ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་གྱི་རྡོ་སོལ་གཏེར་ཁུལ་ཆེ་ཤོས་ཀྱིས་རྨ་ཆུའི་ཆུ་ལག་གི་མགོ་ཁུངས་ཁྱུར་མིད་གཏོང་བཞིན་མཆིས།

2014-11-13 མི་ལ་ཙི་ཙི།

   འཕྲེད་ཐུག་བྱང་མ38°1022། གཞུང་ཐུག་ཤར་མ99°245། མདོ་དབུས་མཐོ་སྒང་། ཡུལ་འདིའི་མཐོ་ཚད་མཚོ་འཕགས་རྨིད 4102 རེད། 

   འདི་ནི་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་གི་བྱང་རྒྱབ་ཀྱི་མི་ཕྱུགས་མཐོང་དཀོན་པའི་རྩྭ་ཐང་ཁེར་རྐྱང་ཞིག་རེད། 2014 ལོའི་ཟླ 7 པའི་ཚེས 31 ཉིན། ལྷོ་ཕྱོགས་གཟའ་མཇུགགི་གསར་འགོད་པ། ཆེས་ཉེ་སའི་མུ་རི་གྲོང་ཚོ་ནས་ཁ་ནུབ་བྱང་དུ་གཏད་དེ་སྤྱི་ལེ 15 ལ་བསྐྱོད་མཐར་གཞི་ནས་གནས་འདིར་ཐོན། རི་དེའུ་དང་མཚེའུའི་འབྲག་ན། རྡོ་སོལ་གཏེར་ཁ་སྔོག་ཁུལ་གཏོས་རྒྱ་ཆེ་བ་ཞིག་མུ་ནས་མུ་རུ་སྦྲེལ་ཏེ་འདུག ས་སྙིགས་སྐྱེལ་འདྲུད་རླངས་འཁོར་གྱི་ཕྲེང་བསྟར་ཁོམ་ལོང་དང་བྲལ་ལ། རླངས་འཁོར་རེ་རེའི་གཞུག་རྡུལ་གྱི་གཞུ་གུ་རིང་བོ་བར་སྣང་ན་ལང་ལོང་གཡོ། སྤུངས་གསོག་བརྒྱབ་སྟེ་ཡོད་པའི་ས་སྙིགས་ཀྱི་སྒང་རྒྱུད་ནག་པོ་རེ་རེ་ནི་གདོན་གྱི་སྡེར་མོ་རེ་རེ་དང་འདྲ་ལ། གདོད་མའི་ལྷིང་འཇགས་ཁྲོད་ཀྱི་རྩྭ་ཐང་འདི་ཕྱི་ནང་མེད་པར་ཚལ་བ་ཚལ་བར་གཤགས་དང་གཤགས་མུས་སུ་མཆིས། 

   “རྡོ་སོལ་གོང་མ ཞེས། སོལ་བརྐོ་བཟོ་པ་ཞིག་གིསལྷོ་ཕྱོགས་གཟའ་མཇུགགསར་འགོད་པའི་ཟིན་དེབ་སྟེང་ཡུལ་འདིའི་མིང་བྲིས། རྡོ་སོལ་གོང་མ་དང་དྲོན་པོ་རྫ་རྒྱུད། རྐྱང་ཚང་། གྲོག་རྒན་བཅས་ས་ཁུལ 4 ཡིས་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཆེ་བའི་རྡོ་སོལ་གཏེར་ཁ་སྟེ་མུ་རིའི་རྡོ་སོལ་གཏེར་ཁུལ་གྲུབ་པ་རེད། འདི་ནི་མཚོ་སྔོན་གྱི་ཆེས་མནོག་པའི་རྡོ་སོལ་དང་སོལ་སྲེག་གི་ཐོན་ཁུངས་གཙོ་ཤོས་རེད་ལ། རྡོ་སོལ་གྱི་སྤུས་ཀ་ལེགས་པའི་ཆ་ནས་བཤད་ན། ཤོག་སྐྱ་ལྷེབ་མོ་ཞིག་གིས་ཀྱང་སྦར་ཐུབཅེས་མཚོ་སྔོན་གྱི་མིས་དཔེ་འཇོག་གསོན་ཉམས་དོད་པོ་འཇོག 

   འོན་ཀྱང་གནས་འདི་ནི་མདོ་ལ་རིང་མོའི་འཁྱགས་རོམ་དང་གཙང་བོའི་མགོ་ཁུངས་ལ་འཚོ་བཅུད་རྒྱས་སའི་རྒྱལ་ཁབ་རིམ་པའི་སྐྱེས་ཁམས་སྲུང་སྐྱོབ་ཁུལ་དང་། ད་དུང་རྨ་ཆུའི་ཆུ་ལག་གཙོ་བོ་ཞིག་སྟེ། ཐང་དམར་ཆུ་ཡི་མགོ་ཁུངས་ཀྱི་བརླན་བཅུད་འཛིན་སའི་ས་ཁུལ་ཡང་ཡིན་འདུག གལ་ཏེམདོ་ལ་རིང་མོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལལ་བསྐྱར་དུ་བཟོ་བཅོས་བརྒྱབ་པ་མིན་ཚེ། དྲོན་པོ་རྫ་རྒྱུད་དང་རྡོ་སོལ་གོང་མ་གཉིས་ད་དུང་སྲུང་སྐྱོབ་ས་ཁུལ་འདིའི་ནང་དུ་འདུ་བ་རེད། 

   སྔོག་བརྐོ་ཁུལ་འདི་གཉིས་དང་། ཐ་ན་འདིའི་ཉེ་འཁོར་གྱི་གཏེར་བརྐོ་ས་ཚིགས་མི་ཉུང་བ་ཞིག མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ལྟ་རྟོག་སྡེ་ཁག་ལ་མཚོན་ན་རྨུགས་གབ་ཁྲོད་ཀྱི་སྦས་ལུང་ཞིག་ཏུ་འདུག 

   《རྒྱལ་ཁབ་དར་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་གྱིས་གནང་བའི། མཚོ་སྔོན་ཞིང་ཆེན་མུ་རི་གཏེར་ཁུལ་གྱི་སྤྱིའི་འཆར་བཟོའི་བཀའ་ལནལྟར་ན། མུ་རིའི་རྡོ་སོལ་གཏེར་ཁུལ་ཧྲིལ་པོ། སྔོག་ཁུང 8 དང་འཚོལ་བཤེར་ཁུལ 6 ལ་ཁག་བགོས་འདུག དེ་ལས་སྔོག་ཁུང་བརྒྱད་པོ་ཡོངས་སུ་གྲོག་རྒན་གཏེར་ཁུལ་དང་རྐྱང་ཚང་གཏེར་ཁུལ་དུ་འདུ། འདིར་བལྟས་ཏེ་ཡོང་ན། རྡོ་སོལ་གོང་མའི་སྔོག་བརྐོ་ལ་ཁྲིམས་འགལ་གྱི་དོགས་གཞི་ཆེས་ཆེ། 

   མ་ཟད་གྲོག་རྒན་དང་རྐྱང་ཚང་གཏེར་ཁུལ་གཉིས་ཀྱང་དུས་ཡུན་རིང་བོའི་རིང་། རྡོ་སོལ་ཐད་ཀར་རྩྭ་ཐང་གི་ཁ་ཤུན་བཀོག་སྟེ་ཀླད་རྗེན་བརྐོ་སློག་བྱས་པ་མ་ཟད། བེད་མེད་ཀྱི་ས་སྙིགས་ག་སར་སྤུངས་གསོག་བརྒྱབ་སྟེ་ཕྱིར་དོང་འཇུག་མ་བྱས་པ་སོགས་གྱི་རྐྱེན་གྱིས། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐེན་གྱིས་ཡང་ནས་བསྐྱར་དུ་གནད་དོན་འདི་རིགས་ཡོ་བསྲང་བྱ་དགོས་པའི་བརྡ་ཐོ་བཏང་མྱོང་སྐད། གསེར་ནགབཅུད་དུ་ཆགས་པའི་ས་གཞི་འདིའི་སྟེང་། ཐོན་ཁུངས་སྔོག་འདོན་དང་སྐྱེས་ཁམས་སྲུང་སྐྱོབ་གཉིས་ཀྱིས། དེ་རིང་བར་འདི་ལྟར་རོ་འདྲུད་ཞོར་དང་ཤ་ཟ་ཞོར་གཡུལ་མཚམས་མ་ཆོད་པར་ཡོང་བ་རེད། བྱ་སྔ་བ་ཤི་བའི་རོ་ལ་ལྟོས། བྱ་ཕྱི་མ་གན་གྱི་རང་བཞིན་རེད་ཟེར་བའི་དཔེ་ལྟར། མ་གཞི་རྩ་ཁྲིམས་དང་འབྲེལ་ཡོད་སྡེ་ཁག་གིས་རིམ་པ་རིམ་པར་སྲུང་སྐྱོབ་བྱས་ཡོད་པའི་དྲོན་པོ་རྫ་རྒྱུད་དང་རྡོ་སོལ་གོང་མའི་གཏེར་ཁུལ་གྱི་མགོར་ཡང་། གྲོག་རྒན་དང་རྐྱང་ཚང་གཏེར་ཁུལ་གཉིས་ཀྱི་ལས་དབང་ནག་པོ་དེ་འདྲ་མི་ཡོང་བའི་ལ་ཐང་གཞར་ཡང་མི་འདུག 

ལྟ་རྟོག་གི་མིག་རྒྱང་མི་སླེབ་སའི་བརྐུ་སྔོག་ས་ཁུལ། 

   《ལྷོ་ཕྱོགས་གཟའ་མཇུགགསར་འགོད་པས། སོལ་བརྐོ་བཟོ་པས་བསྟན་པའི་རྡོ་སོལ་གོང་མའི་གཏེར་ཁུལ་དུ། གཞུང་ལ་སྤྱི་ལེ་བཞི་ལྔ་དང་དཀྱུས་སུ་སྤྱི་ལེ་གཅིག་ཙམ་ཡོད་པའི་ས་སྙིགས་འཕོ་སའི་ཤུར་དོང་ཆེན་པོ་ཞིག་ལུང་གྱོག་བརྒྱུད་དེ་རིང་དུ་སྨྱུགས་ཀྱིན་པ་མཐོང་། གངས་རི་དང་མཚེའུའི་འགྲམ་རྒྱུད་ན་ཡོད་པའི་སྔོག་བརྐོ་ཁུལ་ཆེན་པོ་འདི། ཐ་ན་མུ་རིའི་རྡོ་སོལ་གཏེར་ཁུལ་གྱི་ལྟ་རྟོག་ལས་མིས་ཀྱང་ཁྱོན་ནས་ཤེས་ཚོད་མི་གདའ། 

   འབྲོག་པ་ཚེ་རིང་རྡོ་རྗེའི་དབྱར་མཚེར་ཏག་ཏག་གནས་འདིའི་ཁད་ཉེ་སར་མཆིས། ཁོས་ཕྱིར་དྲན་བྱས་པ་ལྟར་ན། རྩྭ་ཐང་འདི་ལོ་ངོ་གཉིས་ཀྱི་སྔོན་ནས་བཟུང་བརྐོ་མགོ་རྩོམ་པའི་བཟོ་ལྟ་ཡོད་རུང་དེ་དུས་རྣམ་པ་འདི་འདྲ་ཆེན་པོ་མི་འདུག་ཟེར། Google ས་བཀྲའི 2013 ལོའི་ཟླ 3 པའི་ཚེས 28 ཉིན་གྱི་འཁོར་སྐར་རི་མོ་ལ་བལྟས་ན་ཡང་། སྐབས་དེར་རྣམ་པ་ཆུང་བའི་བརྐོས་ཤུལ་ཐ་རེ་ཐོར་རེ་ཙམ་ལས་མི་སྣང་། 2013ལོའི་ཟླ 7 པ་རེད(སྔོག་མགོ་རྩོམ་དུས)། ཡོངས་རྫོགས་འགྲུབ་དགོས་ན་ཧ་ལམ་ད་དུང་ལོ་ངོ་བཅུ་ཁ་ཉི་ཤུ་དགོས་རྒྱུ་རེད།དེར་ཡོད་པའི་སོལ་བརྐོ་བཟོ་པ་ཞིག་གིསལྷོ་ཕྱོགས་གཟའ་མཇུགགི་གསར་འགོད་པར་འདི་ལྟར་བཤད། 

   ཡུལ་དེའི་ཡིན་པའི་སོལ་བརྐོ་བཟོ་པ་མི་ཉུང་བ་ཞིག་གིས་བཤད་ན། གཏེར་ཁུལ་དེ་ནིཏ་རྨེ ལ་གཏོགས་ཟེར། 

   ཏ་རྨེ རྡོ་སོལ་གོང་མ བརྡ་ཆད་གལ་ཆེ་འདི་གཉིས། 2013 ལོའི་ཟླ 10 པའི་ཚེས 30 ཉིན། མཚོ་སྔོན་ཏ་རྨེ་སོལ་ལས་མ་རྐང་ཚད་ཡོད་ཀུང་སིའི། རྡོ་སོལ་གོང་མ་གཏེར་ཁུལ་གྱི་ཚོན་ལྕགས་སྡོད་ཁང་ཨར་ལས་འཛུགས་སྐྲུན་ལས་གཞི་ཚད་ལེན་བརྡ་ཁྱབཟེར་བའི། ཀྲུང་གོའི་ཚཱེ་ཀྲོ་དྲ་རྒྱའི་གསར་འགྱུར་ནང་གི་ཐ་སྙད་དང་མཐུན་པར་འཁེལ་འདུག ཚོན་ལྕགས་ཁང་པ་ནི་གནས་སྐབས་ཙམ་གྱི་སྡོད་ཁང་དུ་བཟོས་པ་རེད། སོལ་བརྐོ་བཟོ་པས་བསྟན་པའི་ཁ་ཕྱོགས་སུ། གསར་འགོད་པས་ཀླད་ཁེབས་དམར་པོ་ཅན་གྱི་ཚོན་ལྕགས་སྡོད་ཁང་ལེབ་ཅིག་མཐོང་ཡོང་། གན་ནི་འཚོ་སྡོད་ཁུལ་རེད།བཟོ་པ་ཞིག་གིས་དེ་ལྟར་བཤད། 

   2011 ལོའི་ཟླ 4 པར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས། མཚོ་སྔོན་ཞིང་ཆེན་མུ་རི་གཏེར་ཁུལ་གྱི་སྤྱིའི་འཆར་འགོད(གཤམ་ནས་བསྡུས་མིང་གིསསྤྱིའི་འཆར་འགོདཟེར་རྒྱུ་ཡིན)ཟེར་བ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། དེ་ལསགཏེར་ཁུལ་གཅིག་ལ་གསར་སྤེལ་སྡེ་ཁག་གཅིགཅེས་གསལ་བོར་བསྟན་ཡོད། ད་ཆ། མཚོ་སྔོན་ཞིང་ཆེན་མུ་རི་སོལ་ལས་གསར་སྤེལ་ཚད་ཡོད་ཀུང་སི(གཤམ་ནས་བསྡུས་མིང་གིསམུ་རི་སོལ་ལསཟེར་རྒྱུ་ཡིན)ནི། མུ་རི་གཏེར་ཁུལ་གྱིསྤྱིའི་ཇུས་འགོདཁྱབ་ཁོངས་ནང་གི་ཁྲིམས་མཐུན་གསར་སྤེལ་སྡེ་ཁག་ཁོ་ན་ཉིད་དེ་རེད། འོན་ཀྱང་ཏ་རྨེ་ནི་དེའི་ཁོངས་གཏོགས་ཀྱི་སོལ་གཉེར་ཁེ་ལས་ཆུང་ཆུང་ཞིག་རེད། 

   ཏ་རྨེ་སོལ་ལས་ཟེར་བའི་ཁེ་ལས་འདི་ནི། 2012 ལོར། མ་རྐང་དངུལ་ལོ་ཚོང་རར་འགྲེམ་འཚོང་བྱས་ཡོད་པའི་ཀུང་སི་སྟེ། ནུབ་ཁུལ་གཏེར་ལས་ཤོག་སྒྲིག་ཀུང་སིས་སྣེ་འཁྲིད་དེ་སྒྲིག་འཛུགས་བྱས་པ་ཞིག་རེད། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་མང་པོ་ཀུང་སི་དེའི་མིང་འགེལ་སྒོ་འབྱེད་ཀྱི་མཛད་སྒོར་ཞུགས་ཟེར། ཀུང་སི་འདིའི་ཚད་རིམ་མཐོ་བའི་རྡོ་སོལ་ལས་སྣོན་མ་དཔེའི་ལས་གཞི་ནི། ཞིང་ཆེན་ཏང་ཨུད་དང་ཞིང་སྲིད་གཞུང་གི་གནད་ཆེའི་འཛུགས་སྐྲུན་ལས་གཞི་རུ་ཡང་འདུག རྡོ་སོལ་གཏེར་ཁུལ་ཇེ་ཆེར་གཏོང་བའི་གྲོན་དངུལ་ཕུད། ལས་གཞི་འཛུགས་སྐྲུན་གྱི་སྤྱིའི་མ་དངུལ་ལ་དམངས་སྒོར་དུང་ཕྱུར 362 བཏང་སྐད། 

   《ལྷོ་ཕྱོགས་གཟའ་མཇུགགསར་འགོད་པས། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐེན་ལ། ཏ་རྨེ་སོལ་གཉེར་ཁེ་ལས་ཀྱིས་རྡོ་སོལ་གོང་མ་སྔོག་འདོན་ལས་གཞིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཀྱི་ཡར་ཞུའི་ཡི་གེ་འཕྲོད་ཡོད་དམ་ཞེས་དྲི་བ་འདོན་དུས། ཁོར་ཡུག་སྲུང་སྐྱོབ་ཁྲུའུ་ཡི་ཁྲུང་ཀྲང་གཞོན་པ་ལི་ཞེ་ཏུང་གིས།འཆར་འགོད་ཁྱབ་ཁོངས་ནང་དུ་གཏན་འཁེལ་བྱས་ཟིན་པའི་གཏེར་ཁུལ 8 པོར་མ་གཏོགས། གཞན་པར་ཐ་ན་རྡོ་སོལ་བརྐོས་པས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་རྒྱུས་ལོན་བྱེད་ཆོག་པའི་ཐོབ་ཐང་ཡང་ཡོད་པ་མ་རེད། ཐོབ་ཐང་དེ་འདྲ་ཡོད་དུ་སྲིད་ཀྱང་དེ་ལ་ཆོག་མཆན་གནང་ཆོག་པ་མ་རེདཟེར། རྩོམ་ཡིག་འདི་འགོད་པའི་བར། ལྷོ་ཕྱོགས་གཟའ་མཇུགགསར་འགོད་པས། ནུབ་ཁུལ་གཏེར་ལས་ཀྱིས་མཁོ་འདོན་བྱས་པའི་ཁ་པར་དང་། གཞན་དྲ་རྒྱ་སྟེང་ལ་བཏོན་ཡོད་པའི་ཏ་རྨེའི་ཁ་པར། ད་དུང་གསལ་བོར་རྙེད་ཐུབ་པའི་ཏ་རྨེའི་ལས་བཟོ་པའི་ལག་འཁྱེར་ཁ་པར་སོགས་ཐེངས་གང་མང་ལ་བསྐོར་རུང་། མུ་རིའི་རྡོ་སོལ་གཏེར་ཁའི་ཏ་རྨེའི་ལས་བཟོ་པར་འབྲེལ་བ་གང་ཡང་བྱེད་མ་ཐུབ།  

 

   མུ་རིའི་རྡོ་སོལ་གཏེར་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལས་ཁུངས་ཏེ། ཚྭ་འདམ་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟའི་ཁུལ་གྱི་བདག་དོམ་ཚོགས་པའི་གཤམ་ལ་གཏོགས་པའི། མུ་རིའི་གཏེར་ཁུལ་བདག་དོམ་ཅུད་ཀྱི་རུས་ཐན་ཅན་གྱི་ལས་བྱེད་པས། ཐ་ན་རྡོ་སོལ་གོང་མར་སྔོག་བརྐོའི་དོན་ཡོད་པ་ཡང་ཁྱོན་ནས་ཤེས་ཀྱི་མི་འདུག ཁོས་ཟེར་དོན། དེ་སྔོག་པའི་དཔེ་ག་ལ་སྲིད(རྡོ་སོལ་གོང་མ)། མ་མཐར་ཡང་གཏེར་བརྐོའི་བདེན་དཔང་འཛིན་ཡིག་ལེན་དགོསཟེར། ཁོས་འབྲེལ་ཡོད་མི་སྣར་རྩད་གཅོད་བྱ་ཞེས་བཤད་རུང་རྩོམ་ཡིག་འགོད་པའི་བར་སྐད་ལན་ཅི་ཡང་འབྱོར་མ་བྱུང་། 

ཁོར་ཡུག་སྲུང་སྐྱོབ་ཀྱི་ཕམ་ཁའི་གོམ་ཁ་ཕྱི་ནས་ཕྱི་རུ་བཀྱེད་ཀྱིན་མཆིས། 

   འོན་ཏེ། རིང་བོ་ལོན་མི་དགོས་པར། རྡོ་སོལ་གོང་མ་ཡང་ཁྲིམས་མཐུན་གྱི་སྔོག་བརྐོ་ཁུལ་ཞིག་ཏུ་འགྱུར་འགྲོ་ཡང་སྲིད། མ་གཞི་ཆེད་ལས་མཁས་པ་གང་མང་གིས་སྲུང་སྐྱོབ་བྱེད་དགོས་པའི་གྲོས་གཞི་བཏོན་ཁར། རང་བྱུང་ཁོར་ཡུག་ཁུལ་གྱི་ཁྲིམས་ལུགས་ཀྱིས་ཀྱང་སྲུང་འགེབས་དམ་པོ་གནང་ཡོད་པའིགསེར་ནགགི་ས་གཞི་འདི། ད་ཆ་གཞི་ནས་གཡུལ་ཕམ་གྱི་དམག་དཔུང་ཇི་བཞིན་ཕྱི་ནས་ཕྱི་རུ་བཀྱེད་ཀྱིན་མཆིས། 

   《སྤྱིའི་འཆར་འགོདནི་མུ་རིའི་གཏེར་ཁུལ་རྙོག་འཛིང་ནས་བདག་དོམ་ཅན་དུ་བགྲོད་བའི་འཆར་འགོད་འགངས་ཆེན་དེ་རེད། ལོ་ངོ4ཡི་ཡར་སྔོན་ཏེ 2010 ལོའི་ཟླ 10 པར། སྤྱིའི་འཆར་འགོདཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་བརྟག་པའི་རྟོག་བཤེར་ལག་རྩལ་འཆར་འགོད་བྱེད་པའི་བསམ་འཆར་ཁྲོད། ཆེད་ལས་མཁས་པ་གང་མང་གིས། གཏེར་ཁུལ་དང་མདོ་ལ་རིང་མོ་ཁོར་ཡུག་སྲུང་སྐྱོབ་ཁུལ་བར་གྱི་འགལ་ཟླ་ནན་ཆེར་བཏོན།  

   ཀྲུང་སོལ་རྒྱལ་སྤྱིའི་བཟོ་སྐྲུན་ཤོག་སྒྲིག་ཚོགས་པར་གཏོགས་པའི། པེ་ཅིན་ཧྭ་ཡེ་བཟོ་སྐྲུན་ཚད་ཡོད་ཀུང་སིའི་སྤྱིའི་བཟོ་སྐྲུན་མཁས་ཅན་གཞོན་པ་རྨེ་ཕང་ཏེ་ཡིས་རྟོག་བཤེར་བསམ་འཆར་ནང་།མུ་རིའི་རྡོ་སོལ་གཏེར་ཁུལ་ནི་ཐང་དམར་ཆུའི་སྟོད་རྒྱུད་མགོ་ཁུངས་ཀྱི་བརླན་བཅུད་གསོག་ཉར་བྱེད་སར་ཡོད་ལ། གཏེར་ཁུལ་ས་ཁོངས་ཀྱི་བཞུར་ཆུ་ཡང་སྤུས་ཚད་ཨང་དང་པོ་ཅན་དུ་འདུག མ་ཟད་འཆར་འགོད་ནང་གི་རྡོ་སོལ་སྔོག་བཤེར་ཁུལ་ལ་ལ་ཞིག མཚོ་སྔོན་མདོ་ལ་རིའི་རང་བྱུང་ཁོར་ཡུག་ས་ཁུལ་གྱི་ཆུ་བོ་གསུམ་གྱི་མགོ་ཁུངས་དང་འབྲེལ་ཡོད་པས། དོན་དུ་གཏེར་ཁུལ་དང་ཡུལ་དེའི་སྐྱེ་ཁམས་འཚོ་བཅུད་ཁུལ། ད་དུང་བཞུར་ཆུའི་ཆུ་མགོ་རྩ་ལག་དང་བཅས་པའི་བར་ན་འགལ་བ་ཚབས་ཆེན་འདུགཅེས་བྲིས། 

   《ལྷོ་ཕྱོགས་གཟའ་མཇུགགསར་འགོད་པས། སྐབས་དེའི་དཔྱར་ཞིབ་ཚོ་ཆུང་གི་ཆེད་ལས་མཁས་པ་དྲུག་ལས་བཞི་ལ་བཅར་འདྲི་བྱས། ཁོ་ཚོས་དེ་རིང་བར་མུ་རིའི་རྡོ་སོལ་བརྐོ་འདོན་ལ་སྔར་བཞིན་གཟབ་ནན་དོགས་སློང་གི་རྣམ་འགྱུར་བཟུང་འདུག ངའི་དེ་རིང་གི་བསམ་འཆར་ཡང་སྔར་གྱི་དེ་ཡིན། སྔོག་བརྐོ་ལ་གོ་རིམ་དབྱེ་དགོས། དོན་དངོས་ཐོག་རང་བྱུང་ཁོར་ཡུག་ལ་གནོད་པ་ག་ཙམ་ཐེབས་སྲིད་པ་དང་། ཡང་གནོད་པ་དེ་རིགས་ལ་ཚོད་འཛིན་མངོན་གསལ་དོད་པོ་བྱེད་ཐུབ་མིན་སྐོར། སྔོན་ལ་ལག་ལེན་ཁྲོད་ནས་ཉམས་མྱོང་བླངས་རྗེས་ད་གཟོད་བཤད་དགོས། དེ་ལྟ་མིན་ན་གཏེར་ཁུལ་དེ་སྔོག་བརྐོ་མ་བྱས་ན་དགའ། དགེ་རྒན་ཆེན་མོའི་གོ་ཐོབ་ཅན་གྱི་ཀྲུང་གོ་གཏེར་ལས་སློབ་ཆེན(པེ་ཅིན)གྱི་ མཐོ་རིམ་བཟོ་སྐྲུན་མཁས་ཅན་ལི་ཀྲུང་གིས་དེ་ལྟར་བཤད། 

   མཐར 2011 ལོའི་ཟླ་དང་པོར། སྤྱིའི་འཆར་འགོདལ་རྒྱལ་ཁབ་དར་སྤེལ་བཅོས་སྒྱུར་ཨུ་ཡོན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ། དེའི་རྗེས་ཟླ 2 པའི་ཚེས 12 ཉིན། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས། <མཚོ་སྔོན་ཞིང་ཆེན་མུ་རི་རྡོ་སོལ་གཏེར་ཁའི་སྤྱིའི་འཆར་འགོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཀྱི་ཡར་ཞུའི> དཔྱད་ཞིབ་བསམ་འཆརམར་བསྒྲགས་ཏེ་བསམ་འཆར་སྣ་ཁ་དགུ་བཏོན། དེ་ལས་བསམ་འཆར་གཉིས་པའི་ནང་། གནས་སྐབས་སུ་དྲོན་པོ་རྫ་རྒྱུད་དང་རྡོ་སོལ་གོང་མའི་གཏེར་ཁུལ་རྟོག་ཞིབ་ས་ཁུལ་ནས་རྡོ་སོལ་མི་བརྐོ་བ་དང་། ད་ཆ་སྔོག་གིན་པའི་གཏེར་ཁུལ་དག་གི་མཐའ་མཚམས་ལ་ཚོད་འཛིན་གཟབ་ནན་བྱས་ཏེ། གཏེར་ཁུལ་དེ་དང་གཤིབ་བརྩེགས་སྒོས་ཆགས་ཡོད་པའི་མདོ་ལ་རིང་མོའི་རང་བྱུང་ཁོར་ཡུག་ལ་གནོད་པ་ཐེབས་རྒྱུ་འགོག་དགོསཞེས་བྲིས། 

    ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་འཆར་འགོད་བྱེད་པའི་ལས་ཁུངས་ཁྲོད་ཀྱི། ཀྲུང་སོལ་ཁི་ཀུང་ཤོག་སྒྲིག་ཀུང་སིའི། ནན་ཅིན་འཆར་བཟོ་ཞིབ་འཇུག་གླིང་གི་ཁོར་ཡུག་སྲུང་སྐྱོབ་སོ་ཡི་ལས་མིསལྷོ་ཕྱོགས་གཟའ་མཇུགགི་གསར་འགོད་པར་བཤད་པ་ལྟར་ན། ཡུལ་དེ(རྡོ་སོལ་གོང་མ་དང་དྲོན་པོ་རྫ་རྒྱུད)ནི་སྲུང་སྐྱོབ་ཁུལ་དང་འབྲེལ་བ་ཡོད་པས། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་པུའུ་ཡི་བསམ་འཆར་ཡང་བརྐོས་མི་ཆོག་པ་དེ་ཡིནཟེར། 

   དེར་བལྟས་ན། 2005 ལོར་གཏན་འཁེལ་བྱས་པའི་མདོ་ལ་རི་ཞིང་ཆེན་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱིས། རང་བཞིན་སྒོས་གནས་འདི་གཉིས་ཀྱི་རྡོ་སོལ་སྔོག་བརྐོ་ལ་ཉེན་ཟོན་གྱི་ཐུག་དམར་བཏབ་ཡོད་པ་རེད། 

   འོན་ཀྱངསྤྱིའི་འཆར་འགོདལག་བསྟར་བྱས་ཏེ་ལོ3མ་ལོན་པར། མདོ་ལ་རི་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ལ་བསྐྱར་དུ་བཟོ་བཅོས་བརྒྱབ་འདུག ལྷོ་ཕྱོགས་གཟའ་མཇུགགི་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཅུད་ནས་མཐོང་བའི། མཚོ་སྔོན་མདོ་ལ་རི་ཞིང་ཆེན་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་བསྐྱར་སྒྲིག་གི་སྤྱིའི་འཆར་འགོདདུ་འབོད་པའི་ཡིག་ཆ་ལྟར་ན། གཏེར་རིགས་སྔོག་འདོན་ལ་ལམ་ཕྱེ་བ་ཡང་མདོ་ལ་སྲུང་སྐྱོབ་ས་ཁུལ་བསྐྱར་སྒྲིག་བྱེད་དགོས་པའི་དམིགས་ཡུལ་གཅིག་ཡིན་ཟེར། 

   ཡིག་ཆ་དེ་རུ། ཧུར་བརྩོན་སྒོས་ས་ཁུལ་དཔལ་འབྱོར་དར་སྤེལ་དང་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་དོ་མཉམ་ཡོང་ཆེད་དང་། ……ཁོར་ཡུག་སྲུང་སྐྱོབ་དང་ལུགས་མཐུན་སྒོས་ཐོན་ཁུངས་བེད་སྤྱོད་བྱེད་པ་གཉིས་སྙོམ་འགྲིག་ངང་ཆ་སྡེབ་བྱེད་པའི་རྩ་དོན་ལྟར། མཚོ་སྔོན་མདོ་ལ་རི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ཁྱབ་ཁོངས་བསྐྱར་དུ་སྒྲིག་བཅོས་རྒྱག་འཆར་ཡིན། དེ་ཡང་མིའི་ཤན་ཤུགས་ཐེབས་ཚད་ལྕི་ཞིང་། སྐྱེས་ཁམས་སྲུང་སྐྱོབ་ཀྱི་རིན་ཐང་དམའ་བའི་ཁར། གཏེར་རིགས་ཐོན་ཁུངས་ཁྱབ་ཚུལ་གཅིག་འདུས་ཡིན་པའི་ས་ཁུལ་དག མདོ་ལ་རི་སྲུང་སྐྱོབ་ཁུལ་གྱི་ཕྱི་ཚོར་བཀར་རྒྱུ་ཡིན ཞེས་འཁོད་འདུག 

   མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐེན་གྱི་རང་བྱུང་སྐྱེས་ཁམས་ཁྲུའུ་ཡི་ཁྲུའུ་ཀྲང་རེན་ཡུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། བསྐྱར་སྒྲིག་གི་ཐབས་ཇུས་དེའི་ནང་མདོ་ལ་རི་སྲུང་སྐྱོབ་ཁུལ 5% འམ 6% གིས་ཉུང་དུ་ཕྲི་བ་སོགས་ཤོད་སྟངས་མི་འདྲ་བ་ཡོད་རུང་། མཇུག་མཐར 4.8% ཕྲི་བར་བྱས་ཟེར། 

   མཚོ་སྔོན་ཞིང་ཆེན་ནགས་ལས་ཅུད་ལ་གཏོགས་པའི། རི་སྐྱེས་རི་དྭགས་དང་རང་བྱུང་སྐྱེ་དངོས་སྐྱེས་ཁམས་སྲུང་སྐྱོབ་ཁུལ་བདག་དོམ་ཅུད་དུ། དེ་གའི་ལས་བྱེད་མི་སྣསལྷོ་ཕྱོགས་གཟའ་མཇུགགསར་འགོད་པས་དོགས་གནད་དུ་འཛིན་པའི་གཏེར་ཚིགས་ཀྱི་གནས་ཚད་ཨང་གྲངས་གློག་རྡུལ་མ་ལག་ནང་བཅུག་སྟེ་བལྟ་དུས། གཏེར་ཚིགས་རེ་རེའི་གནས་ཚད་ཡོངས་རྫོགས་སྲུང་སྐྱོབ་ས་ཁུལ་གྱི་ཕྱི་ཚོར་ཕུད་འདུག་པ་མཐོང་། གོང་དུ་གསལ་བའི་བསྐྱར་སྒྲིག་གི་སྤྱིའི་འཆར་འགོད་ནང་། དྲོན་པོ་རྫ་རྒྱུད་ཀྱི་གཏེར་ཁུལ་ཡང་སྲུང་སྐྱོབ་ཁུལ་གྱི་ཕྱི་ཚོར་དབོར་འདུག ཐ་ན། མ་གཞི་སྲུང་སྐྱོབ་བྱེད་དགོས་པའི་ས་ཁུལ་དེ་དག བསྐྱར་སྒྲིག་བྱས་ཟིན་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་གྱི་གཏེར་རིགས་ཐོན་ཁུངས་ཁྱབ་ཚུལ་རི་མོ་ལས་ཐད་ཀར་རྟགས་མཆན་བརྒྱབ་སྟེ་བརྐོ་ཆོག་པའི་བརྡ་བསྟན་འདུག 

