ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གསོ་པུའུ་ཡིས་གྲ་སྒྲིག་སློབ་གསོའི་ཁྲོད་བྱེད་ཐབས་ལྔ་ཁྱབ་གདལ་གཏོང་རྒྱུའི་འཆར་གཞི་བཏོན།

2014-12-11 གཡང་སྒྲོལ།
  ཟླ ༡༠ པའི་ཚེས ༡༧ ཉིན་གསར་འགོད་པས་སློབ་གསོ་པུའུ་ཡི་དྲ་བ་ནས་རྒྱུས་ལོན་བྱུང་གསལ། ཉེ་ལམ་སློབ་གསོ་པུའུ་ཡིས་བུ་བཅོལ་ཁང"སློབ་ཆུང་ཅན"དུ་བསྒྱུར་བ་བཀག་འགོག་དང་། བུ་བཅོལ་ཁང་མང་པོ་མཁོ་སྤྲོད་བྱས་ནས་གྲ་སྒྲིག་སློབ་གསོའི་སློབ་གྲྭར་ཞུགས་དཀའ་བའི་གནད་དོན་ཐག་གཅོད་པར་དམིགས་པའི《དུས་རིམ་གཉིས་པའི་གྲ་སྒྲིག་སློབ་གསོའི་ལོ་གསུམ་ལས་འགུལ་འཆར་གཞི་ལག་བསྟར་སྐོར་གྱི་དགོངས་འཆར》(གཤམ་དུ《ལས་འགུལ་འཆར་གཞི》)ཞིག་བཏོན་ཞིང་། དེར་བུ་བཅོལ་ཁང་གི་ལྟ་སྐུལ་དོ་དམ་དང་། སློབ་ཁྲིད་ནང་དོན། གཞུང་གཉེར་བུ་བཅོལ་ཁང་དང་དམངས་ཕན་རང་བཞིན་གྱི་སྒེར་གཉེར་བུ་བཅོལ་ཁང་རྒྱ་བསྐྱེད་གནང་དགོས་པའི་ནང་དོན་སོགས་འདུས།《ལས་འགུལ་འཆར་གཞིའི》ནང་དུ ༢༠༡༦ ལོར་སླེབས་དུས་རྒྱལ་ཡོངས་ཀྱི་གྲ་སྒྲིག་སློབ་གསོའི་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི ༧༥ ཡན་ལ་སླེབས་དགོས་ཚུལ་བསྟན་ཡོད། ཐེངས་འདིར་བཏོན་པའི་སློབ་གསོ་པུའུ་ཡི་སློབ་སྔོན་སློབ་གསོར་ཁྱབ་གདལ་གཏོང་བྱའི་བྱེད་ཐབས་ལྔ་ནི་གཤམ་གསལ།
  གཅིག ཀུན་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་དང་གྲོང་ཤང་གཞུང་གཉེར་བུ་བཅོལ་ཁང་འཛུགས་བསྐྲུན་རྒྱ་བསྐྱེད་གནང་དགོས།
 
  ས་ཁུལ་དང་རྫོང་ཚད་གཞིར་བཟུང་ནས་བུ་བཅོལ་ཁང་གི་སྤྱིའི་བཀོད་སྒྲིག་འཆར་འགོད་གཏན་འབེབས་བྱས་ཏེ་གཞུང་གཉེར་བུ་བཅོལ་ཁང་སྐོར་ཞིག་རིམ་པ་བཞིན་གསར་འཛུགས་དང་རྒྱ་བསྐྱེད་ལས་ཀ་བཀོད་སྒྲིག་བྱེད་དགོས། ༢༠༡༥ ལོའི་ལོ་མཇུག་བར་དུ། གྲོང་བརྡལ་ཁག་ཏུ་རྒྱལ་ཁབ་དང་ས་གནས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བུ་བཅོལ་ཁང་མེད་པ་ཁ་གསབ་གནང་རྒྱུ་ཡིན་ཞིང་། དེ་ལས་དམངས་གཉེར་བུ་བཅོལ་ཁང་གི་བཀོལ་སྤྱོད་ས་ཞིང་དང་། ཁྲལ་བསྡུ་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཁར། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བུ་བཅོལ་ཁང་གཉེར་བར་བྱེད་ཐབས་ཅི་རིགས་འདོན་རྒྱུ་ཡིན། ༢༠༡༥ ལོའི་ལོ་མཇུག་བར་ལ་ས་གནས་སོ་སོས་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་གཉེར་པར་གཏན་འབེབས་དང་རོགས་སྐྱོར་བྱེད་ཐབས་འདོན་དགོས།
  གཉིས། སྒྲིག་ཁོངས་ཡོད་མེད་གང་ཡིན་རུང་དགེ་རྒན་གྱི་ངལ་རྩོལ་དང་གླ་ཆ་གཉིས་འདྲ་མཉམ་ཡོང་བ་བྱ་རྒྱུ།
 
  བྱེད་ཐབས་ཅི་རིགས་སྤྱད་ནས་བུ་བཅོལ་ཁང་གི་དགེ་བཟོ་བ་འཐུས་ཤོར་མི་ཡོང་བ་བྱེད་དགོས། དེ་ལས་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་གཞུང་གཉེར་བུ་བཅོལ་ཁང་གི་དགེ་བཟོ་བའི་སྒྲིག་ཁོངས་ཚད་གཞི་འདོན་རྒྱུ་ཡིན་མོད་ཀྱང་། བུ་བཅོལ་ཁང་སོ་སོའི་སློབ་མའི་ཆ་སྙོམས་ཀྱི་གྲངས་ཚད་ལྟར་ནོར་སྲིད་ཀྱིས་མ་དངུལ་དང་ཆེད་སྤྱོད་གསབ་དངུལ་སོགས་གནང་ནས་གཞུང་གཉེར་བུ་བཅོལ་ཁང་གི་སྒྲིག་ཁོངས་མེད་པའི་དགེ་རྒན་ལ་རྒྱབ་སྐྱོར་དང་། ཤང་གྲོང་ཕྱོགས་བསྡུས་བུ་བཅོལ་ཁང་གི་དགེ་རྒན་རྣམས་ཀྱི་གླ་ཕོགས་ཇེ་མཐོར་བཏང་ནས་རིམ་བཞིན་ངལ་རྩོལ་དང་གླ་ཆ་གཉིས་འདྲ་མཉམ་ཡོང་པར་བྱེད་དགོས།
  གསུམ། ༢༠༡༥ ལོའི་ལོ་མཇུག་བར་བུ་བཅོལ་ཁང་གི་དགེ་བཟོ་བ་ཡོངས་ཀྱི་ཆེད་ལས་ཟབ་སྦྱོང་མཇུག་སྒྲིལ་རྒྱུ།
 
  ས་གནས་ཀྱིས་གྲ་སྒྲིག་སློབ་གསོའི་དགེ་འོས་སློབ་མའི་རིན་མེད་སློབ་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་པར་ཡར་སྐུལ་བྱས་ཏེ། ཤང་གྲོང་བུ་བཅོལ་ཁང་ལ་གྲ་སྒྲིག་སློབ་གསོའི་ཆེད་སྦྱོང་རིམ་པའི་དགེ་རྒན་སྐོར་ཞིག་སྐྱེད་སྲིང་བྱེད་དགོས། ༢༠༡༥ ལོའི་ལོ་མཇུག་བར་ཏུ་ས་གནས་སོ་སོའི་བུ་བཅོལ་ཁང་གི་འགོ་གཙོ་དང་དགེ་རྒན་བཅས་ལས་མི་ཡོངས་ཀྱི་ཆེད་ལས་ཟབ་སྦྱོང་མཇུག་སྒྲིལ་རྒྱུ་ཡིན།
  བཞི། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སློབ་ཁྲིད་དངོས་ལ་འཇུག་པ་དམ་འཛིན་བྱེད་རྒྱུ།
 
  ས་ཁོངས་ཀྱི་སློབ་དཔྱོད་དང་བུ་བཅོལ་ཁང་རང་བདག་གིས་སློབ་དཔྱོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་གྱི་སྤུས་ལེགས་བུ་བཅོལ་ཁང་དང་ཞིང་གྲོང་གྲོང་བརྡལ་ལྟེ་གནས་ཀྱི་བུ་བཅོལ་ཁང་གི་དཔེ་སྟོན་དང་སྐུལ་འཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཁར། སློབ་ཆུང་གི་ལོ་རིམ་དང་པོ་ནས་བཟུང་སློབ་ཁྲིད་དངོས་ལ་འཇུག་པའི་སྲོལ་དམ་འཛིན་བྱས་ནས་བུ་བཅོལ་ཁང་གིས་སློབ་ཆུང་གི་སློབ་ཚན་ཁྲིད་པ་བཀག་འགོག་བྱ་རྒྱུ།
  ལྔ། བུ་བཅོལ་ཁང་གི་ཁྱིམ་བདག་ཨུ་ལྷན་ལམ་ལུགས་འཐུས་ཚང་འཛུགས་དགོས།
 
  ས་གནས་སོ་སོའི་ཉིན་རྒྱུན་དོ་དམ་དང་སྐབས་ཐོག་འདེམ་བཤེར་ལམ་ལུགས་ཆ་ཚང་བཙུགས་ཏེ། བུ་བཅོལ་ཁང་གི་ལོ་འཁོར་ཞིབ་བཤེར་དང་ཆ་འཕྲིན་སྤྱི་བསྒྲགས་ལམ་ལུགས་ལག་བསྟར་བྱ་རྒྱུ། བུ་བཅོལ་ཁང་གིས་དུས་གཏན་ནང་རང་སྐྱོན་རང་བཤེར་ལམ་ལུགས་དང་ཁྱིམ་བདག་ཨུ་ལྷན་གྱི་ལམ་ལུགས་འཐུས་ཚང་བཙུགས་ཏེ། བུ་ཕྲུག་དང་ཁྱིམ་བདག་གི་ཁེ་ཕན་ལ་འབྲེལ་བའི་དོན་དག་ཐད་ནས་ཐོག་མར་ཁྱིམ་བདག་ཨུ་ལྷན་གྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་དགོས།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག