༡.བསྒྱུར་བྱའི་མ་ཡིག་དང་མཆན་འགྲེལ་གྱི་སྐོར།
《སྲིད་སྐྱོང་མེ་ལོང》ནང་གི་བཙན་པོའི་དུས་ཀྱི་ལོ་རྒྱུས་འདི་ནི་སྐུ་ཞབས་སུའུ་ཅིང་རེན་གྱིས་བསྒྲིགས་ཤིང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས ༡༩༨༢ ལོར་པར་དུ་བསྐྲུན་པའི《སྲིད་སྐྱོང་མེ་ལོང་ཁྲོད་ཀྱི་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས》ཞེས་པ་གཞིར་བཟུང་བ་དང་། ཀྲུང་ཧྭ་དཔེ་སྐྲུན་ཁང་གིས་༡༩༥༦ ལོར་པར་དུ་བསྐྲུན་པའི《སྲིད་སྐྱོང་མེ་ལོང》གི་པར་གཞི་དང་ཡང་བསྡུར་ཐོག་འདོར་ལེན་འོས་འཚམ་བྱས་ཏེ་བོད་ཡིག་ཏུ་བསྒྱུར་བ་ཡིན། 《ནུབ་ཆཱང་གི་ལོ་རྒྱུས》ནི་ཀྲུང་ཧྭ་དཔེ་སྐྲུན་ཁང་གིས ༡༩༦༥ ལོར་པར་དུ་བསྐྲུན་པའི《ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས》གཞིར་བཟུང་ནས་བོད་ཡིག་ཏུ་བསྒྱུར་བ་དང་། 《ཐང་གི་ལམ་སྲོལ་གནད་བསྡུས》ཁྲོད་ཀྱི་ཁག་དེ་ཀྲུང་ཧྭ་དཔེ་སྐྲུན་ཁང་གི ༡༩༥༥ ལོའི་པར་གཞི་གཞིར་བཟུང་ནང་བསྒྱུར་བ་ཕུད། གཞན་དག་ཚང་མ་ཀྲུང་ཧྭ་དཔེ་སྐྲུན་ཁང་གི ༡༩༩༩ ལོའི་པར་གཞི་གཞིར་བཟུང་ནས་བསྒྱུར་བ་ཡིན། དེ་ཡང《སྲིད་སྐྱོང་མེ་ལོང》དུ་འཁོད་པའི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ཀྱི་སྐོར་དེ་མ་ཡིག་དེབ་ཐེར་གཅིག་རང་ལས་བྱུང་བ་ཡིན་པས་དེ་ཉིད་འདིར་དེབ་དང་པོ་བྱས་པ་དང་། གཞན་པའི་དེབ་ཐེར་བཅོ་བརྒྱད་དུ་འཁོད་པའི་བོད་དང་འབྲེལ་བའི་ནང་དོན་ཐར་ཐོར་རྣམས་དེབ་གཉིས་པ་དང་དེབ་གསུམ་པར་བསྒྲིགས་པ་ཡིན།
འདི་དག་ལས་གཞན་དུ་དུང་རྒྱལ་རབས་ལྷོ་མའི་ལོ་རྒྱུས་སུའང་ཐུ་ལུ་ཧུན། ཐན་ཁྲང་། ཏེང་ཊི། ཝུའུ་ཞིང་རྒྱལ་ཁབ་སོགས་ཀྱི་སྐོར་བཀོད་ཡོད་མོད། དེ་དག་ལིའང་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་སུ་བཀོད་པ་དང་མཚུངས་པས་མ་བསྒྱུར་ལ། དེ་བཞིན་ཐང་ཡིག་གསར་རྙིང་གཉིས་ཀྱི་ཁྲོད་ཀྱི《བོད་ཀྱི་ལོ་རྒྱུས》ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པའི་ནང་སྐུ་ཞབས་དོན་གྲུབ་རྒྱལ་དང་སྐུ་ཞབས་ཁྲིན་ཆིན་དབྱིན་གཉིས་ཀྱིས་བོད་ཡིག་ཏུ་བསྒྱུར་ཡོད་པས་འདིར་གནས་སྐབས་སུ་བསྐྱར་དུ་སྒྱུར་བའི་ངལ་བ་མ་བསྟེན་ཅིང་། ཏི་ཡི་རིགས་སུ་གཏོགས་པའི་ཧྥུ་ཅན་ཞེས་པས་བཙུགས་པའི་ཆིན་སྔོན་མའི་ལོ་རྒྱུས་དང་། ལུའེ་ཀོང་ཞེས་པས་བཙུགས་པའི་ལེང་ཕྱི་མའི་ལོ་རྒྱུས། ཆཱང་གི་རིགས་སུ་གཏོགས་པའི་ཡའོ་དབྱི་ཀྲུང་ཞེས་པས་བཙུགས་པའི་ཆིན་ཕྱི་མའི་ལོ་རྒྱུས་སོགས་འདིར་བསྒྱུར་མེད(རྒྱལ་ཁབ་དེ་དག་ནི་དབང་སྒྱུར་པ་ཏི་རིགས་དང་ཆཱང་རིགས་ཡིན་པ་ཙམ་ལས་མངའ་ཁོངས་ཕལ་ཆེ་བ་རྒྱ་ཡུལ་ཡིན་པས་འདིར་མ་བསྒྱུར་བ་ཡིན།)པ་བཅས་ཕུད། དེབ་ཐེར་ཉེར་བཞིར་འབོད་པའི་རྒྱའི་གཞུང་ཕྱོགས་ཀྱི་ལོ་རྒྱུས་བསྟན་བཅོས་རྣམས་ལས《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས》ཡན་གྱི་དེབ་ཐེར་དུ་བཀོད་པའི་བོད་ཀྱི་རྒྱལ་ཕྲན་དང་ཚོ་བའི་སྐོར་ཕལ་ཆེ་བ་འདིའི་ནང་བསྒྱུར་ཡོད།
ཧན་རྒྱལ་རབས་ནུབ་མའི་ལོ་རྒྱུས་དང་ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས་སུ་འཁོད་པའི《ལྷོ་ནུབ་མི་རིགས་ཀྱི་ལོ་རྒྱུས》ཞེས་པའི་ནང་དུ་རན(ན)མང་དང་། ཙོ་ཏུའུ། ཁྱུང་ཏུའུ། པཱོ། པའེ་ལང་། པའེ་མ་ཏི་ལ་སོགས་པའི་གནས་ཚུལ་ཐར་ཐོར་ཙམ་བཀོད་ཡོད་ལ་དེ་དག་གི་ཡུལ་སྲོལ་དང་གནས་ཡུལ་སོགས་ལ་གཞིགས་ནས་དེང་གི་ལོ་རྒྱུས་ཞིབ་འཇུག་པ་མང་པོ་དེ་དག་བོད་རིགས་སུ་གཏོགས་པའམ་ཡང་ན་བོད་དང་རིགས་རྒྱུད་ཀྱི་ཐད་ནས་འབྲེལ་བ་ཡོད་ཤས་ཆེ་བར་འདོད་ཅིང་། འདོད་ཚུལ་དེར་གནས་ལུགས་ཀྱང་ངེས་པར་ལྡན་བསམས་ལ། དུས་ཀྱི་ཆ་ནས་བཤད་ན་ལྷོ་ནུབ་མི་རིགས་ཀྱི་སྐོར་འདི་དེབ་གཉིས་པའི་མགོར་འཇོག་འོས་ཀྱང་། དེ་དག་ཨའེ་ལའོ་དང་། ཡེ་ལང་སོགས་མི་རིགས་གཞན་དག་གི་ལོ་རྒྱུས་དང་མཉམ་པོར་བྲིས་ཡོད་པ་དང་། རན་མང་སོགས་དོན་དམ་མི་རིགས་གང་ལ་གཏོགས་པའི་ཐད་ལ་ད་དུང་ཡང་ཞིབ་འཇུག་སྔར་བས་གཏིང་ཟབ་པ་བྱ་འོས་པར་བསམས་པ་བཅས་ལ་བརྟེན། འདིར་དེབ་ཀྱི་མཇུག་ཏུ་བཀོད་སྒྲིག་བྱས་པ་ཡིན།
བརྩམས་དུས་སྔ་ཕྱི་མི་འདྲ་བའི་གོང་འཁོད་རྒྱལ་རབས་དག་ཏུ་ཡོད་པའི་བོད་ཀྱི་རྒྱལ་ཕྲན་དང་ཚོ་བ་ཁག་གི་ལོ་རྒྱུས་ནི། ཕྱི་མ་མས་སྔ་མ་རྨང་གཞིར་བྱས་ནས་བྲིས་པ་དང་། ཐ་ན་བཤུ་འབྲི་བྱས་པའི་ཐོག་ཁ་གསབ་ཅུང་ཟད་རེ་བརྒྱབ་པའང་ཡོད་པས་ནང་དོན་ཐད་བསྐྱར་ཟློས་སུ་སོང་བ་ཅུང་མང་། ཐོག་མའི་དུས་སུ་ཁོ་བོས་དེ་དག་ཚང་མ་བོད་ཡིག་ཏུ་སྒྱུར་བར་དགོས་པ་མ་མཆིས་པར་བསམས་མོད། ཡང་གཅིག་བསམས་ན་བསྐྱར་ཟློས་སུ་སོང་བའི་ཁྲོད་ནས་ནང་དོན་མི་གཅིག་པའི་ཚིག་རྐང་མང་ཉུང་མི་འདྲ་བ་འགའ་རེ་ཡོད་པ་དག་ཀྱང་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་དུ་འགྱུར་ཡང་སྲིད་པར་སྙམ་ནས་ཚེགས་ཆེ་བར་མ་འཛེམས་པར་ཅུང་ཆ་ཚང་བར་བསྒྱུར་ཡོད།
རྒྱ་ཡིག་གི་མ་ཕྱིའི་ནང་མཆན་འགྲེལ་མང་པོ་བཀོད་ཡོད་པ་ལས་ཅུང་གལ་ཆེ་བར་བསམས་པ་རྣམས་བོད་ཡིག་ཏུའང་བསྒྱུར་ཡོད་ཅིང་། བསྒྱུར་བ་ཚང་མར་རྒྱ་ཡིག་མ་ཕྱིའི་མཆན་ཡིན་ཚུལ་གསལ་བཤད་བྱས་ཡོད། གནའ་དུས་ཀྱི་ས་མིང་དང་སྲིད་འཛིན་ས་ཁུལ་དང་ལས་ཁུངས་ཀྱི་མིང་། མི་རིགས་དང་རྒྱལ་ཁབ་ཀྱི་མིང་བཅས་ཕལ་ཆེ་བར་ཁོ་བོས་མཆན་བཏབ་ཡོད་པ་དང་། མཆན་དུ་ས་ཁུལ་དེ་དག་ད་ལྟའི་ཡུལ་གྲུ་གང་དང་གང་ཡིན་པ་སོགས་དཔྱད་གཞིའི་ཡིག་རིགས་ཁག་ལ་ཁུངས་བཅོལ་ཏེ་བྲིས་ཡོད། དེ་ཡང་ཁུངས་བཅོལ་ཡུལ་གཙོ་བོ《ཏུན་ཧོང་ནས་བྱུང་བའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》དང་། ཧྲང་ཧའེ་མིང་མཛོད་དཔེ་སྐྲུན་ཁང་གིས་བསྒྲིགས་པའི《མིང་གི་རྒྱ་མཚོ》ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཐན་ཆི་ཞང་གིས་གཙོ་སྒྲིག་བྱས་ཤིང་ཀྲུང་གོའི་ས་ཁྲ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྒྲིགས》 ཀྲུང་གོའི་ལོ་རྒྱུས་མིང་མཛོད་ཆེན་མོ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་ཤིང་ཧྲང་ཧའེ་མིང་མཛད་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོའོ་ལོ་རྒྱུས་མིང་མཛོད་ཆེན་མོ》ཧྥེང་ཐའོ་དང་སུང་ཀྲེན་ཧའོ་སོགས་ཀྱིས་བསྒྲིགས་ཤིང་གླིང་དགུའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ལོ་རྒྱུས་དེབ་ཐེར་ཉེར་དྲུག་གི་མིང་མཛོད་ཆེན་མོ》ཁྲེང་ཀོང་ཡུས་དང་ཞུ་ཧྲེང་མོ་སོགས་ཀྱིས་བསྒྲིགས་ཤིང་ཐེ་ཝན་གྱི་ཀྲུང་གོའི་རིག་གནས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོའི་ལོ་རྒྱུས་ས་ཁྲ》གློག་རྡུལ་པར་གཞིའི《ལོ་ངོ་ཁྲིའི་ལོ་ཐོ་ཆེན་མོ》ཝང་ཞིང་མིང་དང་ཀྲའོ་ཏེ་དབྱི་སོགས་ཀྱིས་བསྒྲིགས་ཤིང་མཐུན་སྒྲིལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོའི་དུས་རབས་རིམ་བྱུང་གི་གོ་ཐོབ་མིང་མཛོད》ཀའོ་ཝུན་ཏེ་སོགས་ཀྱིས་བསྒྲིགས་ཤིང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《ཀྲུང་གོའི་མི་རིགས་ལོ་རྒྱུས་མི་སྣའི་མིང་མཛོད》བཅས་དང་། གཞན་ཡང་དུས་རབས་མི་འདྲ་བའི་ནང་བྱུང་བའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་རིག་གཞུང་ཞིབ་འཇུག་གི་དེབ་དང་དཔྱད་རྩོམ་སྣ་ཚོགས་བཅས་ཡོན་ནོ།།
༢.གོ་ཐོབ་ཀྱི་མིང་བོད་ཡིག་ཏུ་སྒྱུར་ཐབས།
དེབ་ཐེར་འདི་དག་གི་ནང་དུ་རྒྱའི་བློན་པོ་དང་དམག་དཔོན་གྱི་གོ་ཐོབ་ཀྱི་མིང་ཧ་ཅང་མང་པོ་ཡོད་པ་རྣམས། མཐའ་གཅིག་ཏུ་སྒྲ་སྒྱུར་བྱས་ཚེ་ཧ་ཅང་ཀློག་མི་བདེ་བ་དང་གཅིག མ་གཞི་ནས་རྒྱ་ཡིག་ཤེས་པ་ཞིག་དང་རྒྱའི་སྲིད་དོན་དང་དམག་དོན་ཐད་ལ་ཆ་རྒྱུས་ཅུང་ཡོད་པ་ཞིག་མིན་ཚེ་སྒྲ་སྒྱུར་བྱས་པའི་གོ་ཐོབ་དེ་དག་དོན་དམ་ཇི་ལྟ་བུ་ཞིག་ཡིན་པ་ཚིག་ངོས་རང་ནས་རྟོགས་ཐབས་མེད་པ་དང་གཉིས་བཅས་ལ་བརྟེན། ཁོ་བོས་ཐོག་མར་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་དུས་སུ་བསྒྲིགས་པའི《སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང》ལས་རྒྱ་བོད་སྐད་གཉིས་ཟུར་དུ་བཏོན་པའི་མིང་མཛོད་དང་། 《ཏུན་ཧོང་ནས་བྱུང་བའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》གཙོར་གྱུར་པའི་ཏུན་ཧོང་གི་ཡིག་རྙིང་ཁག 《དབོན་ཞང་མོལ་བའི་རྡོ་རིང》སོགས་གཞིར་བཟུང་བ་དང་ཐ་ན《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མ་སོགས་ལའང་ཟུར་ལྟ་བྱས་ཐོག དེ་དག་གི་ནང་དུ་རྒྱའི་གོ་ཐོབ་ཀྱི་མིང་དོན་སྒྱུར་བྱས་ཡོད་པ་རྣམས་དེ་བཞིན་སྤྱོད་པའམ་ཟུར་ལྟ་དང་། དེ་དག་ཏུ་མེད་པ་རྣམས་རྒྱ་ཡིག་གི《ཀྲུང་གོའི་ལོ་རྒྱུས་མིང་མཛོད་ཆེན་མོ》དང་《ཀྲུང་གོའི་དུས་རབས་རིམ་བྱུང་གི་གོ་ཐོབ་མིང་མཛོད》སོགས་ལ་གཞི་བཅོལ་ཅིང་། གོ་ཐོབ་ཀྱི་མིང་དེ་དག་གི་དོན་དང་ལས་སུ་བྱ་བ། དབང་ཚན་སོགས་ལ་གཞིགས་ནས་ཕལ་ཆེ་བ་བོད་ཡིག་ཏུ་ཐད་སྒྱུར་དང་དོན་སྒྱུར་བྱས་མོད། ཕྱིས་སུ་ལོ་རྒྱུས་རིག་པའི་མཁས་པ་ལ་ལས་རིག་གཞུང་ཞིབ་འཇུག་གི་ངོས་ནས་དེ་ལྟར་བསྒྱུར་ན་མི་ལེགས་ཚུལ་གསུངས་ཤིང་། ཞིབ་ཏུ་བསམས་ན་དེར་ཡང་གནས་ལུགས་ཆེན་པོ་ཡོད་པར་སྙམ་ནས་ཕྱིས་སུ་ཡང་བསྐྱར་གོ་གནས་ཀྱི་མིང་ཕལ་ཆེ་བ་རྒྱ་ཡིག་གི་སྒྲ་སོར་བཞག་པ་དང་། གོ་གནས་ཀྱི་མིང་ཁག་ཅིག་གི་མཇུག་ཏུ་གསལ་བཤད་ལྟ་བུའི་མིང་ར་ཟླུམ་དུ་བཀོད་ཡོད། ཡིན་ན་ཡང་གནའ་དུས་ཀྱི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་དང་དཔོན་གནས་ལམ་ལུགས་མི་འདྲ་བ་དང་། གོ་གནས་ཀྱི་མིང་ཁག་ཅིག་གི་གོ་དོན་དེ་འགྱུར་ཡིག་ཚེག་ཁྱིམ་འགས་འཁྲུལ་མེད་ཆ་ཚང་ཞིག་མཚོན་དཀའ་བས་ན། ར་ཟླུམ་དུ་བཀོད་པའི་འགྱུར་མིང་རྣམས་ནི་ཀློག་མཁན་དཀྱུས་མས་གོ་བདེ་བའི་ཆེད་དུ་བཀོད་པ་ཙམ་ལས་མཐའ་གཅིག་ཏུ་གནད་ཁེལ་ཡང་དག་ཅིག་ཡིན་པར་གཞར་ཡང་རྗོད་མི་སྦོབས། དཔེ་ཆའི་མཇུག་ཏུ་མི་མིང་ས་མིང་གོ་ཐོབ་ཀྱི་མིང་བཅས་ཆ་ཚང་བོད་རྒྱ་ཤན་སྦྱར་དུ་བཀོད་ཡོད་པས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དང་ལོ་རྒྱུས་ལ་སྤྲོ་བ་ཡོད་པའི་ཀློག་མཁན་དཀྱུས་མ་གང་ཡིན་ཡང་སྟབས་བདེ་བཟོས་ཡོད།
༣.མི་མིང་དང་ས་མིང་སོགས་བོད་ཡིག་ཏུ་སྒྱུར་སྟངས།
རྒྱ་དང་མི་རིགས་གཞན་གྱི་མི་མིང་ས་མིང་སོགས་ལས་བོད་རང་ལ་སྔ་མོ་ནས་འབོད་སྲོལ་ཡོད་པ་རྣམས་དེ་བཞིན་བཀོད་པ་དང་། གཞན་དག་ཕལ་ཆེ་བརྒྱ་ཡིག་གི་སྒྲ་གདངས་ཇི་བཞིན་བོད་ཡིག་ཏུ་ཕབ་པ་ཡིན་མོད། མདོ་དབུས་ཁམས་གསུམ་གྱི་ཀློག་སྟངས་ལ་ཁྱད་པར་ཅུང་ཟད་ཡོད་པའི་རྐྱེན་གྱིས་ད་ལྟ་མི་རིགས་གཞན་གྱི་སྐད་དུ་ཡོད་པའི་མིང་བརྡའི་སྒྲ་བོད་ཡིག་ཏུ་འབེབ་དུས་མ་ཡིག་གི་མང་གཅིག་ལ་འགྱུར་མིང་མི་འདྲ་བ་དུ་མ་འབྱུང་བཞིན་ཡོད། ཐ་ན་ཞིང་ཆེན་གཅིག་གི་ལས་ཁུངས་སོ་སོའི་སྒྱུར་སྟངས་ཀྱང་མི་འདྲ་བའི་གནས་ཚུལ་བྱུང་དང་འབྱུང་མུས་སུ་མཆིས། དེ་ནི་རང་རེར་ངེས་པར་ཚད་མར་འཛིན་དགོས་པའི་འགྱུར་མིང་གི་ཚད་གཞི་ཞིག་ད་དུང་བཟོས་མེད་པས་ལན་མོད། དེ་ལྟའི་ཚད་གཞི་ཞིག་མ་བྱུང་བའི་སྔོན་དུ་གནས་སྐབས་སུ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད》ཀྱི་མཇུག་ཏུ་བཀོད་པའི་རྒྱ་ཡིག་གི་སྒྲ་གདངས་འབེབ་སྟངས་ལྟར་ཕབ་ན་དགོས་པ་ཆེ་བར་སྙམ་ནས་འདིར་ཡང་ཕལ་ཆེ་བ་རེའུ་མིག་དེ་ཉིད་གཞིར་བཟུང་བ་དང་། ཡང་དཔེར་ན扶州、鄜州、府州、抚州、浮州、复州ལྟ་བུའི་སྒྲ་འདྲ་བའི་མིང་དག་ལ་མཚོན་ན། ཚང་མར་ཧྥུ་ཀྲོའུ་ཞེས་བོད་ཡིག་ཏུ་ཁྱད་མ་ཕྱེ་བར་ཡིག་གཟུགས་གཅིག་ཏུ་ཕབ་ཚེ། སོ་སོའི་དབྱེ་བ་འབྱེད་དཀའ་ཞིང་མིང་བཏགས་པའི་དགོས་པའང་སྟོར་བར་འགྱུར་བས་དེ་དག་ཧྥུ་ཀྲོའུ། ཧྥུའ་ཀྲོའི། ཧྥོའུ་ཀྲོའུ། ཧྥོ་ཀྲོའུ། ཧྲོད་ཀྲོའུ་བཅས་སུ་ཕབ་པ་དང་། 渭州、维州、韦州、威州 ལྟ་བུ་དག་ཝེ་ཀྲོའུ། ཝི་ཀྲོའུ། ཝེས་ཀྲོའུ། ཝེད་ཀྲོའུ་ལྟ་བུར་ཕབ་པ་དང་། 山西 དང 陕西 凉州དང 梁州ལྟ་བུ་རྣམས་ཧྲན་ཞི་དང་ཧྲའན་ཞི། ལེང་ཀྲོའུ་དང་ལིའང་ཀྲོའུ་ཞེས་ཁྱད་ཕྱེ་ནས་བོད་ཡིག་ཏུ་ཕབ་ཡོད། ལར་ཧྥུ་དང་ཧྥུའ་གཉིས་དོན་ཐོབ་ཏུ་གཅིག་མཚུངས་ཡིན་ལ། ཧྲའན་དང་ལིའང་ལྟ་བུར་རྗེས་འཇུག་ན་དང་ང་ཡོད་བཞིན་དུ་བར་དུ་འ་སྦྱོར་བ་འདི་འདྲ་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་མི་མཐུན་པ་སྨོས་མ་དགོས་ཀྱང་། དགོས་དབང་གིས་དེ་ལྟར་མི་སྒྱུར་ཐུ་མེད་བྱུང་ལ་སྔོན་གྱི《རྒྱ་ནག་ཆོས་འབྱུང》སོགས་སུའང་དེ་ལྟར་བསྒྱུར་ཡོད་པ་དཔེར་བལྟས་པ་ཡིན། མིའི་མིང་དང་གོ་ཐོབ་ཀྱི་མིང་ཁག་ཅིག་གི་རྗེས་སུ“ཞེས་པ”དང་། “གོ་ཐོབ་ཅན” “དམག་དཔོན” “དཔོན་པོ” ལྟ་བུ་བསྣན་ཡོད་པ་ནི་སྐབས་བབས་ཀྱི་མིང་དེ་རྗོད་ཚིག་གཞན་དང་མ་འདྲེས་པར་གསལ་པོ་ཡོང་བའི་ཆེད་དུ་དེ་ལྟར་སྦྱར་བ་ཙམ་ལས་རྒྱ་ཡིག་གི་མ་ཕྱི་རང་ན་ནི་དེ་ལྟའི་གསལ་བཤད་ཀྱི་ཚིག་ཡོད་མི་སྲིད་པའང་མཁྱེན་པར་མཛོད།
རྒྱ་ཡིག་ཏུ་བྲིས་པའི་བོད་ཀྱི་མི་མིང་ས་མིང་ཚོ་བའི་མིང་ཕལ་ཆེ་བ《ལྡེའུ་ཆོས་འབྱུང》དང《ཆོས་འབྱུང་མཁས་པའི་དགའ་སྟོན》གྱིས་གཙོས་པའི་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཁག་དང་། ཏུན་ཧོང་ཡིག་རྙིང་། བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་སོགས་ལ་ཁུངས་བཅོལ་ནས་བོད་རང་གི་འབོད་སྟངས་ལྟར་བསྒྱུར་བ་སྨོས་མེད་དང་། ཡང་དཔེར་ན་རྒྱ་ཡིག་གི 羌 ཞེས་པའི་མིང་འདི་ཁོ་ནར་ཡོང་། རང་རེའི་མཁས་པ་ལ་ལས་འཇང་། ལ་ལས་སྤྱང་། ལ་ལས་ཁྱོམ། ལ་ལས་བྱང་། ལ་ལས་ཚང་སོགས་ངོས་འཛིན་སྟངས་སམ་སྒྱུར་སྟངས་མི་འདྲ་བ་མང་དུ་བྱུང་སྟེ་ད་ལྟའི་བར་ཡོངས་ཁྱབ་ཏུ་ཁས་ལེན་པའི་ལྟ་ཚུལ་ཞིག་ཆགས་མེད་པ་དང་། དེ་བཞིན་ཏང་ཞང་། ཐུ་ལུ་ཧུན། ཐན་ཁྲང་སོགས་ཀྱི་སྐོར་ལའང་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཡོད་མོད། འདིར་གནས་སྐབས་སུ་ཚང་མ་རྒྱ་ཡིག་གི་སྒྲ་སོར་བཞག་སྟེ་བོད་ཡིག་ཏུ་ཕབ་ཡོད། ཡང་བོད་སྐད་ཀྱི་མིང་ཡིན་པ་ཙམ་དཔག་ནུས་ཀྱང་དོན་དམ་པར་བོད་སྐད་བོད་ཡིག་ཏུ་ཇི་ལྟར་དབབ་དགོས་པ་ཐག་གཅོད་མི་ཐུབ་པའི་རིགས་རྣམས་དང་། བོད་ཀྱི་རྗེ་དཔོན་ལ་ལའི་མིང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་གཏན་ནས་མེད་པའམ། རེ་འགའི་མིང་ཡོད་དུ་སྲིད་མོད་ཁོ་བོ་ལྟ་རྒྱ་ཆུང་གཤིས་མ་རྙེད་པ་རྣམས་ཀྱང་འོལ་ཚོད་གྱིས་མ་བསྒྱུར་བར་རྒྱ་ཡིག་གི་སྒྲ་གདངས་ཇི་ལྟ་བ་བཞིན་བཀོད་ཡོད་ཅིང་། ཕྱིས་སུ་མཐུན་རྐྱེན་དང་གོ་སྐབས་ལྡན་ཚེ་དག་པར་འཆོས་རྒྱུའི་རེ་བ་བཅངས་ཡོད།(རྩོམ་འགན་པ། རྟ་མགྲིན)