཚུལ་དུ་ཧ་ཅང་མངོན་གསལ་མེད་པའི་ཁུག་ཀྱོག་ཅིག་ཏུ་གནས་ཡོད། ཁོང་གྲོངས་ནས་ལོ་15འདས་རྗེས། མཐའ་འཁོར་དུ་ད་གཟོད་དུར་ས་གསར་པ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་རེད།
ཅིན་གྱིས་ཕྱིས་སུ་ཆུང་མ་གཉིས་པ་བླངས་ནའང་། མཇུག་མཐར་ཁོང་གིས་ལྷ་མོའི་འཁྲིས་སུ་སྡོད་རྒྱུའི་གདམ་ག་བྱས་པ་ནི། སྔོན་ཆད་ཁོང་གིས་སྐྱེ་བོ་གཞན་གྱི་ལྟ་སྟངས་དང་གནོན་ཤུགས་ལ་མ་བལྟོས་པར་ལྷ་མོ་དང་ཁ་མ་བྲལ་བ་ལྟར་རེད། 1949ལོ་སྟེ་ལྷ་མོ་གྲོངས་རྗེས་ཀྱི་ལོ་20པར། ཅིན་དང་ཁོང་ནམ་ཡང་དེ་གར་མནལ་ལ་ཞུགས།
1930ལོའི་ཟླ་དང་པོའི་ཚེས་10ཉིན། ཐེན་ཅིན་གྱི་《པེ་ཅིང་དང་ཐེན་ཅིན་གྱི་ཐའེ་ཝུའུ་ཧྲེའི་ཚགས་པར་》ཐོག་ཏུ་ལྷ་མོའི་འདས་བརྡ་བཀོད་དེ། ལྷ་མོ་ནི“ཡིད་དབང་འཕྲོག་ཅིང་རང་གཤིས་ངོ་མཚར་ཅན་ལྡན་པའི་བུད་མེད་ཅིག་རེད། ཁོང་ངོ་ཚ་སྨིན་པས་འབྲེལ་འདྲིས་བྱེད་པར་མི་མཁས་ཀྱང་། སྟབས་ལེགས་ནས་ཁོ་མོའི་གྲོགས་པོར་གྱུར་པའི་མི་རྣམས་ལ་མཚོན་ན། མོ་ནི་བློ་འབྱེད་ཟིན་ཐོ་ཞིག་རེད། དད་སེམས་ཆེ་བའི་ནང་བསྟན་པ་ཞིག་ཡིན་པའི་ཆ་ནས། ཁོང་ལ་ཞི་དུལ་གྱི་མི་ཚེའི་རྣམ་འགྱུར་མངའ་ཡོད། ཁོང་གི་ལྷིང་འཇགས་དང་བློ་རིག་ལྡན་པའི་སྐད་ཆ་དང་། དེ་བཞིན་ཁོང་གིས་མི་གཤིས་ཀྱི་ངོ་བོ་གསལ་རྟོགས་ཐུབ་པའི་ནུས་པ་ཡིས་ཁོང་ཧ་ཅང་སྤྱང་གྲུང་ལྡན་ཞིང་མི་རྣམས་ལ་བག་ཆགས་ཟབ་མོ་འཇོག་མཁན་ཞིག་ཏུ་གྱུར་”ཅེས་གདེང་འཇོག་བྱས་ཡོད།
ཅིན་དང་ལྷ་མོའི་བརྩེ་དུང་གི་གཏམ་རྒྱུད་དེ་སི་ཁྲོན་དར་རྩེ་མདོ་ཡིས་རྒྱལ་སྤྱིའི་རང་བཞིན་གྱི་《དར་མདོའི་མཛའ་གཞས་》ལ་བརྩིས་ནས་ད་ལྟའི་བར་དུ་བརྒྱུད་གཏོང་བྱེད་བཞིན་ཡོད། དར་རྩེ་མདོའི་ལྕེ་ཆུའི་འགྲམ་ངོགས་སུ་ཆགས་ཤིང་དེ་སྔོན་ཁོང་གཉིས་སྡོད་སའི་ཐོག་བརྩེགས་ཁང་ཆུང་གི་མདུན་དུ་ཁོང་གཉིས་ཀྱི་ཟངས་ཀྱི་སྐུ་བརྙན་བཞེངས་ཡོད། ཅིན་གྱིས་ནུབ་ཆས་གྱོན་ནས་རྐུབ་སྟེགས་རིང་པོའི་ཐོག་ལ་བསྡད་ཅིང་། ཨོག་ལེན་ཆུང་ཆུང་དཀྲོལ་ནས་དབྱིངས་སུ་ཚུད་ཡོད་པ་དང་། འཁྲིས་སུ་སྲོལ་རྒྱུན་གྱི་བོད་ཆས་གྱོན་པའི་ལྷ་མོས་ལྡེམ་མྱུར་བྲོ་ཡི་སྟངས་སྟབས་ངོམ་བཞིན་མཆིས། ལོ་བརྒྱའི་གོང་གི་བརྩེ་དུང་གི་གཏམ་རྒྱུད་དེས་མི་རྣམས་ལ་ཚོར་བ་སྐྱུར་མོ་ཞིག་འབྱིན་པར་བྱེད། ཚེ་མི་རྟག་རྩྭ་ཁའི་ཟིལ་བ་དང་། འདུས་མཐར་འབྲལ་དགོས་པ་ནི་འཇིག་རྟེན་ཆོས་ཉིད་ཡིན་ཡང་། དེ་སྔ་གཅིག་ཕན་གཅིག་རོགས་ཀྱིས་མི་ཚེ་མཐའ་རུ་བསྐྱལ་བའི་བརྩེ་དུང་གི་དར་སྐུད་རིང་མོར་བརྟེན་ནས། ཁོང་གཉིས་ཀྱི་བརྩེ་དུང་དེ་མི་ཚེ་གཅིག་ནང་གི་ངོ་མཚར་ཆེ་བའི་ལེ་ཚན་ཞིག་ཏུ་གྲུབ་ཅིང་། ལོ་ཟླའི་འཕེལ་འགྲིབ་ཁྲོད་དུ་སྔར་བཞིན་བརྩེ་བ་རྣལ་མའི་དྲོད་འཇམ་གྱི་འོད་སྣང་ཡལ་མེད་དུ་འཕྲོ་བཞིན་མཆིས་སོ།།
རྣམ་གླིང་རིན་ཆེན་གྱིས་བསྒྱུར།