   རྡོ་སོལ་གོང་མ་དང་དྲོན་པོ་རྫ་རྒྱུད་ཀྱི་མགོ་ནས་ཁྲིམས་ལུགས་ཀྱིསྲུང་གདུགས བོར་སོང་བ་མ་ཟད། མ་གཞི་གནས་སྐབས་རིང་གཏེར་ཁུལ་འདི་གཉིས་སྔོག་བརྐོ་མི་བྱེད་ཅེས་གྲོས་འཆར་བཏོན་ཡོད་པའིསྤྱིའི་འཆར་འགོདལ་ཡང་བསྐྱར་དུ་བཟོ་བཅོས་རྒྱག་གིན་པའི་སྒང་རེད། 

   2014 ལོའི་ཟླ 4 པའི་ཚེས 18 ཉིན། མཚོ་སྔོན་ཞིང་ཆེན་མུ་རིའི་རྡོ་སོལ་གཏེར་ཁུལ་གྱི་སྤྱིའི་འཆར་འགོད་བཅོས་སྒྲིག་ལས་གཞིདང་། བཅོས་སྒྲིག་བྱས་རྗེས་ཀྱི་ལས་གཞིའི་ཁྲོད་ཀྱི་ཁོར་ཡུག་ལ་ཤུགས་རྐྱན་ཐེབས་ཚད་འཆར་འགོད་མཁན་ཡང་ཡོངས་བསྒྲགས་སྒོས་འདེམས་འགུག་བྱེད་སྒང་རེད་ལ། མུ་རིའི་གཏེར་ཁུལ་བཞི་བོ་ཡོངས་སུ་ལས་གཞི་དེའི་ས་ཚིགས་ནང་དུ་འདུས་འདུག སྤྱིའི་འཆར་འགོད་བཅོས་སྒྲིག་བྱེད་པར་མིང་ཐོབ་མཁན་ལས་ཁུངས་ནི་ཀན་སུའུ་ལན་ཀྲུ་སོལ་གཏེར་ཇུས་འགོད་ཞིབ་འཇུག་གླིང་རེད། ལྷོ་ཕྱོགས་གཟའ་མཇུགགསར་འགོད་པས་ལས་ཁུངས་དེར་ཡང་ཡང་ཁ་པར་བསྐོར་རུང་ཉན་མཁན་ཞིག་ཁྱོན་ནས་མ་བྱུང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་འཆར་བཟོ་མཁན་ནི། སྔར་མུས་བཞིན་ཀྲུང་སོལ་ཁི་ཀུང་ཤོག་སྒྲིལ་ཀུང་སིའི་གཤམ་གྱི་ནན་ཅིན་ཇུས་འགོད་ཞིབ་འཇུག་གླིང་ཚད་ཡོད་ཀུང་སི་རེད། དེ་གའི་ཁོར་ཡུག་སྲུང་སྐྱོབ་སོ་ཡི་ལས་མིས་བརྟོལ་བའི་སྐད་ཆ་ལྟར་ན། འཆར་འགོད་ད་དུང་བཅོས་སྒྲིག་བྱས་ཏེ་འགྲུབ་མེད་པས། དོན་དངོས་ག་འདྲ་ཞིག་ཡིན་པར་གསལ་ཆ་མེད་ཟེར། 

   ལས་གཞི་འདི་ལ་སྦྱིན་བདག་འདེམས་འགུག་བྱེད་མཁན་འགན་ཁུར་པསལྷོ་ཕྱོགས་གཟའ་མཇུགགསར་འགོད་པར་ཁ་གསལ་བཀྲོལ་ཏེ་བཤད་པ་ལྟར་ན། མདོ་ལ་རི་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་བསྐྱར་དུ་བཅོས་སྒྲིག་བྱེད་པའི་འཆར་གཞི་བཟོ་དོན་ནིགཏེར་ཁུལ་རྒྱ་བསྐྱེད་ཕྱིར་ཡིནཟེར། 

ཐད་ཀར་རྩྭ་ཐང་གི་ཁ་ཤུན་བཀོག་སྟེ་ཀླད་རྗེན་སྔོག་བརྐོ་བྱེད་པའི་དཔེ་སྲོལ་སྔོན་མ། 

   མུ་རིའི་རྡོ་སོལ་གཏེར་ཁའི་སྔོག་བརྐོ་ཁུལ་ཆེན་པོ་གཉིས་ཏེ་གྲོག་རྒན་དང་རྐྱང་ཚང་གཉིས་ཀྱི་སྟེང་ནས། རྡོ་སོལ་གོང་མའི་མ་འོངས་ལས་དབང་སྔོན་ལ་མཐོང་ཐུབ་པ་འདྲ། 

   དེ་ནིལྟ་རྟོགདངལེགས་བཅོསསུ་འབོད་པའི་ཡིག་ཆའི་མ་འོངས་པ་ཡང་རེད། 

   གྲོག་རྒན་གཏེར་ཁུལ་དུ་བགྲོད་པའི་ལམ་སྐབས་ཀྱི་མཛེས་ལྗོངས་ལྟ་ན་སྡུག མུ་ནས་མུ་རུ་སྦྲེལ་བའི་རྩྭ་ཐང་གི་གཤམ་ན་ལུང་ཆུ་སྔོན་མོ་གཡུང་དྲུང་ལྟར་གྱ་གྱུར་འབབ། འོན་ཀྱང་གྲོག་རྒན་གཏེར་ཁུལ་དུ་སླེབ་མ་ཐག གློ་བུར་འཇིག་རྟེན་གཞན་ཞིག་ཏུ་ལྷུང་སོང་བ་དང་འདྲ། གང་སར་གཏེར་སྙིགས་རི་ལྟར་སྤུངས་ཤིང་རྩྭ་ཐང་གི་ཁ་ཤུན་བཀོག་ཟིན་པའི་གཏེར་དོང་ཆེན་པོ་ངེས་མེད་དུ་མཐོང་རྒྱུ་འདུག འོད་ཁྱུག་ཁྱུག་བྱེད་པའི་སོལ་འདྲེན་རླངས་འཁོར་ཁོ་ན། ཟབ་ཚད་མི་དཔོག་པའི་གཏེར་དོང་གི་གཏིང་ཞབས་ནས། མགོ་རྟིང་སློག་པའི་དུང་གི་རི་མོ་ལྟར་འཁྱིལ་བའི་ལམ་གྱི་ཁྱུད་མོ་བརྒྱུད་དེ་རིམ་བཞིན་དོང་ཁར་འབུད་འོང་། དེ་ནི་ཤིན་ཏུ་ཉམ་ཆུང་བའི་སེམས་ཅན་ཞིག་དམྱལ་བའི་ཞབས་ནས་ཕྱིར་འགོས་ཡོང་བ་དང་འདྲ། སོལ་འདྲེན་འཁོར་ལོ་སྐྱོད་པའི་ལམ་གྱི་རིང་ཐུང་ལང་ལོང་གཡོ་བའི་རྡུལ་ནག་གིས་སྒྲིབ་ལ་མཐོང་ལམ་ཡོངས་སུ་བཅད་འགྲོ། ཆར་བ་བབས་རྗེས་བྲུག་ཆུ་བརྙོག་མ་གཏེར་ཁའི་སིལ་མོ་ཁྲི་སྟོང་བརྒྱུད་དེ་སྐྱེན་པོར་ས་འོག་ལ་ཡལ་འགྲོ། དེར་བལྟས་ན་ས་ཆེན་འདི་མ་གཞི་ནས་ཅི་ཡང་གསོག་ཐབས་མེད་པའི་རྨ་བརྒྱ་བུག་སྟོང་གི་སྣོད་ཆེན་ཞིག་ཏུ་བཟོས་ཡོད་འདྲ། 

   མུ་རིའི་རྡོ་སོལ་ནི། 1960 ལོ་ནས་བཟུང་གཏེར་ཁ་བརྟག་དཔྱད་བྱེད་མགོ་ཚུགས་ལ། 2000 ལོའི་གཞུག་སྟེ་རྡོ་སོལ་གྱིརྫོགས་ལྡན་ལོ་བཅུའིརིང་ཁེ་ལས་མང་པོ་གནས་འདིར་བྱ་རྒོད་རོ་ལ་རུབ་པ་བཞིན་འདུས་ཤིང་གཞིས་སྡོད་བྱས། 2010 ལོརམཚོ་སྔོན་པོའི་མགོ་ཁུངས་སོལ་གཏེར་ལོ་ངོ 8 རིང་བརྐུ་བརྐོ་བྱས་ཏེ་མཐའ་འཁོར་རྩྭ་ས་མྱ་ངམ་ཐང་དུ་བསྒྱུརཞེས་པའི་རྟོག་དཔྱོད་རྩོམ་ཡིག་གིས། ཐོག་དང་པོར་སྔོག་བརྐོའི་ཆོག་མཆན་ཡི་གེ་མེད་པའི་ཁེ་ལས་ཀྱིས། མཛེས་སྡུག་གི་གདོད་མའི་རྩྭ་ཐང་འདི་ཅི་ལྟར་མེད་བརླགས་བྱེད་ཀྱིན་པའི་ལྐོག་གཡོའི་གསང་ཁེབས་ཆེན་མོའི་ཟུར་ཞིག་བཀོག་པར་བརྩམས། 

   གསར་འགྱུར་རྩོམ་ཡིག་འདི་ལ་རྒྱལ་ཁབ་མཐོ་རིམ་དཔོན་རིགས་ཀྱིས་དོ་སྣང་བྱས་ཏེ། རིམ་བཞིན་རྒྱལ་ཁབ་མངའ་ཁོངས་པུའུ། ཁོར་ཡུག་སྲུང་སྐྱོབ་པུའུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བཅས་ནས། ལྷན་ཅིག་ཏུ་མུ་རིའི་རྡོ་སོལ་གཏེར་ཁ་ལ་རྟོག་བཤེར་བྱས་ཤིང་བསམ་འཆར་གང་མང་བཏོན། དེའི་ཕྱིར་དུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆེད་བསྒྲིགས་ཚོགས་འདུ་རེབ་དུ་མར་སྐོང་འཚོགས་བྱས་ཏེ་སོལ་བརྐོ་ལག་ཐབས་དང་ལམ་ལུགས་ལ་ལེགས་བཅོས་བྱ་དགོས་པའི་རེ་བ་ནན་ཆེར་བཏོན། ཆེས་ཉེ་བའི་ཚོགས་འདུ་ཐེངས་གཅིག 2014 ལོའི་ཟླ 7པའི་ཟླ་དཀྱིལ་དུ་ཚོགས་འདུག 

   མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ཀྱང་། མུ་རིའི་རྡོ་སོལ་གཏེར་ཁའི་སྔོག་བརྐོ་ལེགས་བཅོས་ལ་ཁ་གཏོད་པའི་ཡིག་ཆ་རབ་དང་རིམ་པ་མར་འགྲེམ་བྱས་ལ། ཐ་ན་སོལ་བརྐོ་མཚམས་འཇོག་གི་བརྡ་ཡིག་ཀྱང་བཏང་། 2012 ལོ་ནས 2013 ལོའི་ལོ་སྟོད་བར། ཞིང་ཆེན་སྲིད་གཞུང་གི་བསམ་འཆར་བཀོལ་སྒྲིག་ལྟར། ཐོན་སྐྱེད་མཚམས་འཇོག་སྒོས་གཏེར་ཁུལ་ཧྲིལ་པོར་དག་སྒྲིག་ལེགས་བཅོས་ལོ་གཅིག་རིང་བྱས། ལི་ཤེ་ཏུང་གིས་ཟེར་ན། སྤྱི་ཡོངས་ནས་བལྟས་ན། 2010 ལོ་ནས 2011 ལོའི་བར་ནོར་འཁྲུལ་འགའ་ཞིག་ཡོ་བསྲིང་བྱས་ཡོད། དཔེར་ན་འཚོ་བའི་ཁྲོད་ནས་བྱུང་བའི་རུལ་ཆུའི་སྦག་སླད་ཆུང་དུ་བཏང་བ། གཏེར་ཁུང་གི་བརྙོག་ཆུ་དྭངས་གཞུར་བྱེད་སྤྱད་འཕྲུལ་ཆས་མ་ལག་ཆ་ཚང་བཙུགས་པ། གཏེར་སྙིགས་ཀྱི་སྦག་བཙོག་སྔོན་འགོག་བྱེད་པ། ད་དུང་རྩྭ་འདེབས་སོགས་བརྒྱུད་སྐྱེས་ཁམས་འཚོབ་བཅོས་བྱེད་པ་སོགས་ཀྱི་བྱ་བ་ངེས་ཅན་ཞིག་བསྒྲུབསཟེར། ཁོས་འཕྲོ་མཐུད་དེ། འོན་ཀྱང་། ད་ཆ་ཆེས་ཆེ་བའི་གནད་དོན་ནི་སྔར་མུས་བཞིན། གོང་རིམ་གྱི་བཀའ་ལན་ལྟར་དོང་བརྐོས་བྱེད་དགོས་ཀྱང་། དོན་དངོས་ཐོག་རྩྭ་ཐང་གི་ཁ་ཤུན་ཐད་ཀར་བཀོག་སྟེ་ཀླད་རྗེན་དུ་བརྐོས་པའི་གཏེར་དོང་ལས་ཐོན་པའི་ས་རྡོའི་སྙིགས་རོ་སོགས་དུས་ཡུན་རིང་བོར་གང་སར་སྤུངས་གསོག་བརྒྱབ་ཡོད་པ་དེ་རེད། ག་རེ་ཟེར་ན། སྐབས་དེའི་གཏེར་བརྐོ་ཡིས་ཁོར་ཡུག་ལ་གནོད་པ་ཐེབས་ཚད་རྟོག་བཤེར་བྱས་པའི་བཀའ་ལན་ལྟར་ན། ལོ་ངོ་མང་པོར་སྤུངས་གསོག་བརྒྱབ་ཡོད་པའི་ས་རྡོའི་སྙིགས་རོ་ཡོད་ཚད་ཕྱིར་དོང་འཇུག་བྱ་དགོས་ཞེས་ནན་གྱིས་བསྟན་ཡོདཟེར། 

   “འདི་ནི་ལོ་རྒྱུས་ཁྲོད་ལུས་པའི་གནད་དོན་རྙིང་བ་ཞིག་རེད། ང་ཚོ 2011 ལོར་ཚུགས་པ་ཡིན། འདི་ནས 2003 ལོ་ནས་བཟུང་ཀླད་རྗེན་དུ་བརྐོ་བའི་མགོ་བརྩམས་འདུགགོང་སྨྲས་མུ་རིའི་སོལ་གཏེར་བདག་དོམ་ཅུད་གྱི་རུས་ཐན་ཅན་གྱི་ལས་མིས་ཀྱང་དེ་ལྟར་བདག་དོམ་ཕྱོགས་ཀྱི་དཀའ་ཁག་བཤད་ཡོང་། ཁོ་ཚོའི་དམིགས་འབེན་ནིལོ་གཉིས་ཀྱི་ནང་ལ་ཡོད་ཚད་དོང་བརྐོ་ཅན་དུ་བསྒྱུར་རྒྱུདེ་རེད། 

   འོན་ཀྱང་ས་རྡོའི་སྙིགས་རོ་ཕྱིར་དོང་འཇུག་བྱེད་པའི་དུས་ཚོད་ཐག་བཅད་དེ་མར་སྒྲོག་རྒྱུར་དཀའ་ཁག་ཤིན་ཏུ་ཆེ་འདུག ཁོས་ཟེར་ན། ས་རྡོའི་སྙིགས་རོ་གང་བྱུང་བྱུང་དུ་འདོར་མི་རིགས། ཚན་རིག་དང་མཐུན་པའི་སྒོ་ནས་ཕྱིར་དོང་འཇུར་བྱ་དགོས། ད་སྐབས་ད་དུང་ཕྱིར་དོང་འཇུག་བྱེད་མཁན་ཤིན་ཏུ་ཉུངཟེར།

དོན་དུ་ཁོར་ཡུག་ལ་གནོད་སྐྱོན་ག་ཙམ་ཐེབས་ཡོད་དམ། 

   གཏེར་ཁུལ་གྱིས་གནོད་ཐེབས་ཁོར་ཡུག་ལ་འཚོབ་བཅོས་རྒྱག་གིན་འདུག ལྷོ་ཕྱོགས་གཟའ་མཇུགགསར་འགོད་པས། གྲོག་རྒན་གཏེར་ཁུལ་གྱི་ལུང་མདོ་རུ་ས་རྡོའི་སྙིགས་རོ་ཡི་རི་དེའུ་དོང་འཇུག་བྱས་ཏེ་ས་ངོས་དང་སྙོམ་པོར་བཟོས་ཡོད་པ་མཐོང་ལ། འགྱིག་ཤུན་དཀར་པོའི་གཤམ་ནས་རྩྭ་ཕྲན་ཐ་ཐོར་ས་ཁར་འཇུར་འོངས་ཏེ་ལྗངས་མདོག་གཙང་སིང་ངེ་བ་ཞིག་ཕྱིར་མངོན་ཡོང་གིན་འདུག 

   དེ་རིང་ཁོར་ཡུག་རྩ་བ་ཚུགས་ན། སང་ཕོད་སྔོ་ལྗང་གསོས་སུ་སྨིན་ཆོག འདི་ལྟ་བུའི་ཁ་གཡང་གི་པང་ལེབ་གཏེར་ཁུལ་གྱི་ག་སར་མཐོང་ཐུབ། ལི་ཤེ་ཏུང་གིས་འབྲེལ་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་གོང་གསལ་གྱི་མུ་རི་གཏེར་ཁུལ་བདག་དོན་ཅུད་གསར་འཛུགས་གནང་སྟེ། རྒྱལ་ཁབ་ཀྱིས་མར་ཆོག་མཆན་གནང་བའི་ས་ཁོངས་དང་། གཏེར་རིགས། བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འོས་འགན་ཕྲག་ལེན་བྱེད་དུ་བཅུག་ཡོད་ལ། བདག་དོམ་ཅུད་ཟླ་རེར་གཏེར་ཁུལ་སོ་སོར་སོང་སྟེ་ལྟ་རྟོག་བྱེད་ཀྱིན་མཆིས་ཟེར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས། ཚྭ་འདམ་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་གྱི་མ་དངུལ་འཇོག་པའི་ཀུང་སི་ལ། མུ་རིའི་གཏེར་ཁུལ་གྱི་རྨང་གཞའི་འཛུགས་སྐྲུན་དང་སྒྲིག་ཆས་ཉོ་སྒྲུབ་ཀྱི་ལས་གཞི་དངོས་འབེབས་ཀྱི་ཕྱིར། སྒོར་མོ་དོང་ཕྱུར 5 ཡི་དངུལ་བུན་མགྱོགས་མྱུར་ངང་གཏོང་དགོས་པའི་རེ་བ་བཏོན། དེ་དང་ཆབ་ཅིག 2014 ལོར། གཏེར་ཁུལ་ཡོངས་ནས་བསླད་ཟིན་པའི་རྩྭ་ས་མུའུ 1400 ཕྱིར་འཚོབ་བཅོས་བྱེད་པའི་འོས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དུ་བཅུག 

