ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སློབ་ཆེན་པའི་སྙན་ངག་གྱེར་འདོན་འགྲན་ཚོགས་སུ། འགྲན་ཞུགས་པ ༡༠༢ འདུག་ཟེར།

2014-11-13 བློ་བཀྲ།

    ༢༠༡༤ ལོའི་ཟླ ༡༡ པའི ༡ ཉིན་གྱི་ཞོགས་པའི་དུས་ཚོད་བཅུ་ཙམ་ལ་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཆོལ་གསུམ་བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དང་པོ(ཕ་སྐད་གཙང་མའི་འཕྲིན་ལས།)ཞེས་པ་འཚོགས་པར་ཐོག་མའི་མིང་ཐོ་བཀོད་ཅིང་། འགྲན་བསྡུར་འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲོགས་སྐལ་བཟང་འབུམ་སོགས་ཀྱིས་སྦྱིན་བདག་དང་འགོ་འཛིན་བྱས་པའི་བོད་ཁམས་ཡོངས་ལ་ཕྱོགས་པའི་བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་ཞིག་ཡིན། འདི་ཡང་ཆོལ་གསུམ་ཁ་བའི་ལྗོངས་སུ་སྤྱི་སྐད་ཀྱི་ས་བོན་ཆགས་པར་ཞབས་ཞུ་ཏོག་ཙམ་བསྒྲུབ་པའི་ཀུན་སློང་གཙང་མ་དང་བོད་ཀྱི་སློབ་ཆེན་སློབ་མའི་རང་གི་དགའ་ཕྱོགས་དང་ཁྱད་ཆོས་ངོམ་སའི་གར་སྟེགས་སུ་བསྐྲུན་པ་ཁོ་ཚོའི་དམིགས་ཡུལ་ཡིན་ཞེས་བརྡ་སྦྱོར་སོགས་སུ་བཤད་ཡོད་ཅིང་། གཞན་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་ཆེན། ཀན་སུའུ་དགེ་འོས་སློབ་ཆེན། པེ་ཅིན་མི་རིགས་སློབ་ཆེན། དེ་མིན་གྲོང་ཁྱེར་ཁག་གི་ཆེད་སྦྱོང་སློབ་མ་སོགས་དབུས་གཙང་དང་ཁམས་པ། མདོ་སྨད་ནས་ཐོན་པ་བཅས་འགྲན་ཚོགས་དངོས་ལ་ཞུགས་པའི་སློབ་མ་བརྒྱ་དང་གཉིས་ཙམ་བྱུང་ཡོད། 

    ཐེངས་འདིའི་འགྲན་སྡུར་ལ་རེབ་དང་པོ་དང་གཉིས་པའི་རྣམ་པ་བརྒྱུད་དེ། རེབ་དང་པོའི་འགྲན་སྡུར་གྱི་དཔྱད་འདེམས་བརྒྱུད་རིམ་ཁྲོད་ནས། མི་བཅོ་ལྔ་བདམས་ཏེ་རེབ་གཉིས་པའི་རྟིང་རྩོད་རིམ་པར་ཞུགས་ཆོག་པ་རེད། ཞོགས་པའི་དུས་ཚོད་བཅུ་གཅིག་ཙམ་ལ་ཐོན་རྗེས། ཆོལ་གསུམ་བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་དང་པོ(ཕ་སྐད་གཙང་མའི་འཕྲིན་ལས།)ཞེས་པའི་རེབ་དང་པོའི་འགྲན་སྡུར་དངོས་སུ་ཚོགས་འགོ་བརྩམས་ཤིང་། དཔྱད་འདེམས་མི་སྣ་ལ་བོད་ཀྱི་སྙན་ངག་པ་གྲགས་ཅན་ཁྲི་སེམས་དཔའ་དང་ན་གཞོན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་རྣོ་སྦྲེང་། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གསུམ་བཅས་ཀྱིས་བྱས། 

    དེ་ལྟར་དུས་ཚོད་དྲུག་ལྷག་ལ་བསྟུད་མར་སློབ་གྲོགས་རེ་རེ་ནས་གྱེར་འདོན་བྱས་པ་བརྒྱུད། ཕྱི་དྲོའི་དུས་ཚོད་ལྔ་ཙམ་ལ་ཡོངས་སུ་མཇུག་རྫོགས་ཤིང་། སློབ་གྲོགས་རེ་རེས་ཚོར་འདུ་ལྷོག་ལྷོག་འཕྱུར་ཞིང་། ཕ་སྐད་རུས་ལ་ཞེན་པ། ཕ་ཡུལ་སེམས་ཀྱིས་གཅེས་པའི་སྙན་ངག་རེ་རེ་སྤོབས་སེམས་ཆེན་པོས་ངག་ནས་ཐལ་ཞིང་། གྱེར་འདོན་བྱེད་པའི་སྐད་ཀྱི་དྲག་ཤུགས་དང་གདངས་ཀྱི་འགྱུར་ཁུགས། ལུས་ཀྱི་ཉམས་འགྱུར་བཅས་ཀྱིས་ཚོགས་ར་ཧྲིལ་བོའི་མཁའ་དབུགས་ལ་ཐུན་མོང་མ་ཡིན་པའི་བཀྲག་མདངས་ཤིག་ཁེངས་པར་བྱས།  

    མཇུག་མཐར། ཐེངས་འདིའི་རྟིང་རྩོད་རིམ་པར་བདམས་ཐོན་བྱུང་བའི་སློབ་གྲོགས་དཔལ་ཆེན་རྡོ་རྗེ(ནུབ་བྱང་།) དང་བཀྲ་ཤིས་དོན་འགྲུབ། བསོད་ནམས་དར་རྒྱས། ཚེ་གཟུངས་ཐར། རྡོ་རྗེ་སྐྱིད། ཡོན་ཏན། ལྷ་མོ་སྐྱབས། སྐལ་བཟང་ཚེ་རིང་། སྒྲོལ་མ་ཚེ་རིང་། ཚེ་དབང་རྒྱལ། ཚེ་མཁར་རྒྱལ། དཔལ་ཆེན་རྡོ་རྗེ(མཚོ་སྔོན་མི་རིགས་སློབ་ཆེན།) ཆོས་གྲགས། སྤྱན་ཡངས། ཚེ་རིང་སྐྱབས་སོགས་ཀྱི་མཚན་ནས་བོས་ཏེ། ཁོ་ཚོའི་ཐུན་མོང་མ་ཡིན་པའི་འབྲས་བུ་དང་ཁྱད་དུ་འཕགས་པའི་གྱེར་འདོན་སྒྱུ་རྩལ་ལ་བསྟོད་བསྔགས་བྱས། ཆོལ་གསུམ་བོད་ཀྱི་སློབ་ཆེན་སློབ་མའི་སྙན་ངག་གྱེར་འདོན་འགྲན་སྡུར་སྐབས་དང་པོ(ཕ་སྐད་གཙང་མའི་འཕྲིན་ལས)ཞེས་པའི་རེབ་དང་པོའི་འགྲན་སྡུར་རྒྱལ་ཁ་དང་ལེགས་འགྲུབ་ཀྱི་ངང་ནས་རེ་ཞིག་མཇུག་བསྡུས།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག