རང་རེ་བོད་ལ་དུས་རབས་རིམ་བྱུང་གི་ལོ་རྒྱུས་སྨྲ་བ་ཚོས་བརྩམས་པའི་རྒྱལ་རབས་དང་ཆོས་འབྱུང་། དགོན་སྡེ་དང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས། གྲུབ་མཐའི་བྱུང་བ་དང་གདན་རབས་ཁྲི་རབས། རྣམ་ཐར་དང་རྟོགས་བརྗོད་སོགས་ལོ་རྒྱུས་བསྟན་བཅོས་འབོར་ཆེན་བཞུགས་པ་ནི། གཞན་དག་གླེང་མི་དགོས་པར《མདོ་སྨད་ཆོས་འབྱུང》གི་དབུ་རུ་བཀོད་པའི་དཔེ་ཐོ་བཀླགས་པ་ཙམ་གྱིས་ཀྱང་ཚུལ་དེར་ངེས་ཤེས་ཡག་པོ་འདྲོང་ཐུབ། ཁོང་ཅག་གིས་བརྩམས་པའི་ལོ་རྒྱུས་དེབ་ཐེར་ནི་གྲངས་འབོར་མང་བ་ཁོ་ན་ཙམ་མ་ཡིན་པར། སྤུས་ཀའི་ཆ་ནས་བཤད་ནའང་ལོ་རྒྱུས་བསྟན་བཅོས་ཕུལ་དུ་བྱུང་བ་མང་པོ་མཆིས། དེ་ནི་སྔོན་བྱོན་ལོ་རྒྱུས་སྨྲ་བ་ཚོས་རང་རེའི་མི་རིགས་འདིའི་ཤེས་རིག་འཕེལ་རྒྱས་ལ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་དང་། བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཕྱི་རབས་པ་ཚོར་དཔྱད་གཞིར་བསྐྱུར་བའི་གཅེས་ནོར་ཡིན་པས། ཁོང་ཅག་གི་འཕྲིན་ལས་འཛིན་སྐྱོང་སྤེལ་གསུམ་དང་། ལོ་རྒྱུས་བསྟན་བཅོས་དེ་དག་གི་རིན་ཐང་སྔོག་འདོན་གང་ཐུབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་སྣང་ལ། ང་ཚོས་བོད་ཀྱི་ལོ་རྒྱུས་སློབ་གཉེར་དང་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དུས་ནའང་། བོད་རང་གི་ལོ་རྒྱུས་བསྟན་བཅོས་ཚད་ལྡན་དེ་དག་གཞི་དང་རྩ་བར་འཛིན་འོས་པ་སྨོས་ཅི་དགོས།
ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་དེབ་ཐེར་དག་ལ་མི་འདང་བའི་ཆའང་འགའ་རེ་མཆིས། དེ་ལྟའི་སྐྱོན་ཡོན་གྱི་ཆ་གང་དང་གང་ཡང་སྐབས་དེའི་སྤྱི་ཚོགས་རིག་གནས་དང་ལོ་རྒྱུས་ཀྱི་གནས་བབ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་རག་ལས་ཡོད་པར་བརྟེན། ང་ཚོས་སྔོན་གྱི་ལོ་རྒྱུས་མཁན་པོ་དག་ལ་ཚད་ལས་བརྒལ་བའི་རེ་བ་ཆེན་པོ་འདོན་མི་འོས་ཤིང་འདོན་ཐབས་ཀྱང་མེད་མོད། མི་འདང་བའི་ཆ་གང་དང་གང་ཡོད་པ་དེ་ཨ་ཕའི་ཁ་ཕོར་ལ་ཞེན་སྟངས་ལྟ་བུ་མ་ཡིན་པར་བདེན་པ་བདེན་ཐུབ་དང་དྲང་པོ་དྲང་གཞག་གི་རྣམ་འགྱུར་བཅངས་ནས་ཁས་ལེན་འོས་པར་བསམས།
དེ་ཡང་བརྗོད་བྱའི་ཆ་ནས་བཤད་ན། བོད་ཀྱི་གནའ་བོའི་ལོ་རྒྱུས་དེབ་ཐེར་མང་ཆེ་ཤོས་ནི《རྒྱལ་རབས་གསལ་བའི་མེ་ལོང》དུ“རྗེ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་རི་སྙན་ཤལ་ཡན་ལ་གདུང་རབས་ཉི་ཤུ་རྩ་བདུན་ལ་ལོ་ལྔ་བརྒྱ་སོང་འདུག་པར་ངེས་ཟེར་ནའང་། ཆོས་དང་འབྲེལ་བའི་རྒྱལ་པོར་མི་འདུག་པས། ལོ་རྒྱུས་རྒྱས་པར་མ་བཀོད”ཅེས་གསུངས་པ་བཞིན་དམ་པའི་ཆོས་ཀྱི་བྱུང་འཕེལ་དང་དར་རྒུད། ཆོས་ལུགས་གྲུབ་མཐའ་ཁག་གི་གནས་ཚུལ་ལ་སོགས་པའི་སྐོར་གཙོ་བོར་བཀོད་པ་ལས། ལོ་རྒྱུས་རིག་པའི་ནང་དོན་གཙོ་བོ་ཁག་ཅིག་སྟེ། ཆབ་སྲིད། དམག་དོན། ཕྱི་འབྲེལ། དཔལ་འབྱོར། ཡུལ་སྲོལ། ཆོས་ལུགས་ལས་གཞན་པའི་རིག་གནས་བྱེ་བྲག་གི་སྐོར་བཅས་བཀོད་པ་ཧ་ཅང་ཉུང་བའི་ཚོད་དུ་སྣང་ཞིང་། ཡོད་པ་དག་ཀྱང་ལྷ་སྒྲུང་གི་རྣམ་པར་བྲིས་པ་མང་བས་ད་ལྟའི་ལོ་རྒྱུས་རིག་པའི་ལྟ་ཚུལ་གྱི་ངོས་ནས་བལྟས་ན་བརྗོད་བྱ་དང་འབྲི་སྟངས་ཀྱི་ཐད་དུ་ཞན་ཆ་ཡང་མི་ཉུང་བ་ཞིག་མཆིས།
དེ་བཞིན་དུས་ཀྱི་ཆ་ནས་བཤད་ན་གཉའ་ཁྲི་བཙན་པོའི་ཡན་གྱི་གནས་ཚུལ་ནི་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པའི་བཤད་ཡམས་ཐན་ཐུན་ཙམ་ལས་མེད་པ་དང་། གཉའ་ཁྲི་ནས་རྒྱལ་སྟག་རི་གཉན་གཟིགས་བར་དུ་རྒྱལ་རབས་ཀྱི་རིམ་པ་དང་བོད་རྗེ་གལ་ཆེན་འགའ་རེའི་མཛད་འཕྲིན་དང་གནས་ཚུལ་ཟུར་ཙམ་རེ་ཏུན་ཧོང་ཡིག་རྙིང་དང་ལོ་རྒྱུས་དེབ་ཐེར་གཞན་དག་ཏུ་བཀོད་ཡོད་མད་ཧ་ཅང་བསྡུས་དྲགས་པར་བརྟེན་སྐབས་དེའི་གནས་ཚུལ་གསལ་པོར་རྟོགས་རྒྱུ་ཧ་ཅང་དཀའ།
ཡང་ཡུལ་གྱི་ཆ་ནས་བཤད་ན་དབུས་གཙང་གཉིས་ལས་བོད་ཀྱི་ཡུལ་ཁམས་དང་མི་འབོར་གྱི་ཕྱེད་ཀ་བརྒལ་བའི་མདོ་ཁམས་སོགས་ཀྱི་གནས་ཚུལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་རྣམས་སུ་བཀོད་པ་ཅུང་ཉུང་བའི་ཚོད་དུ་སྣང་། དཔེར་ན་ཧ་ཅང་སྔ་མོའི་དུས་ནས་བོད་ཡུལ་གྲུ་ཁག་ཏུ་འཚོ་བའི་ཚོ་བ་ཁག་ཅིག་སྟེ། རྒྱས་ནུབ་ཆཱང་དུ་འབོད་པའི་བོད་ཤར་རྒྱུད་ཀྱི་ཚོ་བ་ཁག་དང་། འ་ཞ། སུམ་པ། ལྡོང་མི་ཉག པའེ་ལན། བུད་མེད་རྒྱལ་ཁབ། ཧྤུ་རྒྱལ་ཁབ། ཞང་ཞུང་ཆེ་ཆུང་། བྲུ་ཤ་ཆེ་ཆུང་སོགས་མདོ་ཁམས་དང་མངའ་རིས་བྱང་ཐང་སོགས་སུ་འཚོ་བའི་གནའ་བོའི་རྒྱལ་ཕྲན་དང་ཚོ་བ་རྣམས་ནི་བོད་ཅེས་པའི་མི་རིགས་འདིའི་གྲུབ་ཆ་སྙོན་དུ་མེད་པ་ཡིན་ལ། དེ་དག་གི་བྱུང་འཕེལ་དང་སྤྱི་ཚོགས་ཀྱི་གནས་ཚུལ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་གྲུབ་ཆར་སོང་ན་འགྲིག་མོད། ཕལ་ཆེ་བ་རང་རེའི་སྔོན་གྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་མིང་ཙམ་ལས་གླེང་མེད་པའམ་འགའ་རེའི་མིང་ཙམ་ཡང་བཀོད་མེད་ཚོད་དུ་གདའ། དེ་བཞིན་དཔེར་ན་དུས་རབས་བཅུ་གཅིག་པའི་དུས་སུ་བྱུང་བའི་མདོ་སྨད་ཙོང་ཁའི་རྒྱལ་རབས་ལྟ་བུ་ནི་བོད་སོལ་བུར་ཐོར་རྗེས་སུ་བྱུང་བའི་བོད་ཀྱི་སྲིད་དབང་ཆེ་གྲས་ཤིག་དང་། བོད་ཤར་རྒྱུད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་ལ་ཤུགས་རྐྱེན་ཆེ་བའི་སྲིད་དབང་ཞིག་ཡིན་ན་ཡང་། རང་རེའི་སྔོན་གྱི་ལོ་རྒྱུས་སུ་དེའི་སྐོར“གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཤིང་སྤྱན་སྔ་དོན་ཆེན་པ་ལ་སོགས་པའི་རྒྱལ་རྒྱུད་བྱུང”ཞེས་པ་ལྟ་བུའི་ཡིག་ཕྲེང་རེ་གཉིས་ཀྱིས་རྫོགས་པར་བྱས་ཡོད།
ལར་བོད་ཀྱི་ལོ་རྒྱུས་གླེང་སྐབས་དུས་ཡུན་རིང་པོར་བོད་ཀྱི་སྲིད་དང་རིག་གནས་ཀྱི་ལྟེ་བར་གྱུར་པའི་དབུས་གཙང་ཁུལ་གཙོ་བོར་བཟུང་ནས་བརྗོད་རྒྱུ་དེ་འོས་ཤིང་འཚམ་པ་སྨྲ་དགོས་མེད་ཀྱང་། བོད་ཅེས་པ་དབུས་གཙང་ཙམ་དང་། བོད་ཀྱི་ལོ་རྒྱུས་ཞེས་པ་དབུས་གཙང་གི་ལོ་རྒྱུས་ཙམ་དུ་བཟུང་ན་ནི་ཧ་ཅང་ཁྱབ་ཆུང་སོང་བ་སྟེ། མངའ་རིས་སྐོར་གསུམ་དང་། མདོ་སྟོད་སྨད། རྒྱལ་པོ་ཚ་བ་རོང་སོགས་བོད་ཀྱི་མཐའ་མཚམས་སུ་ཆགས་པའི་ཡུལ་གྲུ་དག་གི་གནས་ཚུལ་བོད་ཀྱི་ལོ་རྒྱུས་ཀྱི་ཁོངས་སུ་སྡུད་པ་ཐུབ་ཚེ། དེ་ནི་མིང་དོན་མཚུངས་ཤིང་ཆ་ལག་ཚང་བའི་བོད་ཀྱི་ལོ་རྒྱུས་ཤིག་ཏུ་བརྩི་དཀའ་བར་སེམས།
གོང་དུ་སྨྲས་ཟིན་པ་ལྟར་སྐབས་དེར་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་འཛོམ་མིན་གྱི་དབང་གིས་ང་ཚོས་སྔོན་གྱི་ལོ་རྒྱུས་མཁན་པོ་དག་ལ་བླང་བྱ་ཚད་ལས་བརྒལ་བ་འདོན་པར་མི་འོས་ནའང་། ད་ལྟ་མཐུན་རྐྱེན་ཅུང་འཛོམས་པའི་སྐབས་འདིར་བོད་ཀྱི་ལོ་རྒྱུས་རིག་པའི་ཞན་ཆ་གསབ་པའི་ཆེད་དུ་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བློ་རྒྱ་ཆེར་སྐྱེད་དང་། མིག་རྒྱང་རིང་དུ་བསྲིངས་ནས་བོད་རང་གི་དུས་སྔ་ཕྱི་མི་འདྲ་བའི་ནང་བྱུང་བའི་ལོ་རྒྱུས་ཡིག་རིགས་རྨང་གཞི་དང་སྲོག་ཤིང་དུ་བཟུང་བའི་ཐོག གནའ་བོའི་དུས་ནས་བོད་དང་འབྲེལ་འདྲིས་བྱུང་མྱོང་བའི་རྒྱ་དཀར་ནག་དང་ཨ་རབ། གྲུ་གུ་དང་ཡུ་གུར་སོགས་མི་རིགས་གཞན་གྱི་ལོ་རྒྱུས་ཡིག་ཆ་དག་ལའང་ཟུར་ལྟ་བྱས་ནས་བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཅུང་ཆ་ཚང་བ་ཞིག་ཡོང་བར་བརྩོན་རྒྱུ་དེ་འཕྲལ་ཡུན་གཉིས་ཀར་དགོས་གལ་ཆེ་བ་ཞིག་ཏུ་མཐོང་། དེ་ཡང་ཐོག་མར་མི་རིགས་གཞན་གྱི་ལོ་རྒྱུས་སུ་བཀོད་པའི་བོད་ཀྱི་སྐོར་རྣམས་བོད་ཡིག་ཏུ་བསྒྱུར་ནས་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཕུན་སུམ་ཚོགས་པར་གཏོང་དགོས་ཤིང་། མི་རིགས་གཞན་གྱི་ལོ་རྒྱུས་ལས་ཀྱང་ཆབ་སྲིད་དང་དམག་དོན། དཔལ་འབྱོར་དང་ས་བབ་བཅས་ཀྱི་རྐྱེན་ལས་རྒྱའི་གནའ་རབས་ཀྱི་ལོ་རྒྱུས་སུ་བོད་ཀྱི་གནས་ཚུལ་བཀོད་པ་ཅུང་མང་བ་སྟེ། རྒྱའི་སྲིད་དོན་དང་འབྲེལ་བ་བྱུང་བ་ཞིག་ཡིན་ཕྱིན་རྒྱའི་ལོ་རྒྱུས་གཙོ་བོར་རྗོད་པའི་ཞོར་དུ་བོད་ཀྱི་ལོ་རྒྱུས་དང་། བོད་དང་རིགས་རྒྱུད་ཀྱི་ཐད་ནས་འབྲེལ་བ་ཡོད་པའི་རྒྱལ་ཕྲན་དང་ཚོ་བ་དེ་དག་གི་ལོ་རྒྱུས་ཀྱང་རྒྱས་བསྡུས་ཅི་རིགས་སུ་བཀོད་ཡོད། ཁོ་བོས་བསམས་ན་དེ་དག་ནི་རང་རེའི་ལོ་རྒྱུས་ཀྱི་ཆད་པ་ཁ་སྐོང་བའི་དཔྱད་གཞིའི་ཡིག་རིགས་གལ་ཆེན་དུ་མཐོང་ཞིང་། རང་རེའི་གནའ་བོའི་དུས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ཟུར་ལྟའི་རིན་ཐང་ཆེན་པོ་མངའ་བས། དེ་དག་བོད་ཡིག་ཏུ་བསྒྱུར་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་ལས་ཤིག་ཏུ་སེམས། དེ་བཞིན་དུ་སྔོན་དུས་སུ་བོད་དང་འབྲེལ་འདྲིས་ཟབ་པའི་པར་སིག་དང་ཏ་ཟིག་ཨེ་ཤ་ཡ་དབུས་མ་དང་ནུབ་བྱང་གི་མི་རིགས་ཁག་གི་ལོ་རྒྱུས་ལས་ཀྱང་བོད་ཀྱི་སྐོར་མང་ཉུང་ཅི་རིགས་བཀོད་ཡོད་ཚུལ་ཐོས་མྱོང་བས། དེ་དག་ནམ་ཞིག་བོད་ཡིག་ཏུ་སྒྱུར་ཐུབ་པ་བྱུང་ཚེ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་དེ་མཚུངས་ཀྱི་དགེ་འབྲས་འབྱིན་པ་གདོན་མི་ཟ་སྙམ།
རྒྱ་སོགས་མི་རིགས་གཞན་གྱི་གནའ་བོའི་དུས་ཀྱི་གཞུང་ཕྱོགས་ཀྱི་དེབ་ཐེར་དུའང་མ་རྟོགས་ལོག་རྟོག་ལས་བྱུང་བའི་བཤད་ཡམས་ནོར་འཁྲུལ་ཅན་དང་། ཕྱོགས་ཞེན་དང་རིས་སུ་ཆད་པའི་ལྟ་ཚུལ་དང་། སྐབས་ཐོག་གི་སྲིད་ཀྱི་དགོས་མཁོ་སོགས་ཀྱི་དབང་གིས་གནས་ཚུལ་དངོས་དང་མི་མཐུན་པར་བྲིས་པ་སོགས་མང་དུ་མཆིས་པ་སྨོས་མ་དགོས་མོད། སྤྱིར་ན་རྒྱའི་གཞུང་ཕྱོགས་ཀྱི་ལོ་རྒྱུས་དེབ་ཐེར་དེ་དག་ནི་ལོ་རྒྱུས་འབྲི་མཁན་བློན་པོ་དག་གིས་སྐབས་ཐོག་དེ་རང་དུ་ཉིན་རེའི་བྱུང་བ་ཟིན་ཐོར་བཀོད་པ་དང་། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ཚོས་དེ་ཉིད་གཞིར་བཟུང་ནས་བསྒྲིགས་ཤིང་བརྩམས་པ་ཡིན་པས་ལྟོས་བཅས་སུ་བཤད་ན་ཡིད་རྟོན་རུང་བའི་ཚད་ཅུང་མཐོན་པོར་སོན་ཡོད། དེ་བས་ང་ཚོས་ལོ་རྒྱུས་ཡིག་ཆ་འདི་དག་དཔྱད་གཞིར་འཛིན་པའི་དུས་ན་རྟོག་དཔྱོད་མེད་པར་ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བའི་མཐའ་གཉིས་ལ་མི་ལྷུང་རྒྱུ་དེའང་ཤིན་ཏུ་གལ་ཆེ་བ་མང་དུ་སྨྲ་དགོས་ཅི།
བོད་ཡིག་གི་ལམ་ནས་བོད་ཀྱི་ལོ་རྒྱུས་སློབ་ཁྲིད་དང་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རང་རེའི་རིག་གནས་པའི་ཁྲོད་ན། བོད་མི་རང་གིས་བརྩམས་པའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་བསྟན་བཅོས་ཐད་ལ་མཁྱེན་དཔྱོད་ཡངས་པའི་མཁས་པ་མི་ཉུང་མོད། རྒྱའི་གནའ་བོའི་དུས་ཀྱི་བསྟན་བཅོས་ཀྱི་སྐད་དུ་བརྩམས་པའི་རྒྱ་ཡིག་གི་ལོ་རྒྱུས་དེབ་ཐེར་དག་ལ་གོ་བ་ཡང་དག་པར་ལོན་མཁན་ཅུང་དཀོན་པར་སྣང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་སྐུ་ཞབས་དོན་གྲུབ་རྒྱལ་དང་སྐུ་ཞབས་ཁྲིན་ཆིན་དབྱིན་གཉིས་ཀྱིས《ཐང་ཡིག་རྙིང་མ》དང《ཐང་ཡིག་གསར་མའི》ཁྲོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་བོད་ཡིག་ཏུ་བསྒྱུར་ནས་བཀྲམ་རྗེས། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་དེ་ཉིད་བཙན་པོའི་དུས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞིའི་ཡིག་རིགས་གལ་ཆེན་ཞིག་ཏུ་བརྩིས་ནས་ཟུར་ལྟ་མཛད་ཅིང་། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་དེ་འབྲེལ་གྱི་འབྲས་བུ་མི་དམན་པ་ལེན་ཐུབ་ཡོད།
དེར་བརྟེན ༢༠༠༣ ལོར་ཁོ་བོ་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་སུ་ལས་གནས་སྤོས་རྗེས་རྒྱའི་དེབ་ཐེར་མི་འདྲ་བ་ཁག་ཏུ་འཁོད་པའི་བོད་ཀྱི་སྐོར་རྣམས་བོད་ཡིག་ཏུ་བསྒྱུར་རྒྱུའི་འདུན་པ་སྐྱེས་ཏེ་དགོས་ངེས་ཀྱི་དཔྱད་གཞིའི་ཡིག་རིགས་འཚོལ་འགོ་བརྩམས་མོད། རྐྱེན་སྣ་ཚོགས་ཀྱི་དབང་གིས་ལས་ཀ་འདིའི་འགོ་རྩོམ་མ་ཐུབ་པར་དུས་ཡུན་རིང་ཙམ་འདས། སྤྱི་ལོ ༢༠༠༧ ནས་བཟུང་ཐོག་མར《ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས》ཁྲོད་ཀྱི་ནུབ་ཆཱང་གི་ལོ་རྒྱུས་དང་། 《སྲིད་སྐྱོང་མེ་ལོང》ཁྲོད་ཀྱི་བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ཀྱི་སྐོར་བོད་ཡིག་ཏུ་བསྒྱུར་བ་དང་། ༢༠༠༨ ལོར་མུ་མཐུད་དུ《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས》དང་ལྷོ་བྱང་རྒྱལ་རབས་དུས་ཀྱི《སུང་རྒྱལ་རབས་ཀྱི་ལོ་རྒྱུས》《ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས》《ལིའང་རྒྱལ་རབས་ཀྱི་ལོ་རྒྱུས》《ཝེ་རྒྱལ་རབས་ཀྱི་ལོ་རྒྱུས》《ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས》《སུའེ་རྒྱལ་རབས་ཀྱི་ལོ་རྒྱུས》《རྒྱལ་རབས་བྱང་མའི་ལོ་རྒྱུས》བཅས་དང་། 《ཐང་ཡིག》གསར་རྙིང་། 《རྒྱལ་རབས་ལྔའི་ལོ་རྒྱུས》གསར་རྙིང་།《ཐང་གི་ལམ་སྲོལ་གནད་བསྡུས》ལ་སོགས་པའི་ཁྲོད་ཀྱི་ཐུ་ལུ་ཧུན། ཏི། ཏང་ཞང་། བུད་མེད་རྒྱལ་ཁག་ཤར་ནུབ་གཉིས། ཞང་ཞུང་ཆེ་ཆུང་། སུམ་པ། ཧྥུ་རྒྱལ་ཁབ། ཀྲང་ཆིའུ་པ། སེ་རིབ་སོགས་བོད་ཀྱི་རྒྱལ་ཕྲན་དང་ཚོ་བ་ཆེ་གྲས་ཁག་གི་སྐོར། 《སུང་རྒྱལ་རབས་ཀྱི་ལོ་རྒྱུས》ཁྲོད་ཀྱི་མི་ཉག་རྒྱལ་ཁབ་ཀྱི་ལོ་རྒྱུས། ཏང་ཞང་གི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས། 《ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས》དང《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས》ཁྲོད་ཀྱི་མི་ཉག་རྒྱལ་ཁབ་ཀྱི་ལོ་རྒྱུས། 《ཧན་རྒྱལ་རབས་ཀྱི་ལོ་རྒྱུས》དང《ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས》ཁྲོད་ཀྱི་ལྷོ་ནུབ་མི་རིགས་ཀྱི་སྐོར་སོགས་བོད་ཡིག་ཏུ་སྒྱུར་བའི་ལས་ལ་ཞུགས་ཤིང་། ངལ་བ་མང་དུ་སྤྱད་པའི་མཐར་འགྱུར་མའི་དེབ་འདི་གསུམ་ཀློག་མཁན་གྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་།
མདོར་ན་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འདི་དག་བོད་ཡིག་ཏུ་སྒྱུར་བའི་དམིགས་ཡུན་ནི་གོང་དུ་སྨྲས་པ་ལྟར། བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་སྔར་བས་ཆ་ཚང་དང་ཕུན་ཚོགས་གྲ་རྒྱས་སུ་བཏང་ནས་བོད་ཀྱི་ལོ་རྒྱུས་རིག་པ་སྔར་མེད་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་བསྐྲུན་རྒྱུ་དང་། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་དཔྱད་གཞིའི་ཡིག་རིགས་མཁོ་འདོན། བོད་ཀྱི་ལོ་རྒྱུས་ལ་སློབ་གཉེར་བྱེད་པའི་སྤྲོ་བ་ཡོད་ཀྱང་རྒྱ་ཡིག་གི་མ་ཡིག་ཀློག་པའི་ཆ་རྐྱེན་མི་འཛོམ་པའི་ཀློག་མཁན་དཀྱུས་མ་རྣམས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན། ལར་ལོ་རྒྱུས་ཞིབ་འཇུག་གི་དགོས་པ་གཙོ་བོ་ནི་སྔོན་དུས་ཀྱི་བྱུང་བ་དང་དོན་རྐྱེན་གང་ཞིག་བསྐྱར་དུ་བརྗོད་རྒྱུ་ཙམ་མ་ཡིན་པར། སྣང་ཚུལ་ལམ་དོན་རྐྱེན་དེ་དག་གི་འབྱུང་རྐྱེན་འབྱུང་སྟངས་ཅི་འདྲ་ཡིན་པ་དང་མཐའ་འབྲས་ག་འདྲ་བསྐྱེད་པར་དཔྱད་པ་གཏོང་རྒྱུ་དང་། འདས་ཟིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་ཀྱིས་ད་ལྟ་དང་འབྱུང་འགྱུར་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཟུར་ལྟའི་ནུས་པ་འདོན་རྒྱུ་དེ་ཡིན་པར་བསམས་ལ། སྐྱེ་བོ་རང་མཚན་པ་ཞིག་ཡིན་ན་འདྲ། མི་རིགས་ཤིག་ཡིན་ན་འདྲ། རྒྱལ་ཁབ་ཅིག་ཡིན་ན་འདྲ། རང་ལ་སྐྱོན་ཡོན་གྱི་ཆ་གང་དང་གང་ཡོད་པ་དེ་རང་ངོས་ནས་ཡང་དག་པ་དང་ཆ་ཚང་བ་ཞིག་རྟོགས་དཀའ་བ་ཆོས་ཉིད་ལྟ་བུར་གྲུབ་པས། སྐྱེ་བོ་གཞན་དང་མི་རིགས་གཞན། རྒྱལ་ཁབ་གཞན་གྱི་མཐོང་སྣང་མཐོང་ཕྱོགས་དེ་རང་གཟུགས་མངོན་པའི་མེ་ལོང་དུ་འཛིན་པ་དེ་ཡང་སྐྱོན་སྤོང་དགེ་སྒྲུག་དང་སྔ་བྱུང་ཕྱི་འདོམས་ཀྱི་ཐབས་ལམ་རིགས་ཤིག་ཏུ་བརྩིས་ཆོག་ཅིང་། དེ་ཉིད་བླང་དོར་འཇུག་ལྡོག་མ་ནོར་བ་ཞིག་དང་རང་ཉིད་ཕུན་སུམ་ཚོགས་པར་བསྒྲུབ་པའི་མཐུན་རྐྱེན་ཞིག་ཏུའང་འགྱུར་རམ་སྙམ་པ་བཅས་ནི་ལོ་རྒྱུས་བསྟན་བཅོས་འདི་དག་བོད་ཡིག་ཏུ་སྒྱུར་བའི་ཐོག་མའི་ཀུན་སློང་དང་མཐར་ཐུག་གི་དམིགས་ཡུལ་ཡང་ཡིན།(རྩོམ་འགན་པ། རྟ་མགྲིན)