   ལི་ཤེ་ཏུང་གིས། འོན་ཀྱང་ཉེ་ཆར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་ཇེ་དལ་དུ་གྱུར་ཡོད། དེའི་རྒྱུ་མཚན་ནི་རྡོ་སོལ་གྱི་རིན་གོང་མར་ཆག་པས་ཁེ་ལས་མི་ཉུང་བ་ཞིག་གིས་ལས་སྒོ་འབྱེད་ཐུབ་ཀྱི་མི་འདུགཟེར། ཁོས་བཤད་པ་ལྟར་ན་ཁོ་ཚོ་ཟླ3པར་གཏེར་ཁུལ་ལ་འགྲོ་དུས་ཁེ་ལས་དག་ཐོན་སྐྱེད་མཚམས་འཇོག་གི་བབ་ན་འདུག་ཟེར། ཟླ7པའི་ཟླ་མཇུག་ཏུ། ལྷོ་ཕྱོགས་གཟའ་མཇུགགི་གསར་འགོད་པས་ཀྱང་མུ་རི་གྲོང་ཚོ་ནས་ཁ་ལོ་པ་སྐོར་དང་སྐོར་འགྲུལ་འཁོར་ལ་བསྡད་དེ་གནས་འདི་དང་གྱེས་བཞིན་པའི་སྣང་ཚུལ་མཐོང་། འདིས་ནི་མུ་རི་གྲོང་ཚོ་མ་ཟད་ཐེམ་ཆེན་རྫོང་གི་གསོལ་ཁང་གང་མང་གི་ཚོང་ཁེ་ལ་ཡང་བརྡབ་གསིག་མི་ཆུང་བ་ཐེབས། 

   “ད་སྐབས་རྡོ་སོལ་གྱི་མཁོ་ཚད་དམའ་རུ་ཆག་ཡོད་ཁར་འདོན་ཚད་ཆེས་ཆེར་ལྷག་ཡོད་པས། རེ་བ་ཡིན་ན་བརྐོ་འདོན་ཇེ་དལ་དུ་བཏང་སྟེ་སྦགས་བཙོག་བཟོས་ཟིན་པའི་ཁོར་ཡུག་ལ་གསབ་སྐྱུན་བརྒྱབ་ན་རེད། སྔོན་ཆད་མུ་རིའི་རྡོ་སོལ་སྔོག་བརྐོ་ཡིས་ཁོར་ཡུག་ལ་གནོད་པ་ཐེབས་ཚད་རྟོག་བཤེར་མཁན་གྱི་ཆེད་ལས་མཁས་པ་ལི་ཀྲུང་ཧི་ཡིས་དེ་ལྟར་ཟེར། ཁོའི་འདོད་ཚུལ་ལྟར་ན་གནས་སྐབས་འདི་འདྲར་སྐྱེས་ཁམས་གཉོར་བའི་མཐུན་རྐྱེན་ཚང་འདུག་པ་རེད། ཁོས་ད་དུང ས་ཆ་དེ་ནི་གནོད་འཚེའི་ཚོར་བ་འབྱུང་སྐྱེན་པོའི་རང་བྱུང་ཁོར་ཡུག་ཅིག་རེད། ལོ་ངོ་དུ་མར་འཁྱགས་པས་བསྡམས་པའི་ས་ཆ་དེ་ནི། དཔེར་ན་དར་ཀ་རའི་ཕྱི་ཚོར་བྱུགས་པའི་ཆོ་ཁུ་ལེ་དང་འདྲ། ཕྱིའི་ཆོ་ཁུ་ལེ་ལྡེག་ཚར་རྗེས་ནང་གི་དར་ཀ་ར་མི་བཞུ་ཐབས་ཨེ་ཡོད། ཀོ་བ་བཤུས་ཚེ་ཤ་ཁྲག་ལ་ཐར་ས་ཡོད་དམཟེར། 

    འཁྱགས་པས་བསྡམས་པའི་ས་ཆའི་གནད་དོན་ནི་ཆེད་མཁས་པ་གཞན་པའི་དོ་སྣང་བྱེད་ཡུལ་ཡང་རེད། 1960 ལོ་ནས་བཟུང་། ཞིབ་འཇུག་པ་ཧྲིན་དབྱེ་ཡིས་ལས་ཀ་གཉེར་སའི་ཀྲུང་ཁི་གླིང་གི་ཁོངས་གཏོགས་ལས་ཁུངས། འཁྱགས་པའི་ས་ཁུལ་དང་ཐན་སྐམ་ས་ཁུལ་གྱི་ཁོར་ཡུག་དང་ཨར་ལས་ཞིབ་འཇུག་སོ་ཡི། འཁྱགས་སའི་ཨར་ལས་ཀྱི་རྒྱལ་ཁབ་རིམ་པའི་དཀྱིལ་སྙིང་ཞིབ་འཇུག་ཁང་གིས། ཏག་ཏག་མུ་རིའི་གཏེར་ཁུལ་ནས་འཁྱགས་སར་ཞིབ་འཇུག་བྱེད་སྒོ་སྤེལ་ལ། ཉེ་བའི་ཆར། ཞི་ཨན་རང་བྱུང་དང་ཚན་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་པ་ལི་ཉིན་གྱིས་ཀྱང་ཞིབ་འཇུག་སོ་གཞན་པ་དང་མཉམ་དུསོལ་གཏེར་ཀླད་རྗེན་མའི་འཁྱགས་སའི་མཐའ་རྒྱམ་བརྟག་དཔྱོད་ས་ཚིགསབཙུགས། འོན་ཀྱང་བློ་ཕམ་སྐྱེ་དགོས་པ་ནི། ཧྲིན་དབྱེ་ཡི་ཞིབ་འཇུག་གིས་ཏན་ཏན་གཞུང་ལམ་སོགས་ཨར་ལས་འཛུགས་སྐྲུན་གྱིས་འཁྱགས་སར་གནོད་པ་ཐེབས་ཚད་ཙམ་དང་། ལི་ཉིན་གྱི་ཞིབ་འཇུག་གིས་མཐོ་སྒང་འཁྱགས་སས་སྔོག་བརྐོའི་ལས་རིམ་གྱི་བདེ་འཇགས་ལ་གནོད་པ་ཐེབས་ཚུལ་ཙམ་ལ་དོ་སྣང་བྱེད། 

    ཧྲིན་དབྱེ་ཡི་འབྲེལ་ཡོད་དཔྱད་རྩོམ་གྱིས་མཇུག་མཐར་བཏོན་པའི་རེ་བ་ལྟར་ན། རྡོ་སོལ་སྔོག་བརྐོ་ཡིས་འཁྱགས་སའི་ཁོར་ཡུག་ལ་ཤུགས་རྐྱེན་དང་གནོད་འཚེ་ཐེབས་ཚད་ཞིབ་འཇུག་སྔར་ལས་ལེགས་པ་བགྱི་ཕྱིར། ཁྱོན་ཆེ་ལ་གཏིང་ཟབ་པའི་ཕྱི་རོལ་རི་ཁུལ་གྱི་ཚོད་ལྟ་དང་ཞིབ་འཇུག་ཁང་ནང་གི་ཚོད་ལྟ་རྨང་གཞིར་བཟུང་སྟེ། ཁོག་འབུབས་ཆ་ཚང་སྒོས་འཁྱགས་སའི་ཁོར་ཡུག་ལ་ཚད་འཇལ་ཞིབ་འཇུག་གི་དགོས་ངེས་འདུག་ཟེར། 

