མདང་དགོང་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་འཁྲུངས་ནས་ལོ་བརྒྱ་འཁོར་བར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུ་བའི་བརྡ་ཐོ་ང་ལ་འབྱོར་དུས་དགོང་མོའི་ཆུ་ཚོད་བཅུ་གཅིག་ལ་སླེབས་འདུག ངའི་བསམ་པར་སང་ཉིན་སྔ་དྲོར་དེང་རབས་ནུབ་ཕྱོགས་རིག་རྩལ་གཞུང་ལུགས་ཀྱི་སློབ་ཁྲིད་ཆུ་ཚོད་གསུམ་དང་ཕྱེད་ཀར་ཡོད་སྟབས་རྗེས་དྲན་ཚོགས་འདུར་མི་ཞུགས་བསམ་ཞོར་ཕངས་པ་དང་བཅས་སློབ་མ་དེས་བསྐུར་ཡོང་བའི་བརྡ་སྦྱོར་ལ་ཡང་བསྐྱར་བལྟས་པ་ན། བོད་ཁུལ་ལྗོངས་ལྔ་ནས་མཁས་པ་བདུན་ཅུ་ལྷག་སྟེ། ཨ་ལགས་དོར་ཞི་རིན་པོ་ཆེ་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག ཨ་ཁུ་བློ་བཟང་ལྷུན་གྲུབ་རྡོ་རྗེ། སྟག་ཚ་སྤྲུལ་སྐུ་ཚང་། སྤྲུལ་སྐུ་འཇམ་པོ་ཚང་། ཟླ་བ་བློ་གྲོས་མཆོག ལྡོང་ཡོན་ཏན་རྒྱ་མཚོ་མཆོག རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་། རྒན་ལྷ་མཆོག་རྒྱལ། རྒན་པདྨ་འབུམ། རྒྱལ་མོ་འབྲུག་པ་སོགས་ལས་གཞན། དམ་པ་ཁོང་གི་སྐུ་ཚ་དགེ་བཤེས་བསླབ་གསུམ་རྒྱ་མཚོ་དང་སྐུ་སྲིང་བདེ་མཆོག་སྐྱིད་སོགས་ཕེབས་ཡོད་པ་མ་ཟད། སོ་སོས་གསུང་བཤད་གལ་ཆེན་གནང་རྒྱུ་རེད་ཟེར། ཕྲན་ནི་བསོད་ནམས་དམན་པའི་སྟབས་ཀྱིས་རྗེ་དམུ་དགེ་མཆོག་གི་ཞལ་གསུང་ལ་དངོས་སུ་རོལ་བའི་སྐལ་བཟང་མ་ལྡན་ཡང་། ཁོང་གི་སྐལ་ལྡན་བུ་སློབ་དེ་དག་གི་གསུང་ལ་ཉན་པའི་གོ་སྐབས་འདི་འཆོར་མི་ཉན་སྙམ་སྟེ། སྤྱི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཞོགས་པར་མྱུར་དུ་ལྷོ་ནུབ་མི་རིགས་སློབ་ཆེན་ལ་སོང་ནས་རང་གི་དགེ་བའི་བཤེས་གཉེན་དག་དང་བོད་ཀྱི་ཆེད་མཁས་མི་སྣ་རྣམས་ལ་མཇལ་བ་དེ་ནི་རང་ལ་མཚོན་ན་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཉིན་ཞིག་ཡིན།
ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་རིག་གཞུང་བགྲོ་གླེང་ཚོགས་རའི་ནང་དུ་བོད་ཡུལ་སོ་སོ་ནས་སླེབས་པའི་དགེ་སློབ་ཧ་ལམ་སྟོང་ཕྲག་གིས་ཐོག་མར་གསོལ་འདེབས་སྨོན་ཚིག ཚེ་རབས་རྗེས་འཛིན་མཉམ་དུ་བཏོན་རྗེས། ཐེངས་འདིར་སྐུ་དངོས་སུ་ཕེབས་མ་ཐུབ་པའི་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་དུ་མས་རྗེས་དྲན་ཚོགས་འདུར་ཕུལ་བའི་ཕྱག་བྲིས་དང་སྨོན་ཚིག་རེ་རེ་བཞིན་རས་གཞིའི་ངོས་ལ་བསྟན་པ་དེ་དག་ལས། གཙོ་བོ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་བོའི་ཕྱག་ཡིག་ལས་གཞན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་དགེ་བཤེས་འཇམ་དབྱངས་རྒྱ་མཚོ་མཆོག་དང་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་མཆོག གུང་ཐང་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་དཔལ་ལྡན་རྒྱ་མཚོ་མཆོག ཉི་ཧོང་ན་བཞུགས་པའི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་ཀྱི་སྐུ་འདྲ་དང་གསུང་སྐད་བརྙན་རིས་ལ་ཕབ་ནས་ཡོད།
སྔ་དྲོའི་མདོ་འཛིན་པ་རྒན་བན་གོ་ལགས་རེད། ཐོག་མར་སློབ་ཆེན་དེའི་སློབ་གཙོ་ཙིན་མེན(曾明)ལགས་ཀྱིས་རྗེས་དྲན་ཚོགས་འདུ་ལ་སྨོན་ཚིག་བརྗོད་རྗེས། ཨ་ཁུ་བློ་བཟང་གིས་གནད་ལ་ཁེལ་ཞིང་དོན་ལ་གནས་པའི་གཏམ་བཤད་གནང་། དེ་ནས་ཨ་ལགས་དོར་ཞི་མཆོག་གིས་རྗེ་དམུ་དགེ་ཚང་གཞན་དང་མི་འདྲ་ཚུལ་ཕྱོགས་གསུམ་ནས་གསུངས་པ་མདོར་བསྡུས་ན་འདི་ལྟར། བླ་བྲང་དགོན་པར་གྲྭ་བཙུན་སྟོང་ཕྲག་གསུམ་ཡོད་པའི་ནང་ན་དགེ་བཤེས་ཡང་མང་བོ་ཡོད་མོད། དམ་པ་ཁོང་ཉིད་གཞན་དང་མི་འདྲ།
དང་བོ། ཁོང་གིས་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་ལ་ཕྱག་རྗེས་བླ་ན་མེད་པ་བཞག་ཡོད།
གཉིས་པ། ཁོང་གིས་རིག་གསར་གྱི་ལོ་ཟླ་དམར་བོའི་ནང་ལ་བོད་ཀྱི་སྐད་ཡིག་དེ་འདྲའི་ཉམ་ཐག་ཅིང་ཉག་ཕྲ་བའི་སྐབས་སུ་མའོ་ཙེ་ཏུང་གི་གསུང་རྩོམ་སོགས་བོད་ཡིག་ལ་བསྒྱུར་བ་མ་ཟད། དྭགས་པོ་སོགས་མི་རིགས་གཞན་ལ་གཅོད་མཁན་དང་བྱེད་འབྲེལ་སོགས་སྐད་བརྡའི་ཆོས་ཉིད་གཏོར་མཁན་རྣམས་ལ་དགག་སྒྲུབ་དང་སུན་འབྱིན་དྲག་པོ་བྱས་པ་དེ་ནི་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་དང་སྤོབས་པ་ཡིན།
གསུམ་པ། ཁོང་དང་ཁོང་འདྲ་བའི་དམ་པ་མང་བོས་སྟོན་པའི་ན་བཟའ་ཕུད་དེ་སྐྱ་བོའི་གོས་ལྭ་མནབས་པར་ལོ་རྒྱུས་དང་རྒྱུ་མཚན་ཡོད་པ་ལས་རང་འདོད་ཀྱིས་ཕུད་པ་མ་རེད། འོན་ཀྱང་དགོན་སྡེ་དང་སློབ་གྲྭ་སོ་སོ་ནས་བཀའ་སློབ་མང་བོ་གནང་ཞིང་བུ་སློབ་མང་བོ་བསྐྱངས་ཏེ་བོད་ཀྱི་སྐད་ཡིག་དང་རིག་གནས་རླུང་ནང་གི་མར་མེ་ལྟ་བུའི་དུས་དེར་ཉམས་པ་སླར་གསོ་བྱེད་པར་བྱེ་ཐང་ལ་ཆུ་བོ་དང་སྨག་ནག་ལ་མར་མེ་མཛད་པ་དེ་ནི་ཁོང་གི་གཞན་དོན་དང་ལྷག་བསམ་ཡིན། མི་ལ་ཡོན་ཏན་ཡོད་པས་མི་ཆོག ལྷག་བསམ་དང་སྤོབས་པ། གཞན་དོན་དང་ཕན་སེམས་ཡོད་དགོས།
དམ་པ་ཁོང་ལ་དེ་དག་འཛོམས་པས། གཞན་དང་མི་འདྲ་བ་དང་བསམ་གྱིས་མི་ཁྱབ་པ་ཡིན་ཟེར་དོན་དེ་ཡིན་ཞེས་ཨ་ལགས་དོར་ཞིས་ནན་གྱིས་གསུངས།
དགེ་སློབ་སྟོང་ཕྲག་འདུ་བའི་ཚོགས་ར་དེར་གྲག་འགུལ་ཅི་ཡང་མེད་པར་ལྷིང་འཇགས་སེ་འདུག ངས་ཁོང་གི་གསུང་རྣམས་ཐོ་རུ་འགོད་ཞོར་སེམས་ལ། དགུང་ལོ་བརྒྱ་ཅུར་སོན་པའི་ཨ་ལགས་མཆོག་གི་གསུང་སྐད་སྙན་མོ་འདི་ཡང་ཡང་ཐོས་པའི་སྐལ་བ་ཇེ་ཉུང་ཡིན་བསམ་ནས་སེམས་རབ་ཏུ་སྐྱོ་ན་ཡང་ཨམ་གཙིགས་བསྡམས་ཏེ་མཆི་མ་ཁོང་ལ་བཞུར་དུ་བཅུག དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡོངས་འཛིན་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་སྟག་ཚ་སྤྲུལ་སྐུ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་སྔ་གཞུག་ཏུ་རྗེ་དམ་པ་ཁོང་སྐུ་བཞུགས་དུས་ཀྱི་ལོ་རྒྱུས་ཞིབ་མོར་བརྗོད་ཅིང་རླབས་ཆེན་མཛད་རྗེས་མང་བོ་གསུངས་པ་དེས་ང་དང་ང་འདྲ་བའི་བློ་མིག་དོག་པ་ཁྲོན་པའི་སྦལ་བ་རྣམས་ལ་རྗེས་དྲན་བྱེད་པའི་དོན་སྙིང་རྟོགས་པར་བྱས་པ་མ་ཟད། སྐྱེས་བུ་དམ་པ་རྣམས་ཀྱི་ལོ་རྒྱུས་མ་བརྟག་མ་དཔྱད་པར་དམན་སྨོད་དང་མཆིལ་ཞགས་འཕེན་མཁན་རྣམས་ལ་ཞེ་གཏིང་ནས་འགྱོད་བཤགས་བྱེད་པའི་གོ་སྐབས་བསྐྲུན་ཡོད་བསམས། ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་ཐོག་ཏུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མཉམ་དུ་འདྲ་པར་བསྐྱོན་ཏེ་སྔ་དྲོའི་ཚོགས་འདུ་མཇུག་རྫོགས།
སྟོན་མཇུག་གི་སྡོང་ལོ་སེར་བོ་རྣམས་རེ་རེ་བཞིན་ས་གཞིར་བབས་པ་དེས་ངའི་སེམས་ཀྱི་དྲན་སྣང་དྲག་ཏུ་བསྒུལ། རེད་ཡ། འདི་ཡང་ཆོས་ཉིད་དེ། སྙིང་སྟོབས་ཀྱི་ཁོ་ལག་རབ་ཏུ་རྒྱས་པའི་ལྗོན་སྡོང་འདི་དག་གིས་མི་ཡུལ་ལ་གསེར་ནག་གི་ལོ་མའི་སྦྲམ་བུ་བརྩིགས་པ་ནི་འཇིག་རྟེན་ལ་བཞག་པའི་བླ་ན་མེད་པའི་མཛད་རྗེས་མིན་ནམ། འདི་ཡང་ལྗོན་སྡོང་གི་ལྷག་བསམ་དང་སྙིང་སྟོབས་མིན་ནམ། ཡིན་ན་ཡང་། ཧོལ་རྒྱུག་ལ་དགའ་བའི་མིས་ནི་ལྷག་བསམ་ཀྱིས་བཞེངས་པའི་མཛད་རྗེས་ལ་རྡོག་བརྫིས་བྱེད་ཅིང་། འོལ་ཚོད་ལ་དགའ་བའི་མིས་ནི་སྙིང་སྟོབས་ཀྱིས་བསྐྲུན་པའི་གྲུབ་འབྲས་ལ་སོལ་ནག་བྱུགས་པ་དེ་དག་ནམ་ཡང་མུན་ནག་ལ་ཕྱོགས་པས་ཡིན།
ཕྱི་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀར་ཚང་མ་ཡང་བསྐྱར་ཚོགས་རར་ཞུགས། མདོ་འཛིན་པ་རྒན་འབུམ་སྐྱབས་ལགས་རེད། ཁོས་མི་རེ་རེས་ཆུ་ཚོད་སྐར་མ་བཅུ་རེའི་ནང་ལ་རང་གི་གླེང་གཞི་མདོར་བསྡུས་ནས་བརྗོད་རྒྱུའི་རེ་བ་བཏོན་པ་དང་། ཀུ་རེ་དང་བཅས་གཏམ་སྨྲ་པའི་མཁས་པ་རྣམས་རིམ་པ་བཞིན་ངོ་སྤྲོད་བྱས། སྤྱིར་དམ་པ་ཁོང་གི་སྐུ་ཚེ་གང་བོའི་མཛད་རྣམ་ཆུ་ཚོད་སྐར་བཅུ་ལྟ་ཞོག ཉིན་བཅུ་ལའང་བརྗོད་ཚར་བ་ཞིག་ག་ལ་ཡིན་མོད་དུས་ཚོད་ཀྱི་དབང་གིས་གཏམ་སྨྲ་མཁན་རྣམས་ཀྱིས་དེ་ལྟར་བྱེད་པ་ལས་ཐབས་མེད། ཕྱི་དྲོའི་གཏམ་སྨྲ་མཁན་ཐོག་མ་དམ་པ་ཁོང་གི་ཐུགས་སྲས་ཨ་ལགས་ཧྭར་བ་འཇམ་དབྱངས་བློ་གྲོས་ཚང་རེད། ཁོང་གིས་གཙོ་བོ་རྗེ་དམ་པ་ཚང་གིས་སྒྲ་རིག་པའི་ཐད་ནས་བཞག་པའི་ཕྱག་རྗེས་ཏེ། སློབ་དཔོན་རིན་པོ་ཆེའི་ཐུགས་དགོངས་བཞིན་ཁོང་གིས་ལོ་རབས་བརྒྱད་ཅུ་བར་པེ་ཅིང་ནང་བསྟན་སློབ་གྲྭ་སོགས་ནས་སྒྲ་རིག་པའི་བསླབ་གཞི་བསྒྲིགས་ཚུལ་དང་། དེའི་ཐད་ཀྱི་རྒྱུ་ཆ་མེད་པས་ལྷ་སར་མི་མངགས་ཏེ་ལོ་གཉིས་ལ་སྒྲ་ཀ་ཙན་དབྱངས་གསུམ་སྦྱངས་ཚུལ། སྒྲ་པ་ཎི་པའི་ཁྲིད་རྒྱུན་གང་ནའང་མེད་པས་ཕྱོགས་སོ་སོར་བཙལ་མཐར་ཨ་ཁུ་ཚེ་རྣམ་གྱི་དྲུང་དུ་ཁྲིད་རྒྱུན་ཞུས་ཏེ་པེ་ཅིང་ནང་བསྟན་སློབ་གྲྭར་སྒྲ་ཀ་ཙན་དབྱངས་གསུམ་མ་ཟད། སྒྲ་པ་ཎི་པ་དང་བཅས་རྒྱུད་ཁ་ཚང་ཉམས་པ་སོར་ཆུད་ཐུབ་པ་བྱུང་ཚུལ་སོགས་གསུངས།
དེ་རྗེས་སྒང་བ་བསམ་གཏན་བསྟན་པའི་རྒྱལ་མཚན་མཆོག་གིས་གསུང་བཤད་གནང་། ཁོང་ནི་རྗེ་དམུ་དགེ་རིན་པོ་ཆེའི་ཐུགས་ཟིན་སློབ་མ་དང་བརྒྱུད་འཛིན་པར་ཞལ་ནས་དངོས་སུ་གསུངས་ས་ཞིག་ཡིན་འདུག
སྤྲུལ་སྐུ་ཁོང་གིས་སློབ་དཔོན་རིན་པོ་ཆེས་བྱམས་བརྩེས་བསྐྱངས་ཚུལ་དང་ཁོང་ལ་ཐུགས་རེ་ཆེ་ཚུལ་སོགས་མི་སེམས་འགུལ་བའི་གསུང་མང་བོ་གནང་། མཐར་ཁོང་གིས་རང་ཉིད་དངོས་སློབ་ཡིན་པའི་ཆ་ནས་དམ་པ་ཁོང་གིས་གནང་བའི་ཡོན་ཏན་གྱི་ཆ་ཙམ་ཡང་སྤྱི་ཚོགས་ལ་འདོན་མ་ཐུབ་པས་ཡིད་སྐྱོ་བ་དང་ངོ་གནོང་དགོས་པའི་ཚུལ་ཡིན། ཡིན་ན་ཡང་རང་གི་བུ་སློབ་སྡུག་རུས་དང་བརྩོན་སེམས་ཡོད་པ། ཤེས་རབ་དང་ལྷག་བསམ་ཡོད་པ། མི་གཞི་ལེགས་ཤིང་ཤེས་འཇོན་གཉིས་འཛོམས་ཅན་ལྡོང་ཡོན་ཏན་རྒྱ་མཚོ་ལྟ་བུས་སྤྱི་དོན་གྱི་ཆེད་དུ་རང་ཉིད་ཀྱི་བདེ་སྡུག་བསྐྱུར་ཏེ་ལོ་ཡུན་མང་བོར་མི་རིགས་ཀྱི་དུང་སེམས་ཟབ་མོས་སློབ་མ་སྟོང་ཕྲག་མང་བོ་བསྐྱངས་པ་ནི་བླ་ན་མེད་པའི་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཀྱི་གནས་ཡིན་ཚུལ་ནན་བརྗོད་གནང་ཚེ། ཁོང་གི་གསུང་ལས་དགའ་སྐྱོ་འདྲེས་མའི་དྲང་བདེན་གྱི་གཙང་བོ་ཆེན་པོ་ཞིག་དྲག་ཏུ་བཞུར་གྱིན་འདུག་པ་ལྟ་བུ་དེས་ངའི་ཡ་ཆུང་ལ་འཁྱིལ་བའི་ཆུ་བོའི་རག་ཁ་ཤོར་ཏེ་མིག་ཟུང་ལས་ཐུར་ལ་ཁ་རོག་གེར་བཞུར། མ་ཟད་ངའི་མདུན་གྱི་གྲལ་ཤར་དང་བོ་ན་བཞུགས་པའི་རྒན་ལྡོང་ཡོན་ཡོན་ཏན་རྒྱ་མཚོ་ཁོང་གིས་ཀྱང་ཚུལ་ཁྲིམས་ཀྱི་དྲི་ཞིམ་འཐུལ་བའི་གཟན་གོས་དམར་སྨུག་གི་ཐུ་སྣེ་ཡིས་དྲག་ཏུ་བཞུར་བའི་ལྷ་ཆབ་དེ་ཡང་ཡང་འགོག་གིན་འདུག་ན་ཡང་། མི་གཞིའི་རྩ་དོན་སྲོག་ཏུ་ཀེར་ཞིང་བདེན་པའི་གནས་ལུགས་མིག་ལྟར་རྩི་བའི་གང་ཟག་རྣམས་ཀྱི་སེམས་པ་ནམ་ཡང་དྲང་བདེན་གྱི་སྔུན་ནས་བཞུར་སླ་བ་ཡིན་པས་གཙང་བོ་དེ་སུ་ཡིས་འགོག་ནུས།
དེ་ནས་རྒན་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་འགོ་བརྩམས། རྒན་འབུམ་སྐྱབས་ལགས་ཀྱིས་ཚོགས་ཞུགས་དགེ་སློབ་ཡོངས་ལ་ཁོང་མཚམས་སྦྱོར་བྱེད་པའི་སྐབས་སུ་མདོ་འཛིན་པ་ཁོང་ཡང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོའི་ཐོས་བརྩོན་དང་ཐུགས་སྟོབས་གླེང་བཞིན་མགྲིན་པ་བརྣངས་ཏེ་ངུ་ངག་ཤོར་སོང་། སྐབས་དེར་སྐད་སྒྲ་གཞན་ཅུང་ཙམ་ཡང་མི་ཐོས་པའི་ཚོགས་ར་ཧྲིལ་བོ་ན་སེམས་ཡོད་བསམ་ཤེས་ཀྱི་ཚོགས་མི་དང་དགེ་སློབ་མང་བོའི་སེམས་ཀྱི་གཙང་ཆེན་ཡང་དྲག་ནས་དྲག་ཏུ་འབབ་བཞིན་ཡོད་ཚོད་ཡིན།
རྒན་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཐོག་མར་ཚོགས་འདུ་ལ་ཞུགས་པར་རྒྱུ་རྐྱེན་དང་རྟེན་འབྲེལ་གང་ལེགས་འཛོམས་ཚུལ་ངོ་སྤྲོད་བྱས་རྗེས། བོད་ཀྱི་ཆོས་སྲིད་རིག་གནས་ཀུན་ལ་མཛད་རྗེས་གཞན་ལས་ཆེ་བའི་སློབ་དཔོན་ཐོན་མི་གཉིས་པའི་བཀའ་དྲིན་ཟུར་ཙམ་གླེང་བ་ཞེས་པའི་རྩོམ་བྱང་གཞི་བྱས་ཏེ་བློ་ཐོག་ནས་རྗེ་དམ་པ་ཁོང་གི་བཀའ་དྲིན་ཕྱོགས་གསུམ་ནས་བརྗོད།
དང་བོ། ཆོས་ཕྱོགས་ནས་ལོ་བཅུའི་གོད་ཆག་སྟེ་རིག་གནས་གསར་བརྗེའི་རླུང་ནག་འཚུབ་མའི་སྐབས་སུ། གོང་རིམ་ནས་བཀའ་བཀྱོན་ཅིང་ལན་རེར་དམ་པ་ཁོང་ཉིད་ཁྲོམ་སྐོར་ལ་ཁྲིད་དེ་སྟོན་པའི་ན་བཟའ་མནབས་པ་དང་བོད་ཡིག་བེད་སྤྱོད་བྱས་པར་དགག་པ་ཚ་བེར་བ་བརྒྱབ་རུང་དམ་པ་ཁོང་གི་རང་གཤིས་རྩ་བ་ནས་མ་འགྱུར་བར་དམ་ཚིག་དང་སྡོམ་པ་སྲོག་བཞིན་བསྲུངས་པར་མ་ཟད། དམ་པའི་ཆོས་ལྟ་ཞོག བོད་ཡིག་ཏིལ་འབྲུ་ཙམ་ཡང་མཐོང་མི་ཆོག་པའི་ལོ་ཟླ་དེའི་ནང་ཁོང་གིས། ཨེ་ཝམ་ཡིག་གསར་དང་ཨང་ཡིག་འབྲི་བའི་རེའུ་མིག་ཟེར་བ་ཞིག་གསར་བཏོད་བྱས་པའི་ཐབས་ལ་བརྟེན་ནས་ཁ་བཏོན་དགེ་སྦྱོར་སོགས་ཆོས་སྤྱོད་སྣ་ཚོགས་དང་། སུམ་རྟགས་དག་གསུམ་གྱི་རྩ་བ་དང་སྡོམ་ཚིག་བྲིས་ཏེ་བོད་ཀྱི་སྐད་ཡིག་གི་སྲོག་རྩ་དམ་པོར་བཟུང་བ་དེ་ནི་རིན་ཐང་གཞལ་དུ་མེད་པའི་མཛད་རྗེས་ཤིག་སྟེ། འདི་ནི་བོད་ལ་མཚོན་ན། གློག་ཀླད་འཛམ་གླིང་ཅན་དུ་གཏོང་མཁན་གྱི་པེར་ཀེ་ཚི(Bill Gates)དང་བོད་ཡིག་འཛམ་གླིང་ཅན་དུ་སྒྱུར་མཁན་གྱི་ཆོབ་ཟི(Steve Jobs)དང་ཆ་མཉམ་པའི་ཕྱག་རྗེས་རེད། ལྷག་པར་བསྟན་པ་ཕྱི་དར་གྱི་སྐབས་སུ་ཆོས་སྡེ་ཆེན་པོ་བླ་བྲང་དང་དམུ་དགེ་དགོན། དགོན་ལུང་དགོན། ཨ་མཆོག་མཚན་ཉིད་དགོན། ཆབ་མདོའི་དགོན་སོགས་དགོན་སྡེ་སོ་སོར་ཕེབས་ཤིང་གྲུབ་མཐའ་རིས་སུ་མ་ཆད་པར་དབང་ལུང་མན་ངག་གི་རྒྱུད་གནང་བ་སོགས་ནི་ཆོས་ཕྱོགས་ལ་བཞག་པའི་མཛད་རྗེས་ཡིན།
གཉིས་པ། རིག་གནས་ཀྱི་ཕྱོགས་ནས་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་ཚང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྨད་ཡུལ་ལ་སློབ་གྲྭ་ཐོག་མ་བཙུགས་ཤིང་བོད་ཀྱི་རིག་གནས་ཁྲིད་པའི་འཛིན་གྲྭ་བསྒྲུབས་དུས། ཁོང་དགེ་རྒན་ལ་བཞུགས་ཏེ་སློབ་ཁྲིད་གནང་མོད་དུས་འགྱུར་སོགས་ཀྱི་རྐྱེན་གྱིས་སློབ་གྲྭ་དེ་ཡུན་རིང་བོར་གནས་མ་ཐུབ་ན་ཡང་། དེང་གི་དྲུང་ཡིག་ཆེན་མོ་སྨོན་ལམ་དང་རྩིས་རམས་པ་ཆེན་པོ་རྗེ་བསམ་འགྲུབ་རྒྱ་མཚོ་སོགས་མཁས་དབང་མང་བོ་བསྐྱངས་པ་དེ་ནི་རིག་གསར་སྔོན་ལ་བོད་ཀྱི་རིག་གནས་དར་རྒྱས་ཆེད་བཞག་པའི་མཛད་རྗེས་རེད། དེ་ནས་ལོ་བཅུའི་གོད་ཆག་གི་དུས་སུ་བློ་གསལ་འཇུག་ངོགས་སོགས་བརྩམས་གནང་མཛད་ཅིང་། རྔ་བ་དང་མཛོ་དགེ་སོགས་ས་ཁུལ་མང་བོར་ཕེབས་ཏེ་རིག་གནས་སློབ་སྦྱོང་གི་འཛིན་གྲྭ་བཙུགས་པ་མ་ཟད། ལྷོ་ནུབ་དང་ཀྲུང་དབྱང་། ནུབ་བྱང་དང་ཟི་ཁྲིན་སོགས་མི་རིགས་སློབ་ཆེན་སོ་སོར་ཕེབས་ཏེ་བོད་ཀྱི་སློབ་མར་སྒྲ་དང་སྙན་ངག སྐར་རྩིས་དང་ལོ་རྒྱུས་བཅས་ཁྲིད་དེ་གཞོམ་གཞིག་བྲལ་བའི་བོད་ཀྱི་སེམས་ཁམས་གཙང་མ་དགེ་སློབ་མང་བོའི་སེམས་ལ་བཞག ལྷག་པར་བོད་ཀྱི་རིག་གནས་དར་རྒྱས་ཀྱི་ཆེད་དུ་བློ་གསལ་དགའ་སྟོན་དང་སུམ་རྟགས་ཀྱི་འགྲེལ་བ་བསྟན་པའི་སྒྲོན་མེ། དབྱངས་ཅན་སྒྲ་མདོའི་ཚིག་འགྲེལ་ཟླ་བའི་འོད་ཟེར། བློ་གསལ་འཇུག་ངོགས་སོགས་བསྟན་བཅོས་མང་བོ་བརྩམས་པ་དང་། དེ་ལས་ཀྱང་བློ་གསལ་འཇུག་ངོགས་ལ་མཚོན་ན་ད་བར་དུ་དཔར་ཐེངས་ཉི་ཤུ་ལྷག་ཡོད་པ་དེ་བསྡོམས་ན་དེབ་གྲངས་ཁྲི་ལྔ་བཅུ་ལ་ཉེ་སྲིད། བོད་ཡིག་གི་དཔེ་ཆ་གཅིག་དཔར་གྲངས་དེབ་སུམ་སྟོང་ལས་མི་རྒྱུགས་པའི་དུས་འདིར། དེ་འདྲའི་དེབ་གྲངས་མང་བོ་ཞིག་བོད་ཕྱི་ནང་དང་དགོན་སྡེ་སོ་སོའི་དཔྱད་གཞིའི་ཡིག་ཆ་དང་སློབ་དེབ་གཙོ་བོར་གྱུར་ཡོད་པ་དེ་ནི་རིག་གནས་ལ་བཞག་པའི་མཛད་རྗེས་ཆེན་པོ་ཡིན།
གསུམ་པ། སྲིད་ཕྱོགས་ནས་དམ་པ་ཁོང་ཉིད་རྒྱལ་ཁྲིམས་སྲུང་ཤེས་ལ་སྤྱི་དོན་གཉེར་མཁས་པ་ཞིག་ཡིན་པ་མ་གཏོགས། རང་བདེའི་ཆེད་དུ་གཞན་རྣམས་སྡུག་ལ་སྦྱོར་བའི་གཡོ་སྒྱུ་ཅན་གྱི་ཆབ་སྲིད་པ་ཞིག་མ་རེད། བོད་པའི་ལ་རྒྱ་འཛིན་ཤེས་པའི་དཔའ་བོ་ཞིག་རེད། དེའི་ཕྱིར་ཁོང་གིས། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་མཐོང་ཆུང་དང་དམན་སྨོད་བྱེད་མཁན་རྣམས་ལ་ཤེས་རབ་ཀྱི་རལ་གྲི་མཁའ་ལ་འཕྱར་ཏེ་དགག་བཞག་བྱས་ཡོད་ལ་སློབ་བུ་ཚོའི་བློ་ཡི་མུན་པ་དང་མ་རྟོགས་ལོག་འཛིན་གྱི་རྩ་བ་དྲུངས་ནས་ཕྱུངས་ཡོད།
རྒན་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་སྨྲ་ལྕེ་དག་ལ་རིགས་ལམ་གསལ་བ། གོ་རིམ་ལྡན་ལ་སྐད་ངག་ཡག་པའི་སྒོ་ནས་དམ་པ་ཁོང་གིས་ཆོས་སྲིད་རིག་གནས་ལ་བཞག་པའི་མཛད་རྗེས་རྣམས་རེ་རེ་བཞིན་བརྩིས་ཤིང་བསྒྲུབས་ཏེ་གནད་ལ་ཁེལ་བར་བརྗོད་པ་ནི། ཕྱི་རབས་པ་ཁ་ཤས་ཀྱིས་གང་འདོད་དུ་སྒྲོ་འདོགས་དང་སྐུར་འདེབས་བྱེད་པ་ལྟ་བུ་མ་ཡིན་པར་རང་ཉིད་ལ་ཆ་རྒྱུས་ཡོད་པའི་དོན་ངོ་མ་དག་ཡིན་པས་ཇི་འདྲའི་རིན་ཐང་ཆེ་བའི་ངེས་དོན་དང་བླ་ན་མེད་པའི་གསུང་བཤད་ཅིག་ཡིན་ཨང་།
དེ་ལྟར་རྒྱལ་མོ་འབྲུག་པ་ལགས་ཀྱིས། ཨ་ལགས་དུང་དཀར་མཆོག་དང་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་ནི་བསྟན་པ་ཡང་དར་ལ་མཛད་རྗེས་ཆེ་བའི་བོད་ཀྱི་མཁས་པ་མི་གསུམ་ཡིན་ཚུལ་དང་། རྒན་ཁ་སྒང་གིས། དམ་པ་ཁོང་གིས་སྒྲ་རིག་པར་བཞག་པའི་ཕྱག་རྗེས། ཡུམ་པ་ལགས་ཀྱིས། དམ་པ་ཁོང་གིས་སྐར་རྩིས་ལ་བཞག་པའི་ཕྱག་རྗེས། རྒན་གསང་བདག་ལགས་ཀྱིས། དམ་པ་ཁོང་གིས་ལོ་རབས་དྲུག་ཅུ་བ་ནས་བདུན་ཅུ་བར་ལོ་ཙཱའི་བྱ་བར་བཞག་པའི་ཕྱག་རྗེས། སྐལ་བཟང་ཐར་ལགས་ཀྱིས། དམ་པ་ཁོང་གིས་བོད་ཡིག་ངེས་འཛིན་སློབ་དེབ་སོགས་བརྩམས་གནང་མཛད་པ་དེས་གཞི་རིམ་གྱི་འདུ་ཤེས་མཚོན་པའི་ཐུགས་དགོངས་དང་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ཚུལ། ཤ་བོ་ཀླུ་རྒྱལ་ལགས་ཀྱིས། དམ་པ་ཁོང་གིས་བསྡུས་གྲྭའི་འཆད་ཉན་སྤེལ་ཚུལ་ལ་བཞག་པའི་མཛད་རྗེས་སོགས་རེ་རེ་བཞིན་བརྗོད་པ་རྣམས་ཚིག་གཅིག་ཏུ་བསྡུས་ནས་བཤད་ན། དུས་རབས་དང་ལོ་ཟླ་དེ་འདྲ་ཁག་པོའི་ནང་དུ་ཁོང་གི་བླ་ན་མེད་པའི་སྤྱི་སེམས་དང་སྙིང་སྟོབས་ཡོད་ཚད་ཁོང་གི་བུ་སློབ་མང་བོའི་སེམས་སུ་རྡོ་ལ་རི་མོ་བཞིན་བརྐོས་ཡོད་ལ། སྐལ་བ་དམན་པའི་ང་ཚོ་རྗེས་རབས་པ་རྣམས་ཀྱི་མིག་ལའང་མེ་ལོང་ལ་གཟུགས་རིས་བཞིན་ཤར་ཡོང་། དམ་པ་ཁོང་མཁས་བཙུན་བཟང་གསུམ་ཡིན་ཚུལ་དེ། དེང་གི་སྐད་ཆ་ལྟར་ན་མི་རིགས་ལ་དུང་ཞེན་ཟབ་ཅིང་འཐབ་རྩོད་ལ་མགོ་བོ་མི་སྒུར་བའི། བདེན་དོན་སྲོག་ལྟར་སྐྱོང་ཞིང་ལ་རྒྱ་མེ་བཞིན་འབར་བའི། མཁྱེན་རྒྱ་མཁའ་ལྟར་ཡངས་ཤིང་དམ་ཚིག་རི་བཞིན་བརྟན་པའི་ངེས་པ་དོན་གྱི་དཔའ་བོ་ཞིག་ཡིན་པ་རྟོགས་ཐུབ།
རྒན་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གསུངས་པ་བདེན་ཏེ། ཁོང་ནི་བོད་མི་རིགས་ཀྱི་པེར་ཀེ་ཚི་དང་ཆོབ་ཟི་རེད།
ངས་རྗེས་དྲན་ཚོགས་འདུའི་སྟེང་གི་མཐོང་ཐོས་མྱོང་གསུམ་ཐོ་རུ་འགོད་དུས་མིག་ཆུ་ཡང་ཡང་ཕྱི་ཞོར་སེམས་ལ། ཨ་ལགས་དུང་དཀར་མཆོག་དང་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག ཨ་ཁུ་རྡོ་བིས་ཤེས་རབ་རྒྱ་མཚོ་མཆོག ཨ་ཁུ་བསམ་གྲུབ་རྒྱ་མཚོ་མཆོག མཁས་དབང་དགེ་འདུན་ཆོས་འཕེལ་མཆོག པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག ཨ་ཁུ་ཡི་དམ་ཚེ་རིང་མཆོག ཁྲོ་རུ་ཚེ་རྣམ་མཆོག ཨ་ལགས་ཤར་གདོང་མཆོག དགེ་བཤེས་ཆེན་མོ་བློ་བཟང་རྒྱ་མཚོ་མཆོག འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག……བོད་གངས་ཅན་གྱི་ནམ་མཁའི་མཐོངས་སུ་འཚེར་མྱོང་བའི་སྐར་མ་འོད་ཆེན་འདི་དག་ནི་དྭངས་གཙང་ངང་འཕུར་མྱོང་བའི་བྱ་རྒྱལ་ཁྱུང་ཆེན་དག་རེད། ཞི་བདེ་དང་སྤྱི་དོན་འབའ་ཞིག་གི་ཆེད་དུ་བྱོན་མྱོང་བའི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དག་རེད། མི་རིགས་འདིའི་དར་རྒུད་དང་བདེ་སྡུག་གི་ཆེད་དུ་རང་དོན་ཡེ་ནས་འདོར་མཁན་ལྷག་བསམ་ཅན་གྱི་རྒྱལ་སྲས་དག་རེད། བོད་ཀྱི་དེང་རབས་ལོ་རྒྱུས་ནང་ལ་འཁྲུངས་པའི་རིག་པའི་དཔའ་བོ་དག་རེད། འོན་ཀྱང་འུ་ཚོས་ད་བར་དུ་ཁོང་རྣམ་པའི་ལོ་རྒྱུས་ཞིབ་མོ་ཞིག་དང་ཕྱག་རྗེས་གསལ་བོ་ཞིག་ཀྱང་རྟོགས་ཐུབ་མེད་པ་ནི་ཇི་འདྲའི་ནོངས་འགྱོད་སྐྱེ་དགོས་པ་ཞིག་རེད། ལྷག་བསམ་རྣམ་དག་གིས་ཁོང་རྣམ་པའི་བརྩོན་འགྲུས་དང་སྙིང་སྟོབས་ལ་ཡི་རངས་དང་སློབ་སྦྱོང་མ་བྱས་པར་སྤྱི་སེམས་དང་ལ་རྒྱ་ཁ་ནས་བཤད་པ་ཙམ་ལས་དོན་ཐོག་ལ་ཅི་ཡང་མ་ཞོག་པ་ནི་ཇི་འདྲའི་ངོ་ཚ་དགོས་པ་ཞིག་རེད། རིག་པས་མ་བརྟག་མ་དཔྱད་པར་ཁོང་རྣམ་པའི་མི་གཤིས་ལོག་བཤད་དང་མཛད་རྗེས་ལོག་འཛིན་བྱས་པ་ནི་ཇི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད།
པཎ་ཆེན་ཡོངས་འཛིན་ཤེས་རབ་རྒྱ་མཚོ་མཆོག་གིས་གསུངས་པ་བདེན་ཏེ། འུ་ཚོའི་བོད་ཅེས་པ་ནི་དེ་འདྲའི་ཅང་མི་ཤེས་པ་ཞིག་རེད་ཨང་།
དགོང་དྲོའི་ཆུ་ཚོད་དྲུག་ལ་ཉེ་དུས། རྒན་འབུམ་སྐྱབས་ལགས་ཀྱིས་ཐེངས་འདིའི་རྗེས་དྲན་ཚོགས་འདུའི་དགོངས་དོན་ཕྱོགས་བཅུ་དྲུག་ལ་བསྡུས་ནས་སྤྱི་སྡོམ་བྱས་རྗེས་མཇུག་བསྒྲིལ། དགོང་མོའི་གསོལ་སྟོན་དུ། ས་གནས་དང་ལས་ཁུངས་སོ་སོ་ནས་ཕེབས་པའི་མཁས་དབང་མང་བོ་དང་ཆེད་མཁས་མི་སྣ་མང་བོའི་ཁྲོད་ན། དམ་པ་ཁོང་གི་སྐུ་ཚ་དགེ་བཤེས་བསླབ་གསུམ་རྒྱ་མཚོ་དང་སྐུ་སྲིང་བདེ་མཆོག་སྐྱིད་བཞུགས་པ་དང་། ཁོང་གི་ཐུགས་ཀྱིས་བསྐྱངས་པའི་སྒྲ་རིག་པའི་འཛིན་གྲྭའི་བུ་སློབ་མང་བོ་དང་། ཚད་མ་རིག་པའི་འཛིན་གྲྭའི་བུ་སློབ་མང་བོ་ཡོད་པ་མ་ཟད། ད་དུང་དངོས་བརྒྱུད་གཉིས་ཀྱི་ཆ་ནས་ཁོང་གི་ཞལ་གསུང་བདུད་རྩིའི་ཉིང་བཅུད་འཐུང་ཐུབ་པ་བྱུང་བའི་སྐལ་ལྡན་བུ་སློབ་མང་བོ་འདུག་པས་སྨོན་པ་འཆོར། ཁོང་གི་བཀའ་དྲིན་གྱིས་བོད་ཀྱི་སྤྱི་ཚོགས་འདིའི་ལས་གནས་སོ་སོ་ན་མཁས་བཙུན་བཟང་གསུམ་ལྡན་པའི་བུ་སློབ་རྣམས་ཀྱིས་བོད་ཀྱི་བསྟན་པ་དང་རིག་གནས་མི་ཉམས་གོང་ལ་སྤེལ་བཞིན་ཡོད་པ་ནི་ཇི་འདྲའི་དགའ་འོས་པ་དང་བསྔགས་འོས་པ་ཞིག་རེད། ཁོང་གི་མཁྱེན་རྒྱ་མུ་མཐའ་བྲལ་བའི་ཨ་སྔོན་ཡིན་ཚེ། བུ་སློབ་རྣམས་བགྲང་ལས་འདས་པའི་སྐར་ཚོགས་རེད། ཁོང་གི་ཐུགས་དགོངས་ཁ་ཞེང་ཆེ་བའི་རྒྱ་མཚོ་ཞིག་ཡིན་ཚེ། བུ་སློབ་རྣམས་དབྱར་དུས་རྒྱས་པའི་ཆུ་བོ་རེད། ང་རང་དམ་པ་ཁོང་ལ་རྗེས་དྲན་ཞུ་བའི་ཚོགས་འདུ་ཆེན་པོ་འདིར་ཟུར་དུ་ཞུགས་པའི་གོ་སྐབས་རག་པར་སྐལ་བཟང་དང་བསོད་ནམས་ལ་སྒོམ་ཞོར། ཚོགས་འདུའི་ཐོག་མཐའ་བར་གསུམ་དུ་རང་ཉིད་ཐོར་འགོད་པ་ཞིག་གི་ཚུལ་གྱིས་མཐོང་ཐོས་མྱོང་བ་ཡོད་ཚད་ལ་སྒྲོ་འདོགས་དང་སྐུར་འདེབས་ཀྱིས་མ་ལྷད་པར་སྲོང་བོར་བྲིས་པའི་ཡིག་འབྲུ་འདི་དག་དགེ་བའི་རྒྱུ་རུ་འགྱུར་བར་ཐལ་མོ་སྙིང་གར་སྦྱར་ཏེ་སྨོན་ལམ་འདེབས་པ་ཡིན། ཞེས་སྤྱི་ལོ ༢༠༡༤ ལོའི་སྤྱི་ཟླ ༡༢ པའི་ཚེས ༡ ཉིན་ལ། དཔལ་མོས་ཁྲི་འདུ་ནས་ཕུལ་བའོ།(རྩོམ་འགན་པ། རྟ་མགྲིན)