   མདོ་ལ་རི་སྲུང་སྐྱོབ་ཁུལ་གྱི་བདག་དོན་ཡང་ཧ་ལམ་སྟོང་ཆར་ལུས་འདུག མཚོ་སྔོན་ཞིང་ཆེན་ནགས་ལས་ཅུད་ལ་གཏོགས་པའི། རི་སྐྱེས་རི་དྭགས་དང་རང་བྱུང་སྐྱེ་དངོས་སྐྱེས་ཁམས་སྲུང་སྐྱོབ་ཁུལ་བདག་དོམ་ཅུད་ཅུད་ཀྲང་གཞོན་པ་ཚེ་ཕེན་གྱིས་འགྲེལ་སྦྱོར་བྱས་ན། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་གྱི་ཆེ་ཆུང་གིས་ཞིང་ཆེན་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི30%ཟིན་ཟེར། ཞིང་ཆེན་རིམ་པའི་སྲུང་སྐྱོབ་ཁུལ་ཡིན་པའི་མདོ་ལ་རི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཁུལ་ལ། དེ་རིང་བར་བདག་དོམ་ལས་མིའི་བགོ་སྐལ་གཅིག་ཀྱང་མེད་ལ། ཞིང་ཆེན་གྱིས་བཏང་ཟེར་བའི་ཆེད་སྤྱོད་དངུལ་རྩ་ཡང་སྐར་གང་གླེང་རྒྱུ་མེད་ཟེར། 

   “ད་ཆ་ཆེས་ཆེ་བའི་བཟོ་སྐྲུན་ནིམདོ་ལ་རི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་འགོདཡིན། ཚེ་ཕེན་གྱིས་དེ་ལྟར་ཟེར། འཆར་འགོད་འདིའི་ལས་གཞིའི་ལག་བསྟར་སྤྱི་གཉེར་པ་ཀྲང་ཞོ་ཡོན་གྱིས་འགྲེལ་སྦྱོར་བྱས་པ་ལྟར་ན། འཆར་འགོད་དེར2013 ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ཅིང་། ཀྲུང་དབྱང་གིས་མཚོ་སྔོན་ཁུལ་གྱི་མདོ་ལ་རི་སྲུང་སྐྱོབ་མ་དངུལ་ལ་སྒོར་དུང་ཕྱུར 34 བཏང་འདུག ལོ་དགུའི་རྗེས་སུ་ལེགས་བཅོས་རབ་དང་རིམ་པ་འཆར་གཞི་དེའི་དམིགས་ཚད་དུ་བསླེབ་དགོས་ཟེར། 

   མུ་རིའི་གཏེར་ཁུལ་ཡང་འཆར་གཞི་དེའི་ཁོངས་སུ་འདུག འཆར་གཞི་དེའི་ཕྱི་མོའི་ཁྲོད། མུ་རིའི་གཏེར་ཁུལགཏེར་ཁུངས་སྔོག་འདོན་ཡན་ལག་ཁུལདུ་བཅད་འདུག སྔོག་སྤེལ་གྱི་ཁ་ཕྱོགས་ནི་གཏེར་རིའི་ཁེ་ལས་ཀྱིས། བརྐོས་ཟིན་པའི་གཏེར་ཁུལ་ཀླད་རྗེན་མ་སྤྱི་ཡོངས་ནས་ལེགས་བཅོས་དང་སྔར་ཡོད་ཀྱི་སྐྱེ་དངོས་སླར་གསོ་བྱེད་པ། ……ཅི་ཙམ་བརྐོས་པ་དེ་ཙམ་ཕྱིར་འཚོབ་བཅོས་སྒོས་སྐྱེས་ཁམས་སླར་གསོ་བྱེད་པ། གཏེར་སྙིགས་གཅེར་རྗེན་དུ་སྤུངས་གསོག་རྒྱག་པ་དང་ས་ཆུ་ཟགས་རུད་གཏོང་བ་སོགས་ལ་སྔོན་འགོག་བྱ་དགོས་པ་སོགས་རེད། 

   འདི་ལ་རྟོག་ཞིབ་ཆེད་མཁས་ཀྱིས། ད་ནི་ཀླད་རྗེན་སྔོག་བརྐོ་ཡིས་རྩྭ་སའི་ཁ་ཤུན་གྱི་ས་རྒྱུ་དང་སྐྱེ་དངོས་ལ་གཏོར་བརླགས་ཐེབས་ཏེ་དུས་ཡུན་ཐུང་ངུའི་ནང་ཕྱིར་འཚོབ་ཐབས་མེད། དེ་འདྲའི་གཏེར་ཁུལ་དུ་བརྐོ་ཞོར་དང་འཚོབ་བཅོས་བྱེད་ཞོར་གྱི་དམིགས་འབེན་མངོན་དུ་འགྱུར་དཀའ་ཞེས་མི་འཐད་པའི་བསམ་འཆར་བཏོན། དེ་ལྟར་འཆར་འགོད་དེས་གནས་ཚུལ་འདི་འདྲ་ཐག་གཅོད་བྱེད་པར་ཆེས་བཟང་བའི་ཐབས་ཤིག་གང་ཡང་བཏོན་མི་འདུག དཔེར་ན་སུ་ཞིག་སྔོག་བརྐོ་སྡེ་ཁག་གཙོ་བོ་ཡིན་པ། སོལ་གཏེར་ལས་ཁོངས་ཡིན་ནམ་སྲིད་གཞུང་ཡིན་པ། ལག་རྩལ་གང་ཞིག་བཀོལ་དགོས་པ། ལྟ་རྟོག་ཅི་ལྟར་བགྱི་དགོས་པ་སོགས་ནི་འཚོབ་བཅོས་གོ་རིམ་ཁྲོད་ངེས་པར་ཁ་གསལ་དགོས་པ་ཞིག་ཅི་ལ་མིན། 

   ཉེ་བའི་དུས་ཀྱི་འཆར་གཞིའི་ཁྲོད། གཏེར་ཁུལ་འདིབཟོ་གཏེར་སྐྱེས་ཁམས་འཚོབ་བཅོས་ཁུལདུ་བསྒྱུར་བཟོ་བརྒྱབ་འདུག དོན་དམ་སྐྱེས་ཁམས་ལ་ཅི་ལྟར་འཚོབ་བཅོས་བྱེད་པར་ཀྲང་ཤོ་ཡོན་གྱིས་བཤད་ན། ལས་གཞི་ད་དུང་འཆར་བཟོ་བྱེད་ཀྱིན་ཡོད་པས་དངོས་སུ་ལག་ལེན་དུ་བསྟར་མྱོང་མེད་ཟེར། 

   དོན་གནད་འདི་དག་ས་དེའི་འབྲོག་པ་ལ་མཚོན་ན་དེ་བས་ཀྱང་ཤིན་ཏུ་རྒྱང་ཐག་རིང་། རྡོ་སོལ་གོང་མ་སྔོག་བརྐོ་ཁུལ་བརྒྱུད་དེ་ནུབ་བྱང་དུ་ལེ་དབར་བཅུ་ཁ་ཞིག་ལ་སོང་ན། འབྲོག་མོ་མེ་ཏོག་གི་ཕྱུགས་ས་དང་སྦྲ་གུར་གངས་འདབས་ཤིག་ན་ཡོད་པ་མཐོང་ཐུབ། གཙང་སིང་སིང་གི་གངས་ཆུ་བསིལ་མ་རྩྭ་སའི་པང་བ་བརྒྱུད་དེ་ཤག་ཤག་བཞུར་གྱིན་འདུག ལན་རེར་ཁད་ཉེ་སའི་འབྲོག་པ་ཚོས་མཛེས་པའི་གནས་འདི་བརྒྱུད་དེ་གངས་སྐོར་ལ་འགྲོ། འོན་ཀྱང་མེ་ཏོག་ཚང་གི་ཁྱིམ་མཚེས་ཀྱི་རྩྭ་ས་སྔོག་མགོ་བརྩམས་ཟིན་འདུག ཁོ་མོས་ཟེར་ན། གཏེར་ཁུལ་ནས་ཕྱིར་སློག་པའི་ས་སྙིགས་འདྲེས་མའི་རྩྭ་ཆུ་བླངས་ན། ནད་ཀྱིས་ཐེབས་པ་བཞིན་ཟོག་ལུག་གི་ཤ་ཤེད་ཉིན་རེར་ཇེ་ཞུད་དུ་འགྲོ་ལ། ནམ་རྒྱུན་རླུང་འཚུབ་ལྡང་སྟེ་ཁ་ནང་མིག་ནང་དུ་རྡུལ་ནག་བར་མེད་འདེབས་པས། ཐ་ན་ཟོག་ལུག་མི་ཉུང་བ་ཞིག་གི་མིག་ཀྱང་ལོང་བར་འགྱུར་ལ་ས་དོང་སོགས་སུ་ལྷུང་སྟེ་ཤི་གོད་དུ་སོང་བ་ཡང་མང་དུ་འདུག་ཟེར། ཁོ་མོས་ཕྱིར་དྲན་བྱས་ན་ཉེ་བའི་ལོ་འདི་འགར་མི་སྐོར་དང་སྐོར་བྱས་ཏེ་གནས་འདིར་ཡོང་གིན་ཡོད་རུང་། ལྷོ་ཕྱོགས་གཟའ་མཇུག་གི་གསར་འགྱུར་འགོད་མཁན་ནི་ཁོ་མོར་ཁོར་ཡུག་སྲུང་སྐྱོབ་སྐོར་འདྲི་མཁན་ཐོག་མ་དེ་ཡིན་ཟེར།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག